Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

བལ་ཡུལ་ནང་སྒེར་གྱི་སློབ་གྲྭ་ཁག་ཏུ་རྒྱ་ཡིག་སློབ་འཇུག་བཞིན་པ།  

རྒྱ་ནག་གཞུང་གིས་བལ་ཡུལ་སློབ་གྲྭ་ཁག་ཏུ་རྒྱ་ཡིག་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་ཚོར་གླ་ཕོགས་སྤྲོད་རྒྱུར་དང་ལེན་བྱེད་རྐྱེན་དེང་སྐབས་ཁུལ་དེའི་སྒེར་པའི་སློབ་གྲྭ་ཆེ་ཁག་ ༡༥ ལྷག་ནང་སློབ་ཕྲུག་ཚོར་རྒྱ་ཡིག་ངེས་པར་དུ་སློབ་འཇུག་བཞིན་འདུགཉེ་ཆར་བལ་ཡུལ་ནང་གི་བརྒྱུད་ལམ་ཁག་གཅིག་ཏུ་གནས་ཚུལ་ཐོན་པར་རྒྱ་གཞུང་གིས་འདས་པའི་ལོ་མང་ནས་བལ་ཡུལ་སྲིད་གཞུང་ལ་རྒྱ་ནག་དང་ལྷན་དུ་འབྲེལ་ལམ་གོང་མཐོར་གཏོང་དགོས་པ་དང་རྒྱ་ནག་གི་རོགས་སྐྱོར་གང་མང་དང་ལེན་བྱེད་དགོས་པར་གནོན་ཤུགས་སྤྲད་ཡོད་པ་མ་ཟད། རྒྱ་ནག་དང་ལྷན་དུ་རྒྱུད་གཅིག་ལམ་གཅིག་གི་གྲོས་མཐུན་བཞག་པ་དང་དེ་བཞིན་བལ་བོད་ས་མཚམས་སུ་ཡོད་པའི་གཞུང་གི་སློབ་གྲྭ་ཁག་ཏུ་རྒྱ་རིགས་དགེ་རྒན་ཆེད་གཏོང་གིས་བལ་པོའི་སློབ་ཕྲུག་རྣམས་ལ་རྒྱ་སྐད་དང་རྒྱ་ཡིག་སློབ་ཁྲིད་བྱེད་འཇུག་བཞིན་ཡོད་པའི་ཁྲོད་འདི་ལོ་རྒྱ་གཞུང་གིས་སྔར་དང་མི་འདྲ་བའི་ཁུལ་དེར་ཡོད་པའི་ Rato Bangala དང་ Little Angels ལ་སོགས་པའི་མི་སྒེར་པའི་སློབ་གྲྭ་ཆེ་ཁག་མང་པོའི་ནང་རྒྱ་ཡིག་དགེ་རྒན་ཆེད་གཏོང་གིས་ཁོང་ཚོར་གླ་ཕོགས་སྤྲད་རྒྱུ་དང་ལེན་བྱས་ཏེ་རྒྱ་ཡིག་ངེས་པར་དུ་སློབ་ཁྲིད་བྱེད་དགོས་པའི་སྒྲིག་ཁྲིམས་བཟོས་པ་མ་ཟད་སློབ་ཕྲུག་ཚོར་རྒྱ་ཡིག་ངེས་པར་དུ་སྦྱང་འཇུག་བཞིན་འདུགསྤྱིར་བལ་ཡུལ་གཞུང་གིས་ཡུལ་དེའི་སློབ་གྲྭ་ཁག་གི་བསླབ་གཞི་དང་སློབ་ཚན་འཆར་འགོད་གཏན་འབེབས་དང་འབྲེལ་བའི་རྩ་འཛིན་ལ་གཞིགས་ན། བལ་ཡུལ་གྱི་སློབ་གྲྭ་ཁག་ཏུ་ཕྱི་རྒྱལ་གྱི་སྐད་ཡིག་གང་རུང་སློབ་ཁྲིད་བྱ་ཆོག་ཀྱང་སློབ་ཚན་དེ་དག་སློབ་ཕྲུག་ཚོར་ངེས་པར་དུ་སྦྱོང་དགོས་པ་རིགས་གང་ཡང་བཟོ་ཆོག་གི་མེད་པ་གསལ་ཡོད་པ་མ་ཟད། སློབ་ཁག་དེ་དག་གི་ངོས་ནས་གོང་གི་རྩ་འཛིན་དེའི་སྐོར་མཁྱེན་རྟོགས་ཡག་པོ་ཡོད་ནའང་རྒྱ་གཞུང་གིས་སློབ་ཁག་དེ་དག་ནང་རིན་མེད་ཐོག་རྒྱ་ཡིག་དགེ་རྒན་མཁོ་སྤྲོད་བྱེད་ཀྱི་ཡོད་པའི་རྒྱུ་མཚན་གྱིས་གནད་དོན་དེའི་ཐད་སྣང་མེད་དུ་བཞག་ཡོད་པ་མངོན་གསལ་གནང་འདུག སློབ་གྲྭའི་བསླབ་གཞིའི་རྩ་འཛིན་གཞིར་བཟུང་སློབ་གྲྭ་ཁག་ནང་འཛིན་གྲྭའི་དུས་ཚོད་སྐབས་སུ་ནམ་ཡང་ཕྱི་རྒྱལ་སྐད་ཡིག་གང་ཡང་སློབ་ཁྲིད་གནང་ཆོག་གི་མེད་པ་གསལ་པོ་འཁོད་ཡོད་ཀྱང་། ད་བར་སློབ་གྲྭ་དེ་དག་གི་ངོས་ནས་རྩ་འཛིན་དེར་དོན་དངོས་ཐོག་དང་ལེན་གནང་མེད་པ་འགྲེལ་བརྗོད་བྱས་འདུགགཞི་རྩའི་ཁེ་ན་ཌ་དང་ཨ་རི་གཙོ་གྱུར་ཕྱི་རྒྱལ་ཁབ་དུ་མའི་ནང་རྒྱ་ནག་གི་ཁུང་ཙི་སློབ་གླིང་བརྒྱུད་ནས་བོད་དང་ཐེ་ཝན། དེ་བཞིན་ཤིན་ཅང་སོགས་ཀྱི་གནས་ཚུལ་ལ་འཁྱོག་བཤད་དྲིལ་བསྒྲགས་སྤེལ་བཞིན་པ་མ་ཟད། སྤྱི་ཡོངས་ནས་རྒྱལ་སྤྱིའི་སྟེང་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་གྲུབ་ཁྱབ་སྤེལ་བྱེད་བཞིན་ཡོད་ཀྱང་། ཉེ་བའི་ལོ་ཤས་ནང་བཟུང་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་ཁུང་ཙི་སློབ་གླིང་དང་འབྲེལ་ཐག་གཅོད་དགོས་པའི་ཞུ་གཏུག་དང་ངོ་རྒོལ་དུ་མ་གནང་ཡོད། འདི་ལོའི་གྲོས་ཚོགས་སུ་ཁུང་ཙི་སློབ་གླིང་ལ་ཁ་གཏད་གཅོག་དགོས་པའི་བགྲོ་གླེང་དང་ལྷག་དོན་ཁུང་ཙི་སློབ་གླིང་དེས་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་པར་སྐྱོན་བརྗོད་གནང་མཁན་མང་དུ་འགྲོ་བཞིན་ཡོད་སྟབས། ད་ཆ་ཨ་རི་དང་ཡུ་རོབ་སོགས་སུ་ཁུང་ཙི་སློབ་གླིང་གི་བསྟི་གནས་ཁང་མང་དག་ཅིག་སྒོ་རྒྱག་བཞིན་ཡོད་པ་རེད།

བོད་ཁུལ་དུ་སྤྱི་གླིང་གསར་རྒྱག་གིས་འབྲོག་ཁྱིམ་གནས་སྤོར་གྱི་གནས་བབ་ཛ་དྲག་ཏུ་འགྱུར་བཞིན་པ།

བོད་ནང་འདས་པའི་ལོ་ངོ་ ༢༠ ནང་རྒྱ་ནག་གིས་ཁག་གཡོག་འདྲ་མིན་གྱི་འོག་ནས་བོད་ཁུལ་གྱི་འབྲོག་ཁྱིམ་སྟོང་ཕྲག་མང་པོ་བཙན་དབང་གིས་གནས་སྤོར་གྱི་སྲིད་བྱུས་ལག་བསྟར་བྱས་ཏེ་ཞིང་འབྲོག་ཁྱིམ་མང་པོ་གྲོང་རྡལ་དུ་གནས་སྤོར་བྱས་པའི་ཁྲོད་བོད་ཁུལ་གྱི་གནམ་གཤིས་ལ་འགྱུར་ལྡོག་ཆེན་པོ་ཞིག་འགྲོ་བཞིན་པ་མ་ཟད། བོད་ཁུལ་གྱི་རང་བྱུང་སྐྱེས་ཁམས་ལའང་རང་བཞིན་གྱིས་གྱོང་གུད་ཐེབས་བཞིན་ཡོད་པ་རེད། གནས་ཚུལ་དེ་དང་འབྲེལ་ནས་ཨོ་གླིང་གི་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ཀྱི་ཁོར་ཡུག་གི་ཆེད་མཁས་པ་སྐུ་ཞབས་Gabriel Lafitte ལགས་དང་ཚོགས་པའི་འགན་འཛིན་དང་བོད་མི་མང་སྤྱི་འཐུས་ལས་ཐོག་གདོང་འདུས་སྐྱིད་འཛོམས་ལགས། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Simon Bradshaw ལགས་བཅས་ཀྱིས་ཐུན་མོང་ཐོག་ནས་ལས་བོད་ནང་གི་འབྲོག་ཁྱིམ་གནས་སྤོར་གྱི་ལས་གཞི་དེ་སྔར་ལས་ཛ་དྲག་རང་བཞིན་དུ་འགྱུར་ཉེན་ཡོད་སྐོར་སྙན་ཐོ་ཞིག་འདོན་སྤེལ་གནང་སྟེ་བོད་ཁུལ་དུ་རྒྱལ་ཡོངས་རང་བཞིན་གྱི་སྤྱི་གླིང་ཆེ་ཁག་བཞི་གསར་རྒྱག་གི་ལས་འཆར་སྒྲིག་ཡོད་པར་བརྟེན། བོད་ནང་གྱི་འབྲོག་ཁྱིམ་གནས་སྤོར་གྱི་ལས་གཞི་དེ་སྔར་ལས་ཛ་དྲག་ཆེ་བའི་ངོ་བོར་གྱུར་ཡོད་པར་མངོན་གསལ་གནང་འདུགཨོ་གླིང་གི་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ཀྱིས་ཐེངས་འདིའི་སྙན་ཐོར་ཕྱི་གླིང་བ་ཞིག་གི་ངོས་ནས་བལྟས་ན་རྒྱལ་ཡོངས་ཀྱི་སྤྱི་གླིང་འཛུགས་སྐྲུན་གྱི་ལས་གཞི་དེ་ནི་ཁོར་ཡུག་སྲུང་སྐྱོབ་དང་སྐྱེས་ཁམས་བདག་གཉེར་གྱི་ལས་གཞི་ཞིག་ཏུ་མཐོང་སྲིད་ནའང་། རྒྱ་ནག་གི་སྤྱི་གླིང་གསར་རྒྱག་གི་ལས་གཞི་དེའི་རྒྱབ་ཏུ་བོད་ཁུལ་གྱི་ས་གནས་འབྲོག་ཁྱིམ་སྟོང་ཕྲག་མང་པོའི་སྲོལ་རྒྱུན་གྱི་འཚོ་བའི་ལམ་ལུགས་ལ་གཏོར་བཅོམ་བཏང་ཡོད་པ་མ་ཟད། སྤྱི་གླིང་གསར་རྒྱག་ས་ཁུལ་དུ་ཡུལ་མི་མང་པོ་ཞིག་བཙན་དབང་གིས་གྲོང་རྡལ་དུ་གནས་སྤོར་བྱེད་དུ་འཇུག་གི་ཡོད་སྟབས་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་པ་ཁག་གིས་ངེས་པར་དུ་བོད་ནང་གི་འབྲོག་རི་གནས་སྤོར་གྱི་སྲིད་བྱུས་དེར་ཤེས་རྟོགས་གནང་བ་བརྒྱུད་ནས་རྒྱ་ནག་གི་ལས་གཞི་དེ་གང་མགྱོགས་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག བོད་མི་མང་སྤྱི་འཐུས་གདུང་འདུས་སྐྱིད་འཛོམས་ལགས་སུ་བོད་ཁུལ་གྱི་སྤྱི་གླིང་གསར་རྒྱག་དེས་བོད་མིའི་འཚོ་བར་ཤན་ཤུགས་ཅི་འདྲ་ཞིག་ཐེབས་ཀྱི་ཡོད་པའི་ཐད་ལ་བཅར་འདྲི་ཞུས་པར་འབྲོག་པ་མང་ཚོགས་གྲོང་རྡལ་དུ་གནས་སྤོར་བྱེད་དུ་བཅུག་ཚེ་ལོ་ངོ་སྟོང་ཕྲག་རིང་གི་ཕྱུགས་ཟོག་འཚོ་སྐྱོང་གི་སྲོལ་རྒྱུན་གྱི་ལམ་ལུགས་དེར་འགྱུར་བ་ཆེན་པོ་ཞིག་ཐེབས་རྒྱུ་ཡིན་པ་མ་ཟད། སྤྱི་ཡོངས་ནས་བོད་ནང་གི་ཆོས་དཔལ་རིག་གསུམ་ལ་གྱོང་གུད་འཚབ་ཆེན་ཞིག་ཐེབས་རྒྱུ་ཡིན་པར་ངོ་སྤྲོད་གནང་ཡོད།

རྒྱལ་མཚན་ནོར་བུ་ལག་ཆར་སྤྱོད་ནས་བོད་མིའི་འཚོ་བ་བདེ་སྐྱིད་ལྡན་པར་སྒྲུབ་བཞིན་པ།

ཕྱི་ཟླ་ ༥ པའི་ནང་དུ་རྒྱ་ནག་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུས་ཐེ་ལན་ཌིར་བསྐྱོད་དེ་ཡུལ་དེའི་ནང་པའི་སློབ་ཆེན་ཁག་ཏུ་ཕྱིན་ནས་ཆོས་ལུགས་དང་འབྲེལ་བའི་གཏམ་བཤད་བྱས་འདུགདེ་རིང་ཕྱི་ལོག་གི་གསར་ཁང་ཞིག་གིས་གནས་ཚུལ་སྤེལ་བར་རྒྱལ་མཚན་ནོར་བུ་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་བསྐོ་གཞག་བྱས་ཡོད་པ་ཁོང་ཐེངས་དང་པོ་རྒྱ་ནག་གི་ཕྱི་ཕྱོགས་ཐེ་ལན་ཌིར་ཕྱོགས་སྐྱོད་བྱས་ཡོད་པ་རེད། རྒྱལ་མཚན་ནོར་བུ་ཐེ་ལན་ཌིར་སྐྱོད་ནས་ཕྱིར་རྒྱ་ནག་ཏུ་འབྱོར་རྗེས་ཁོང་གིས་རྒྱ་ནག་གི་གསར་ལམ་ཁག་ཏུ་ཐེངས་དེའི་ཕྱིར་སྐྱོད་བརྒྱུད་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་དེ་རླབས་ཆེན་ཡིན་པ་མ་ཟད། མི་མང་གི་དཔལ་འབྱོར་གྱི་གནས་བབ་ཇེ་བཟང་དུ་འགྲོ་བཞིན་ཡོད་པ་ཤེས་རྟོགས་བྱུང་ཡོད་སྐོར་བརྗོད་དེ་དམར་ཤོག་གཞུང་ལ་ཐུགས་རྗེ་ཆེ་ཞུས་ཡོད་ཚུལ་བཀོད་འདུག དེ་བཞིན་རྒྱ་ནག་གིས་པཎ་ཆེན་རྒྱལ་མཚན་ནོར་བུ་ཕྱི་ལོག་ཏུ་མངགས་དོན་ནི་བོད་མི་གཙོས་ཕྱི་རྒྱལ་བ་དག་གིས་༸གོང་ས་མཆོག་ལ་དད་གུས་ཆེན་པོ་ཡོད་པ་བཞིན་པཎ་ཆེན་རྒྱལ་མཚན་ནོར་བུར་ཡང་དེ་ལྟ་བུའི་དད་གུས་རག་རྒྱུའི་རེ་བ་རྒྱག་གི་ཡོད་པ་བཀོད་འདུག གསར་འགོད་པས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་ཐེངས་འདི་རྒྱལ་མཚན་ནོར་བུའི་ཐེ་ལན་ཌིའི་འགྲུལ་བཞུད་དང་འབྲེལ་ནས་རྒྱ་ནག་གིས་ཁོང་ཕྱི་ལོགས་ཏུ་མངགས་དོན་གང་ཡིན་མིན་བཅར་འདྲི་ཞུས་པར་རྒྱ་ནག་གིས་རྒྱལ་མཚན་ནོར་བུ་སྤྱོད་ནས་ཕྱི་ལོགས་སུ་བོད་བཅིངས་བཀྲོལ་བཏང་ནས་ལོ་ངོ་དྲུག་ཅུ་འཁོར་བ་དང་ཆོས་ལུགས་ཀྲུང་གོ་ཅན་ལ་བསྒྱུར་བ། རྒྱལ་གཅེས་ཆོས་གཅེས་གསུམ་གྱིས་མཚོན་པའི་ད་ལྟའི་བོད་མི་རིགས་དེ་རྒྱ་ནག་གི་དབང་སྒྱུར་འོག་ཏུ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད་པའི་དྲིལ་བསྒྲགས་སྤེལ་སླད་དུ་ལས་རིམ་དེ་སྒྲིག་པ་ཞིག་རེད་ཅེས་གསུངས་ཡོད།དེ་བཞིན་ཉེ་སྔོན་༸པཎ་ཆེན་ཆུང་སྲིད་རིན་པོ་མཆོག་རྒྱ་ནག་གིས་བཙན་ཁྲིད་བྱས་ནས་མི་ལོ་ཉེར་བཞི་འཁོར་བའི་དུས་དྲན་གྱི་མཛད་སྒོ་ཞིག་བཞུགས་སྒར་དུ་འཚོགས་ཡོད་པ་ལྟར། བཙན་བྱོལ་ནང་གི་ཚོགས་སྡེ་ཁག་གི་མགྲིན་ཚབ་པས་གླེང་སློང་ཤུགས་ཆེན་བྱས་སོང་། སྐབས་དེར་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཞོན་ཆོས་གྲགས་རྒྱ་མཚོ་ལགས་ཀྱིས་བོད་མི་ཚོས་རྒྱལ་མཚན་ནོར་བུ་ལ་དད་གུས་བྱེད་ཀྱི་མེད་པ་དེ་ལྟར་ཡང་། ཕྱོགས་གཞན་ཞིག་ནས་དུས་རྒྱུན་ནས་ཁོང་ལ་མཚན་སྨད་ཞུས་པ་ཡིན་ན། ནམ་ཞིག་ཁོང་གིས་ཀྱང་རང་ཉིད་བོད་པ་ཞིག་ཡིན་པ་བརྗེད་ནས་རྒྱ་ནག་གི་ལག་ཆ་ངོ་མ་ཞིག་ཏུ་འགྱུར་ཉེན་ཡོད་པ་བཤད་ཡོད་པ་རེད། རྩ་བའི་༸པཎ་ཆེན་ཆུང་སྲིད་རིན་པོ་མཆོག་དགུང་ལོ་དྲུག་གི་ཐོག་༸གོང་ས་༸སྐྱབས་མགོན་རིན་པོ་མཆོག་གིས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཨེར་ཏི་ལི་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཡང་སྦྲུལ་འཁྲུལ་མེད་ཡིན་པར་ངོས་འཛིན་མཛད་མ་ཐག་རྒྱ་ནག་གིས་ཆུང་སྲིད་རིན་པོ་ཆེ་མཆོག་གི་སྐུ་འཁོར་དང་བཅས་པ་བཙན་ཁྲིད་བྱས་ནས་མི་ལོ་ཉེར་བཞི་འཁོར་བཞིན་ཡོད་ཀྱང་། ད་ལྟའི་བར་བོད་མི་དག་གི་ངོས་ནས་ཆུང་སྲིད་རིན་པོ་ཆེ་༸སྐུ་འཚོ་བཞུགས་ཡིན་མིན་གྱི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པ་རེད། འོན་ཀྱང་རྒྱ་ནག་གིས་ཁོང་རྒྱ་ནག་གི་ནང་དུ་སློབ་གྲྭ་འགྲིམ་བཞིན་ནས་མི་མང་དཀྱུས་མའི་འཚོ་བ་རོལ་བཞིན་ཡོད་པ་བརྗོད་ཡོད་པ་རེད། ཉེ་སྔོན་གྱི་ཚོགས་འདུའི་ཐོག་ཏུ་བོད་རྒྱལ་ཡོངས་མང་གཙོ་མང་ཚོགས་པའི་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་ཀྱིས་རྒྱ་ནག་གིས་༸པཎ་ཆེན་ཆུང་སྲིད་རིན་པོ་མཆོག་བཙན་ཁྲིད་བྱས་པར་བརྟེན། མ་འོངས་པར་ཁོང་རྒྱ་ནག་གིས་གློད་བཀྲོལ་བཏང་ཡང་ཁོར་ཡུག་དང་གནས་བབ་མང་པོ་ཞིག་གི་རྐྱེན་གྱིས་ཁོང་གིས་བོད་ཀྱི་ཆོས་དཔལ་རིག་གསུམ་གྱི་ཐོག་ལ་མཛད་འཕྲིན་སྐྱོང་ཐབས་བྲལ་བ་རེད་ཅེས་གསུངས་ཡོད།

བཀྲ་ཤིས་དབང་ཕྱུག་ལགས་དང་ཁྲིམས་རྩོད་པ་ཐུག་འཕྲད་གནང་བར་མུ་མཐུད་ནས་བཀག་སྡོམ།

བོད་མིའི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་སུ་རྒྱ་གཞུང་གིས་སྔ་ལོ་ཁྲིམས་བཤེར་དང་འབྲེལ། བཙོན་འཇུག་བྱས་ནས་ད་ལྟའི་ཆར་ལོ་གཅིག་འཁོར་ཡོད་ཀྱང་རྒྱ་གཞུང་གིས་ཁོང་གི་ཁྲིམས་རྩོད་པ་སྐུ་ཞབས་ Lin Qilei ལགས་དང་ཐུག་འཕྲད་གནང་བར་མུ་མཐུད་བཀག་སྡོམ་བྱེད་བཞིན་ཡོད་པ་རེད་འདུག ཁ་སང་ཚེས་ ༡༠ ཉིན་ Free Tibet དྲྭ་གནས་ཐོག་བཀྲ་ཤིས་དབང་ཕྱུག་ལགས་སུ་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༢ ཉིན་རྒྱ་གཞུང་གིས་རྒྱལ་ཁབ་ཁ་བྲལ་གཏོང་རྒྱུའི་ཀུན་སློང་སྤེལ་བའི་ཉེས་མིང་འོག་ལོ་ལྔའི་ཁྲིམས་ཐག་བཅད་པ་དང་སྦྲགས།  ཁྲིམས་རྩོད་པ་སྐུ་ཞབས་ Lin Qilei ལགས་ནས་བཀྲ་ཤིས་དབང་ཕྱུག་ལགས་དང་ཐུག་འཕྲད་སླད་རྒྱ་གཞུང་ལ་རེ་སྐུལ་ལན་མང་ཞུས་ཡོད་པ་དང་། ད་ཆ་ཁོང་ལ་ཁྲིམས་བཤེར་དང་བཙོན་འཇུག་བྱས་ནས་ལོ་གཅིག་འགྲོ་བཞིན་ཡོད་ཀྱང་རྒྱ་གཞུང་གིས་ཁྲིམས་རྩོད་པ་སྐུ་ཞབས་ Lin Qilei ལགས་ལ་བཀྲ་ཤིས་དབང་ཕྱུག་ལགས་དང་ཐུག་འཕྲད་གནང་བར་མུ་མཐུད་བཀག་སྡོམ་བྱེད་མུས་ཡིན་སྐོར་ཆེད་བཀོད་གནང་འདུགརྩ་བའི་བཀྲ་ཤིས་དབང་ཕྱུག་ལགས་བཙོན་ཁང་ནང་ཡོད་སྐབས་ཁོང་གི་པཱ་ལགས་འདས་གྲོངས་སུ་གྱུར་ཡོད་པ་དང་། ཁྲིམས་རྩོད་པ་ Lin ལགས་ཀྱིས་གནས་ཚུལ་དེ་བཙོན་ཁང་གི་ཉེན་སྲུང་ལ་བཀྲ་ཤིས་དབང་ཕྱུག་ལགས་སུ་མཁོ་སྤྲོད་ཡོང་བ་ཞུས་འདུག་པ་མ་ཟད།  སྐུ་ཞབས་ Lin Qilei ལགས་ཀྱིས་དེ་སྔ་ Free Tibet ཚོགས་པར་བཀྲ་ཤིས་དབང་ཕྱུག་ལགས་ནས་ཉེས་པ་གང་ཡང་བསགས་མེད་ཀྱང་རྒྱ་གཞུང་གིས་ཁོང་ལ་ཁྲིམས་ཐག་བཅད་པ་ནི་རྒྱ་ནག་གི་ཁྲིམས་ལུགས་ཀྱི་སྐྱོན་ཆ་ཞིག་དང་ཁྲིམས་ལུགས་དེའང་ཆབ་སྲིད་ཁོ་ནའི་བཏང་འཛིན་འོག་བཀོད་བྱུས་བྱེད་ཀྱི་ཡོད་པ་གསུངས་འདུག  སྤྱིར་རྒྱ་གཞུང་ནས་འདས་ལོའི་ཟླ་བ་ ༡༡ ནང་བཀྲ་ཤིས་དབང་ཕྱུག་ལགས་དང་ཁོང་ཉིད་ཀྱི་སྤུན་ཉེ་འབྲེལ་ཕན་ཚུན་ཐུག་འཕྲད་གནང་བཅུག་ཀྱང་ཁྲིམས་རྩོད་པ་སྐུ་ཞབས་ Lin Qilei ལགས་ཀྱིས་རྒྱ་གཞུང་གིས་གནོན་ཤུགས་དང་དམ་དྲག་འོག་སྤུན་ཉེ་འབྲེལ་ནས་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གནས་བབ་སྐོར་ཡོངས་གྲགས་སྒོ་ནས་གསུང་མི་ཕོད་པ་དང་སྒོས་ད་ཆ་རྒྱ་གཞུང་གིས་ཁོང་ལ་ཁྲིམས་ཐག་བཅད་ནས་ལོ་གཅིག་འགྲོ་བཞིན་ཡོད་ཀྱང་ང་ཚོའི་ཁོང་གི་འཕྲོད་བསྟེན་དང་གནས་བབ་ཅི་འདྲ་ཞིག་གི་འོག་ཏུ་གནས་ཡོད་པ་སོགས་ཤེས་རྟོགས་གང་ཡང་མེད་སྟབས། ང་ཚོས་ཁོང་གི་གནས་བབ་དང་འབྲེལ་བའི་སྤྱི་བསྒྲགས་སྤེལ་རྒྱུར་ཆེས་དཀའ་བའི་གནས་ཤིག་ཆགས་ཡོད་པ་གསུངས་འདུགགཞི་རྩའི་བཀྲ་ཤིས་དབང་ཕྱུག་ལགས་ནི་ཁམས་ཡུལ་ཤུལ་ནས་ཡིན་པ་དང་། ཁོང་གིས་དེ་སྔ་རང་གནས་ས་ཁུལ་དུ་རྒྱ་གཞུང་གིས་སློབ་གྲྭ་ཁག་ཏུ་བོད་ཡིག་སློབ་ཁྲིད་བྱེད་རྒྱུ་དེ་མེད་པ་བཟོས་པར་བརྟེན། ཁོང་གིས་ས་གནས་སྲིད་གཞུང་དང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕྱིན་ནས་ཁྲིམས་ཁང་དང། དབུས་བརྙན་འཕྲིན་ལས་ཁང་བཅས་ལ་དེ་འབྲེལ་ཞུ་གཏུག་ལན་མང་གནང་བ་མ་ཟད་རྗེས་སུ་ཁོང་གིས་ New York Times གསར་ཁང་ལ་གནད་དོན་དེའི་སྐོར་གསུངས་པར་བརྟེན་རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༦ ཟླ་ ༡ པོའི་ནང་ཁོང་འཛིན་བཟུང་དང་།  དེ་བཞིན་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༢ ཉིན་རྒྱལ་ཁབ་ཁ་བྲལ་གཏོང་རྒྱུའི་ཀུན་སློང་སྤེལ་བའི་ཉེས་མིང་འོག་ལོ་ལྔའི་ཁྲིམས་ཐག་བཅད་ཡོད་པ་རེད། པེ་ཅིང་དུ་ཡོད་པའི་ཁྲིམས་རྩོད་པའི་ལྷན་ཚོགས་དང་རྒྱ་གཞུང་ནས་རྒྱ་རིགས་ཁྲིམས་རྩོད་པར་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གནད་དོན་དང་དེ་འབྲེལ་གནད་དོན་གཅིག་མཚུངས་རྣམས་ལ་རྒྱབ་སྐྱོར་གནང་རྒྱུ་མེད་པའི་བཀོད་ཁྱབ་བཏང་ཡོད་པ་དང་། རྒྱལ་སྤྱིའི་སྡིངས་ཆའི་ཁྲོད་ཚོགས་པ་ཁག་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ། དེ་བཞིན་སྐད་ཡིག་རིག་གནས་ཚོགས་པ་སོགས་ནས་ཁོང་གློད་བཀྲོལ་དགོས་པའི་ཞུ་སྐུལ་ལན་མང་ཞུས་ཡོད་པ་རེད།

སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་བོད་རྒྱ་འབྲེལ་མོལ་ཡོང་ཐབས་མེད།

རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་གཙོ་འཛིན་གཞོན་པ་ཟུར་པ་ Zhu Weiqun ཡིས་བོད་རྒྱ་གཉིས་དབར་དོན་དམ་གྱི་གྲོས་མོལ་ཡོང་བར་ངེས་པར་དུ་སྔོན་འགྲོའི་ཆ་རྐྱེན་ཁག་དགོས་པར་ནན་བརྗོད་བྱས་འདུགཟླ་བ་སྔོན་མའི་ཟླ་མཇུག་ཏུ་རྒྱ་ནག་གི་ Global Times གསར་ཁང་གི་དྲྭ་གནས་ཐོག་ Zhu Weiqun ཡིས་དཔྱད་རྩོམ་ཞིག་སྤེལ་འདུག་པ་དང་། དེའི་ནང་ཁོ་པས་གཙོ་བོ་ཉེ་ཆར་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་ Terry Branstad ལགས་བོད་ནང་གཞུང་འབྲེལ་འཚམས་གཟིགས་གནང་སྐོར་འགྲེལ་བརྗོད་དང་འབྲེལ། སྐབས་དེར་སྐུ་ཞབས་ Branstad ལགས་ཀྱིས་ཕྱོགས་གཅིག་ནས་རྒྱ་གཞུང་གིས་བོད་ནང་དཔལ་འབྱོར་དང་སྤྱི་ཚོགས་སོགས་ཀྱི་ཐད་ནས་ཡར་རྒྱས་ཆེན་པོ་བཏང་ཡོད་ལུགས་བཤད་པ་དང་། ཕྱོགས་གཞན་ཞིག་ནས་རྒྱ་གཞུང་ལ་༸གོང་ས་མཆོག་དང་ཡང་ན་༸གང་ཉིད་མཆོག་གི་སྐུ་ཚབ་དང་ལྷན་དུ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་བོད་རྒྱའི་གནད་དོན་ཞི་འགྲིག་ཡོང་བར་དོན་ལྡན་གྱི་གྲོས་མོལ་གནང་དགོས་པའི་སྐུལ་མ་གནང་ཡོད་པ་ལུང་འདྲེན་གནང་སྟེ། ཨ་རིའི་གཞུང་ཚབ་པས་བོད་ཐོག་ལ་དོ་དམ་པའི་ཚོར་བ་གང་ཞིག་འཛིན་བཞིན་ཡོད་པ་དེ་རྟོགས་དཀའ་སྐོར་ཟུར་ཟ་བྱས་འདུགསྐུ་ཞབས་ Branstad ལགས་ཀྱིས་ད་རེས་རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐེ་བྱུས་བྱས་པ་ཙམ་མིན་པར་རྒྱ་གཞུང་ལ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་བོད་རྒྱ་འབྲེལ་མོལ་སླར་གསོ་དགོས་པའི་སྐུལ་མ་གནང་བའི་འཛིན་ཕྱོགས་དེ་ནོར་བ་རེད་ཅེས་སྐྱོན་བརྗོད་བྱས་འདུག དཔྱད་རྩོམ་ནང་ད་དུང་རྒྱ་ནག་གཞུང་ཕྱོགས་ནས་ཏཱ་ལའི་རུ་ཚོགས་ཀྱིས་རྒྱ་ནག་ཁ་བྲལ་གཏོང་རྒྱུར་ངན་སེམས་བཅངས་ཡོད་ཀྱང་། རྒྱ་གཞུང་ནས་བོད་རྒྱ་ཞི་མོལ་གྱི་སྒོ་མོ་ཕྱེ་ཡོད་ཅེས་འཛམ་གླིང་ཀུན་ལ་སྒྲོག་བཞིན་ཡོད་པ་དང་ལྷག་དོན་བོད་རྒྱ་གཉིས་དབར་དོན་དམ་གྱི་གྲོས་མོལ་ཡོང་བར་སྔོན་འགྲོའི་ཆ་རྐྱེན་ཁག་ངེས་པར་དུ་དགོས་གལ་ཡིན་པར་ནན་བརྗོད་བྱས་པ་མ་ཟད། ཆ་རྐྱེན་དེ་དག་གི་ཁོངས་ནས་དང་པོ་རྒྱ་ནག་གཞུང་ཕྱོགས་ནས་བཙན་བྱོལ་ནང་ཡོད་པའི་དབུས་བོད་མིའི་སྒྲིག་འཛུགས་དང་ཡང་ན་བོད་རྒྱ་འབྲེལ་མོལ་བཅས་དང་ལྷན་བགྲོ་གླེང་ཡོང་ཐབས་མེད་པ་གསལ་པོ་བཟོ་དགོས་པ་དང་གཉིས་པ་༸གོང་ས་མཆོག་ནས་བོད་དེ་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་གནང་དགོས་པ་དང་བོད་རང་བཙན་གྱི་དགོངས་པ་དོར་དགོས་པ། དེ་བཞིན་རྒྱ་ནག་ཁ་བྲལ་གྱི་ལས་འགུལ་མཚམས་འཇོག་བྱེད་དགོས་པ་མ་ཟད། ཐེ་ཝན་དེ་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་གནང་དགོས་པ་སོགས་ཆེད་བཏོན་བྱས་འདུགགང་ལྟར་སྔོན་འགྲོའི་ཆ་རྐྱེན་དེས་དོན་དངོས་ཐོག་བོད་ཞེས་པའི་གནད་དོན་གང་ཡང་མེད་པ་གསལ་བཟོ་བྱས་ཡོད་པ་མ་ཟད། དཀའ་རྙོག་དེ་ནི་གཙོ་བོ་ཏཱ་ལའི་བླ་མ་སྒེར་གྱི་དཀའ་རྙོག་ཞིག་ཡིན་པ་དང་། ཏཱ་ལའི་རུ་ཚོགས་ཞེས་པ་དེ་ནི་རྒྱ་ནག་གི་རྩ་ཁྲིམས་དང་རྒྱབ་འགལ་ཆགས་ཡོད་སྟབས་རྒྱ་ནག་དང་ལྷན་བོད་དོན་གླེང་སློང་བྱ་རྒྱུར་འོས་ཆོས་ལྡན་པ་ཞིག་མེད་པར་འགྲེལ་བརྗོད་བྱས་འདུག དེ་བཞིན་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་གཙོ་འཛིན་གཞོན་པ་ཟུར་པ་ Zhu Weiqun ཡིས་ད་རེས་ཨ་རིའི་གཞུང་ཚབ་པ་ Branstad ལགས་བོད་ནང་འཚམས་གཟིགས་གནང་བའི་གོ་སྐབས་དང་བསྟུན་རྒྱ་གཞུང་ལ་༸གོང་ས་མཆོག་དང་ལྷན་དོན་དམ་གྱི་གྲོས་མོལ་གནང་དགོས་པའི་སྐུལ་མ་གནང་འདུག་ཀྱང་། དོན་དངོས་ཐོག་ཅི་ཞིག་ལ་དོན་དམ་ཟེར་གྱི་ཡོད་པ་འདིའི་ཐད་འགྲེལ་བཤད་གང་ཡང་བསྐྱོན་མེད་པར་ཟུར་ཟ་གནང་བ་མ་ཟད། ཏཱ་ལའི་བླ་མའི་ངོས་ནས་དོན་དམ་གྱི་གནད་དོན་ཞེས་པ་འདི་བོད་འདི་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་མཛད་ཀྱི་མེད་པ་དང་དེ་བཞིན་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བ་དེ་དང་དེ་མིན་བོད་ཀྱི་ས་ཁུལ་ཁག་ཆ་ཚང་ནང་ཡོད་པའི་རྒྱ་ནག་གི་བཅིངས་བཀྲོལ་དམག་མི་དང་རྒྱ་མི་རྣམས་བོད་ནས་ཕྱིར་ལོག་དགོས་པའི་དགོངས་པར་ངོས་འཛིན་གནང་བཞིན་ཡོད་སྐོར་འགྲེལ་བརྗོད་བྱས་འདུགགལ་ཏེ་ཨ་རི་གཞུང་ནས་རྒྱ་གཞུང་ལ་ཏཱ་ལའི་བླ་མའི་འབོད་སྐུལ་བཞིན་དབུས་བོད་མིའི་སྒྲིག་འཛུགས་དང་ཏཱ་ལའི་རུ་ཚོགས་དང་ལྷན་དུ་ཐུག་འཕྲད་ཀྱིས་དོན་དམ་གྲོས་མོལ་ཡོང་རྒྱུར་འབད་བརྩོན་བྱ་ཚེ་བོད་རྒྱ་གཉིས་ཀྱི་འབྲེལ་མོལ་རེ་བ་དེ་གཏོང་ཟད་དུ་འགྲོ་ངེས་ཡིན་པར་ནན་བརྗོད་གནང་འདུག རྩ་བའི་ད་བར་བོད་རྒྱ་གཉིས་དབར་འབྲེལ་མོལ་ཐེངས་ ༩ བྱུང་ཡོད་པ་དང་། འབྲེལ་མོལ་མཐའ་མ་ཕྱི་ལོ་  ༢༠༡༠ ཕྱི་ཟླ་ ༡ པོའི་ཟླ་མཇུག་ཏུ་གནང་བའི་རྗེས་སུ་འབྲེལ་མོལ་སྣེ་ཁྲིད་གནང་མཁན་གཉིས་ཀ་ལས་གནས་ནས་དགོངས་ཞུ་གནང་ཡོད་པ་ལྟར་ད་བར་འབྲེལ་མོལ་བསྐྱར་གསོ་མ་ཐུབ་པར་དེ་མུར་ལྷག་ཡོད་པ་རེད།

ཁུང་ཙི་སློབ་གླིང་དང་འབྲེལ་བའི་གན་རྒྱར་དུས་འགྱངས་གནང་རྒྱུ་མེད།

པོཊ་ལན་ཌི་མངའ་སྡེ་གཙུག་ལག་སློབ་ཁང་ནས་རྒྱ་ནག་དང་ལྷན་དུ་ཁུང་ཙི་སློབ་གླིང་གི་གན་གྱར་དུས་འགྱངས་གནང་བཞིན་པ་དང་བསྟུན། བོད་མི་དང་རྒྱ་རིགས། བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་ནས་སློབ་གཉེར་ཁང་གི་ལས་མི་རྣམས་ལ་ཁུང་ཙི་སློབ་གླིང་དང་འབྲེལ་བ་ཡོངས་སུ་བཅད་དགོས་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུགཨ་རི་ Portland ནང་རྟེན་གཞི་བྱས་པའི་ PSU ཞེས་ Portland མངའ་སྡེའི་གཙུག་ལག་སློབ་ཁང་ནས་དེ་སྔ་རྒྱ་ནག་གི་སྐད་ཡིག་དང་རིག་གཞུང་སྤེལ་མཁན་གྱི་སྡེ་ཚན་དང་གྲོས་མཐུན་བཞག་ཡོད་པ་དང་། རིང་མིན་གྲོས་མཐུན་གྱི་དུས་ཚོད་རྫོགས་ལ་ཉེ་སྟབས། ཟླ་བ་འདིའི་ཚེས་ ༤ ཉིན་ཕྱི་ལོ་ ༡༩༨༩ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ངོ་ ༣༠ འཁོར་བའི་དུས་ཚིགས་དང་བསྟུན་ཨ་རི་པོཊ་ལན་ཌི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡན་ལག་དང་དང་བླངས་བོད་མི། རྒྱ་རིགས། ཐེ་ཝན་མང་ཚོགས་ཁག་གཅིག་ཐུན་མོང་གིས་གཙུག་ལག་སློབ་ཁང་གི་ཕྱི་ཕྱོགས་སུ་འཕྲེད་དར་འདྲ་མིན་འཕྱར་ཞིང་། རྒྱ་ནག་གི་ཁུང་ཙི་སློབ་གླིང་ཞེས་པ་དེ་ཨ་རིའི་སློབ་གཉེར་ཁང་ཁག་ཏུ་རྒྱ་ནག་གི་ཆབ་སྲིད་ཀྱི་ལྟ་གྲུབ་གོང་འཕེལ་བྱེད་རྒྱུར་དམིགས་པ་ཡིན་པས་དེ་ནི་རྒྱ་གཞུང་གི་འཇམ་པོའི་སྟོབས་ཤུགས་ཡིན་པར་སྐྱོན་བརྗོད་དང་འབྲེལ། སློབ་གཉེར་ཁང་ནས་ཕྱོགས་གཉིས་དབར་གྱི་གྲོས་མཐུན་གྱི་གན་རྒྱར་དུས་འགྱངས་གནང་རྒྱུ་མེད་པའི་ཞུ་སྐུལ་གནང་འདུགསྐབས་དེར་ལས་འགུལ་བ་རྣམས་ཀྱིས་གཙུག་ལག་སློབ་ཁང་གི་ཕྱི་ཕྱོགས་སུ་མང་ཚོགས་རྣམས་ལ་རྒྱ་གཞུང་གིས་ཁུང་ཙི་སློབ་གླིང་བརྒྱུད་ནས་རྒྱ་ནག་གི་རིག་གཞུང་དང་སྐད་ཡིག་སློབ་ཁྲིད་བྱེད་བཞིན་ཡོད་ཚུལ་བརྗོད་ཡོད་ཀྱང་། དོན་དངོས་ཐོག་སྨྲ་བརྗོད་རང་དབང་ལ་དམ་དྲག་དང་ཨ་རིའི་ཤེས་ཡོན་རང་དབང་ལ་འགོག་རྐྱེན་བཟོ་བཞིན་ཡོད་པ་མ་ཟད་དེའི་ཤུགས་རྐྱེན་གང་ཡོད་མེད་ཀྱི་ཡིག་ཆ་ཁག་འགྲེམས་སྤེལ་གནང་ཡོད་སྟབས་དེར་དོ་སྣང་གནང་མཁན་མི་ཉུང་བ་ཞིག་བྱུང་འདུགགཞི་རྩའི་སྔ་ལོ་ ༢༠༡༨ ལོར་ཨ་རི་ནང་རྒྱ་ནག་གི་ཁུང་ཙི་སློབ་གླིང་ ༩༠ ཙམ་ཡོད་ཀྱང་ཉེས་བའི་ལོ་ཤས་ནས་བཟུང་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་ཁུང་ཙི་སློབ་གླིང་དང་འབྲེལ་ཐག་གཅོད་དགོས་པའི་ཞུ་གཏུག་དང་ངོ་རྒོལ་དུ་མ་བྱུང་ཡོད་པ་མ་ཟད། ཁུང་ཙི་སློབ་གླིང་དེས་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་པར་སྐྱོན་བརྗོད་གནང་མཁན་མང་དུ་འགྲོ་བཞིན་ཡོད་སྟབས། ཕྱི་ཟླ་ ༥ པའི་ནང་ཨ་རིའི་གྲོས་ཚོགས་འོག་མས་ཁྲིམ་སྒྲིག་གསར་བཟོ་གནང་སྟེ་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ད་ནས་བཟུང་རྒྱ་ནག་གི་སྐད་ཡིག་དང་ཁུང་ཙི་སློབ་གསོ་གོང་སྤེལ་གྱི་ལས་གཞིར་རྒྱབ་སྐྱོར་གནང་རྒྱུ་མིན་པར་ཡོངས་བསྒྲགས་གནང་བའི་ཁྲོད་ད་ཆ་ཨ་རི་དང་ཡོ་རོབ་སོགས་སུ་ཁུང་ཙི་སློབ་གླིང་གི་བསྟི་གནས་ཁང་མང་དག་ཅིག་སྒོ་རྒྱག་བཞིན་ཡོད་པ་རེད།

བོད་མིས་འཚེ་མེད་ཞི་བའི་ལམ་ནས་རྒྱ་གཞུང་ལ་གདོང་ལེན་གནང་ཐུབ་ཚེ་རྒྱལ་སྤྱིའི་རྒྱལ་ཁབ་ནས་དེ་ལྟར་གནང་ཐུབ།

ཨ་རི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་ NED འམ་རྒྱལ་ཡོངས་མང་གཙོ་གོང་སྤེལ་བསྟི་གནས་ཁང་གིས་ཕྱི་ལོ་ ༢༠༠༣ ནས་དབུ་འཛུགས་ཀྱིས་རྒྱལ་སྤྱིའི་ཐོག་མང་གཙོ་གོང་འཕེལ་གནང་ཐབས་ཐོག་ཕྱག་ལས་གཟེངས་སུ་ཐོན་པར་གནང་མཁན་ཚོགས་སྒེར་ཁག་ལ་ཆེ་བསྟོད་ཞུས་པ་དང་འབྲེལ། ༢༠༡༩ ལོའི་ Democracy Award ཞེས་མང་གཙོའི་གཟེངས་རྟགས་ཤིག་གནང་སྲོལ་ཡོད་པ་ལྟར། འདི་ལོའི་གཟེངས་རྟགས་དེ་ Tibet Action Institute ཞེས་བོད་དོན་ལས་འགུལ་བསྟི་གནས་ཁང་དང་ World Uyghur Congress ཞེས་རྒྱལ་སྤྱིའི་ཡུ་གུར་ཚོགས་པ། དེ་བཞིན་ China Aid ཞེས་ཡི་ཤུའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་གསུམ་ལ་གནང་བ་དང་སྦྲགས། སྐབས་དེར་བོད་དོན་ལས་འགུལ་བསྟི་གནས་ཁང་གི་ངེས་སྟོན་པ་བཀྲས་མཐོང་ལྷག་སྒྲོན་ལགས་ནས་བོད་མིས་འཚེ་མེད་ཞི་བའི་ལམ་ནས་རྒྱ་གཞུང་ལ་གདོང་ལེན་གནང་ཐུབ་ཚེ་རྒྱལ་སྤྱིའི་རྒྱལ་ཁབ་ནས་དེ་ལྟར་གནང་ཐུབ་ངེས་ཡིན་པ་གསུངས་འདུག ཁ་ཉིན་ཕྱི་ཚེས་ ༤ ཉིན་མང་གཙོའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་ཨ་རི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ Nancy Pelosi མཆོག་དང་། ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས།  Michael McCaul ལགས།  སྐུ་ཞབས་ Thomas Suozzi ལགས་དང་གྲོས་ཚོགས་ཀྱི་འཐུས་མི་གཞན་རྣམ་པ་དང་། མང་གཙོའི་གཟེངས་རྟགས་ཐོབ་མཁན་གྱི་ཚོགས་པ་གསུམ་གྱི་སྐུ་ཚབ་བོད་དོན་ལས་འགུལ་བསྟི་གནས་ཁང་གི་ངེས་སྟོན་པ་ལྷག་སྒྲོན་བཀྲས་མཐོང་ལགས་དང་རྒྱལ་སྤྱིའི་ཡུ་གུར་ཚོགས་པའི་གཙོ་འཛིན་ Dolkun Isa ལགས། དེ་བཞིན་ཡུ་ཤུའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Bob Fu ལགས་དང་།   འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་ལས་འགུལ་བ་སོགས་ནས་མཉམ་ཞུགས་གནང་འདུག ལྷག་སྒྲོན་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས་རྒྱལ་ཡོངས་མང་གཙོ་གོང་འཕེལ་བསྟི་གནས་ཁང་གིས་བོད་དོན་ལས་འགུལ་བསྟི་གནས་ཁང་གི་ལས་དོན་གནང་ཕྱོགས་ལ་ཆེ་བསྟོད་དང་།  བསྟི་གནས་ཁང་དེའི་ངོས་ནས་ལོ་ངོ་བཅུ་ཕྲག་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་འཐབ་རྩོད་ལ་བཞེངས་ཕྱོགས་བརྟན་པོའི་ཐོག་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཁོང་གིས་ཕྱི་ལོ་ ༡༩༨༩ ལོར་བོད་ས་ཁྱོན་ནང་ཞི་རྒོལ་བྱུང་སྐབས་རྒྱ་གཞུང་ནས་སྐབས་དེར་དམག་མི་ཕོན་ཆེ་འགྲེམས་འཇོག་གིས་དམ་དྲག་ཤུགས་ཆེ་བྱས་པ་དང་ཆབས་ཅིག  ལོ་དེར་པེ་ཅིང་གནམ་སྡེ་སྒོར་མོའི་ཐང་ཆེན་དུ་རྒྱ་རིགས་སློབ་ཕྲུག་གིས་ཞི་རྒོལ་གནང་སྐབས་རང་ཉིད་ཀྱི་སེམས་ནང་རེ་བ་དང་ཚོར་བ་གསར་པ།  དེ་བཞིན་ཞི་རྒོལ་དེ་བརྒྱུད་རྒྱ་ནག་ནང་བསྒྱུར་བཅོས་ཡོང་རྒྱུ། སྒོས་བཙན་བྱོལ་དུ་ཡོད་པའི་ཁོང་གི་པཱ་ལགས་རང་ཉིད་ཀྱི་ཕ་ཡུལ་དུ་སྐྱོད་ཐུབ་རྒྱུ་དྲན་པ་དེ་ལྟར་ཡང་། དོན་རྐྱེན་དེའི་རྗེས་སུ་རྒྱལ་སྤྱིའི་མང་གཙོའི་རྒྱལ་ཁབ་ཁག་ནས་རྒྱ་ནག་གིས་རང་ཉིད་ཀྱི་བྱ་སྤྱོད་ལ་འགན་འཁུར་ཐུབ་པ་ཞིག་བཟོ་མེད་སྟབས། རྒྱ་ནག་ནང་བསྒྱུར་བཅོས་ཡོང་རྒྱུའི་གོ་སྐབས་ཤོར་ཡོད་སྐོར་གསུངས་འདུག ང་ཚོས་ཐབས་བྱུས་མཁས་པོ་དང་ཐབས་ལམ་འདྲ་མིན་ཐོག་ནས་རྒྱ་གཞུང་ལ་གདོང་ལེན་ཇི་ལྟར་བྱེད་ཐུབ་མིན་གྱི་དྲི་བ་གནང་དགོས་སྐོར་དང་། ལྷག་པར་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་གོ་མཚོན་གང་ཡང་མེད་པར་འཚེ་མེད་ཞི་བ་ཁོ་ན་བརྒྱུད་ནས་རྒྱ་གཞུང་གི་སྲིད་བྱུས་ལ་གདོང་ལེན་གནང་ཐུབ་ཚེ་རྒྱལ་སྤྱིའི་རྒྱལ་ཁབ་ནས་དེ་ལྟར་གནང་ཐུབ་ངེས་ཡིན་པ་གསུངས་འདུག དེ་བཞིན་སྐུ་ཞབས་ Dolkun Isa ལགས་ཀྱིས་རྒྱལ་ཡོངས་མང་གཙོ་གོང་འཕེལ་བསྟི་གནས་ཁང་ནས་ཡུ་གུར་མི་རིགས་ཀྱིས་འཐབ་རྩོད་ལ་ངོས་ལེན་དང་ཆེ་བསྟོད། འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ང་ཚོས་འདས་པའི་དུས་ཡུན་ནང་ཡུ་གུར་མི་རིགས་ཀྱི་གཞི་རྩའི་རང་དབང་རྩོད་ཀྱང་རྒྱ་གཞུང་ནས་རང་དབང་མུ་མཐུད་འཕྲོག་བཞིན་པ་དང་སྒོས་ཡུ་གུར་མི་རིགས་ས་ཡ་བརྒལ་བར་ཆབ་སྲིད་སློབ་གསོ་བསྟི་གནས་ཁང་ནང་དོ་དམ་བཀག་ཉར་བྱེད་རྒྱུ་མཚམས་འཇོག་བྱས་མེད་སྐོར་སོགས་གསུངས་པ་མ་ཟད། ལྷག་པར་དུ་ཨ་རི་གྲོས་ཚོགས་ཀྱི་འཐུས་མི་ནས་ Uyghur Human Rights Policy act  ཞེས་པའི་གྲོས་འཆར་གཏན་འབེབས་གནང་དགོས་སྐོར་གསུངས་འདུག སྐུ་ཞབས་ Bob Fu ལགས་རྒྱ་གཞུང་གིས་ཆོས་ལུགས་བྱེ་བྲག་གཅིག་གི་སྡེ་ཚན་ལ་བཙན་རྒོལ་གྱི་ལས་དོན་གཉེར་ཚེ་རྒྱའི་མངའ་ཁོངས་སུ་ཡོད་པའི་མི་རིགས་ཀྱི་ཆོས་དད་སྡེ་ཚན་གཞན་ཚོ་ལའང་དེ་ལས་ཐར་ཐབས་མེད་སྐོར་དང་།  རྒྱ་གཞུང་གིས་དྲག་གནོན་དང་དམ་དྲག་བྱེད་བཞིན་པའི་འོག་བོད་མི་ ༡༥༠ ལྷག་ནས་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། ཡུ་གུར་མི་རིགས་ཆབ་སྲིད་སློབ་གསོ་བསྟི་གནས་ཁང་ནང་བཀག་ཉར་བྱས་པ། དེ་བཞིན་ཧྥ་ལུང་གྷོང་ཉམས་ལེན་གནང་མཁན་རྣམས་ལ་མནར་གཅོད།  ཡེ་ཤུ་ལྷ་ཁང་གཏོར་བཤིག་དང་ཆོས་དཔོན་རྣམས་འཛིན་བཟུང་། གར་སོང་ཆ་མེད་དུ་གྱུར་བ་སོགས་ཀྱི་གནད་དོན་འགྲེལ་བརྗོད་དང་འབྲེལ་གྲོས་ཚོགས་འཐུས་མི་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཚོས་མཉམ་རུབ་ཀྱིས་རྒྱ་གཞུང་ལ་གདོང་ལེན་གནང་རྒྱུའི་དུས་ལ་བབ་ཡོད་པ་གསུངས་འདུག མཛད་སྒོའི་མཇུག་སྡོམ་གསུང་བཤད་སྐབས་ལྕམ་སྐུ་ Nancy Pelosi མཆོག་གིས་མང་གཙོའི་གཟེངས་རྟགས་བཞེས་མཁན་ཚོགས་པ་གསུམ་པོའི་ལས་དོན་ལ་བསྔགས་བརྗོད་དང་། དྲུག་བཞི་དོན་རྐྱེན་གྱི་གནད་དོན་དང་རྒྱ་གཞུང་གིས་དོན་རྐྱེན་དེའི་སྐོར་གྱི་གནད་དོན་ཐད་ཆེས་དམ་དྲག་བྱས་ཡོད་སྐོར་དང་། ལོ་ངོ་བཅུ་ཕྲག་རིང་བོད་མིའི་ངོ་བོ་དང་སྐད་ཡིག རིག་གཞུང་སོགས་མེད་པ་བཟོ་རྒྱུའི་སྲིད་བྱུས། ལྷག་པར་དུ་ཡུ་གུར་མི་རིགས་དང་ཡེ་ཤུ་སོགས་ཀྱི་གནད་དོན་འགྲེལ་བརྗོད་གནང་འདུག  ཁོང་གིས་རྣམ་ཀུན་ནས་གསུང་བཞིན་ཡོད་པ་ལྟར་ང་ཚོའི་ཚོང་གི་འབྲེལ་ལམ་ལ་དགོངས་པའི་ཐོག་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་མ་གླེང་ན་ང་ཚོའི་ངོས་ནས་རྒྱལ་ཁབ་གཞན་ནང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་རྒྱུའི་བཟང་ངན་དབྱེ་འབྱེད་ཀྱི་འགན་དབང་དེ་ཡོངས་ནས་བརླག་འགྲོ་ཡི་ཡོད་པར་བསྐྱར་ནན་གནང་འདུག

རྒྱ་གཞུང་ནས་དྲུག་བཞིའི་དོན་རྐྱེན་ལ་ཡོ་བསྲང་གིས་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས།

དེ་རིང་ཕྱི་ཟླ་ ༦ ཚེས་ ༤ སྟེ་རྒྱ་ནག་གི་གནམ་སྡེ་སྒོར་མོ་ཆེའི་ཐང་ཆེན་དུ་ལོ་ངོ་ ༣༠ སྔོན་ལ་རྒྱ་ནག་གཞུང་གིས་རྒྱ་རིགས་མང་གཙོ་ལས་འགུལ་བ་སྟོང་ཕྲག་མང་པོ་དམར་བསད་བཏང་བའི་ཉིན་མོ་དང་བསྟུན། འཛམ་གླིང་ཕྱོགས་གང་སར་གནས་པའི་རྒྱ་རིགས་རྣམས་ནས་མར་མེ་ཁྲོམ་སྐོར་དང་མྱ་ངན་རྗེས་དྲན་སོགས་གནང་བ་བརྒྱུད་ནས་སྲུང་བརྩི་གནང་བཞིན་པའི་ཁྲོད། ཨ་རི་དང་ཨོ་སི་ཊོ་ལི་ཡ་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དང་ཐེ་ཝན་གྱི་སྲིད་འཛིན་བཅས་ནས་དེ་རིང་རྒྱ་ནག་གཞུང་ལ་ལོ་ངོ་ ༣༠ སྔོན་གྱི་ཁྲག་དྲི་བྲོ་བའི་ནོར་འཁྲུལ་ཅན་གྱི་བྱ་སྤྱོད་དེར་ངོས་ལེན་དང་འགན་ཁུར་བླངས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་འཛིན་བཟུང་གིས་བཙོན་འཇུག་བྱས་ཁག་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པར་གསུངས་འདུག ཁ་སང་ Reuters དང་ BBC སོགས་རྒྱལ་སྤྱིའི་བརྒྱུད་ལམ་ཆེ་གྲས་ཁག་གིས་གནས་ཚུལ་སྤེལ་བར་ཨ་རིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Mike Pompeo མཆོག་གིས་དྲུག་བཞིའི་དོན་རྐྱེན་གྱི་རྗེས་དྲན་དང་འབྲེལ་བའི་བསྒྲགས་གཏམ་འདོན་སྤེལ་གནང་བ་བརྒྱུད། རྒྱ་གཞུང་གིས་ཤིན་ཅང་ནང་ཡུ་གུར་བ་དང་རྒྱ་རིགས་ཁ་ཆེ་བ་ས་ཡ་ ༡༌༣༠ ལྷག་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་དང་འབྲེལ། རྒྱ་ནག་དེ་རྒྱལ་སྤྱིའི་གླེང་སྟེགས་ཐོག་ཡར་རྒྱས་ཇི་ཙམ་ཕྱིན་ཡང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཡར་རྒྱས་རྩ་བ་ནས་ཕྱིན་མེད་སྐོར་གསུངས་ནས་རྒྱ་གཞུང་ལ་དེ་སྔ་དྲུག་བཞིའི་དོན་རྐྱེན་འོག་མང་ཚོགས་དུ་མ་དམར་བསད་བཏང་བ་དང་གར་སོང་ཆ་མེད་དུ་གྱུར་བ་རྣམས་ཀྱི་གྲངས་ཐོ་ཁ་གསལ་ཡོངས་གྲགས་བྱེད་དགོས་པ་དང། རྒྱ་ནག་དམར་ཤོག་གཞུང་གི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ལ་གུས་བརྩི་ག་ཚོད་བྱེད་མིན་མངོན་གསལ་ཆགས་ཐུབ་རྒྱུ་ཡིན་པར་གསུངས་འདུག དེ་བཞིན་བློན་ཆེན་མཆོག་གིས་རྒྱ་ནག་ནང་རང་གི་གཞི་རྩའི་ཐོབ་ཐང་རྩོད་པར་འཛིན་བཟུང་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་དང། གང་བྱུང་དུ་མི་སེར་འཛིན་དང་ཆོས་དད་དང་ཆབ་སྲིད་ཀྱི་གནད་དོན་རྣམས་འཇིགས་སྐུལ་གྱི་གནད་དོན་དང་འབྲེལ་བ་བཏགས་ཏེ་མང་ཚོགས་ཐོག་དྲག་གནོན་གྱི་སྲིད་བྱུས་འཕྲལ་མར་མཚམས་འཇོག་དགོས་པ་གསུངས་འདུག དེ་བཞིན་ཐེ་ཝན་གྱི་རྒྱལ་ས་ཐའེ་པེ་ནང་དྲུག་བཞིའི་དོན་རྐྱེན་རྗེས་དྲན་དང་འབྲེལ་བའི་གཞི་རྒྱ་ཆེ་བའི་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་དབུ་འཛུགས་མ་གནང་གོང་དུ་སྲིད་འཛིན་ལྕམ་ Tsai IngWen ལགས་ཀྱིས་རྒྱ་ནག་གཞུང་གིས་དེ་སྔའི་ནོར་འཁྲུལ་གྱི་བྱ་སྤྱོད་ལ་ཡོ་བསྲང་བྱེད་ཀྱི་མེད་པ་མ་ཟད། དངོས་གནས་སྦས་ཐབས་བྱེད་བཞིན་ཡོད་སྐོར་དང་འབྲེལ། ཐེ་ཝན་གྱི་ངོས་ནས་རྡིག་ར་དང་སིམ་འཛུལ་གྱི་ཉེན་ཁར་ལྟོས་མེད་མང་གཙོ་དང་རང་དབང་ལ་སྲུང་སྐྱོབ་གནང་རྒྱུ་ཡིན་པར་གསུངས་པ་དང་ཆབས་ཅིག ཁོང་ཡུལ་དེའི་སྲིད་འཛིན་ཡིན་པའི་རིང་ལ་གནོན་ཤུགས་ལ་མགོ་སྒུར་རྒྱུ་མིན་སྐོར་གསུངས་འདུག རྩ་བའི་བདུན་ཕྲག་སྔོན་མར་ Singapore ནང་ཚོགས་འདུ་ཞིག་གི་ཐོག་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Morgan Ortagus ལགས་ཀྱིས་དྲུག་བཞིའི་དོན་རྐྱེན་སྐོར་གླེང་སློང་དང་སྦྲགས། རྒྱ་ནག་གི་ལོ་རྒྱུས་ཐོག་ཞི་བའི་ལས་འགུལ་བར་དྲག་སྤྱོད་ཀྱི་གདོང་ལེན་བྱས་སྐོར་ལན་འདེབས་དང་འབྲེལ། སྐབས་དེར་རྒྱ་ནག་གི་བདེ་སྲུང་བློན་ཆེན་ Wei Fenghe ཡིས་དྲུག་བཞིའི་དོན་རྐྱེན་དེ་ནི་རྒྱ་ནག་ནང་གི་ཆབ་སྲིད་ཀྱི་ཟང་ཟིང་གི་གནད་དོན་ཞིག་ཡིན་པ་ལྟར། རྒྱ་ནག་དབུས་གཞུང་གིས་ཟང་ཟིང་དེ་ཞི་གནོན་ཐུབ་སྐོར་བརྗོད་དེ་རྒྱ་ནག་གཞུང་གི་བྱེད་ཕྱོགས་དེའི་རྐྱེན་པས་རྗེས་ཀྱི་ལོ་ངོ་ ༣༠ རིང་རྒྱ་ནག་དེ་ཆེས་ཡར་རྒྱས་དང་བརྟན་ལྷིང་ལྡན་པའི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་ཚུལ་བཤད་འདུག

ཀུ་ཤུ་རྟགས་ཅན་གྱི་བཟོ་ཚོང་ཁང་གིས་བོད་དང་འབྲེལ་བའི་མཉེན་ཆས་མ་ལག་བཀག་སྡོམ།

རྒྱ་ནག་ཏུ་ཀུ་ཤུ་རྟགས་ཅན་གྱི་ཁ་པར་མཉེན་ཆས་བང་མཛོད་དུ་བོད་དང་འབྲེལ་བའི་མཉེན་ཆས་མ་ལག་ཉེར་དགུ་བཀག་སྡོམ་བྱས་ཏེ་ཕབ་ལེན་གནང་ཐབས་མེད་པར་གྱུར་འདུག རྒྱ་ནག་ནང་དུ་༸གོང་ས་མཆོག་དང་འབྲེལ་བའི་མཉེས་ཆས་མ་ལག་ཡོད་ཚད་སྔ་མོ་ནས་བཀག་སྡོམ་བྱས་ཡོད་པ་མ་ཟད། མཉེན་ཆས་དེ་དག་ཕབ་ལེན་གྱི་བང་མཛོད་ནས་ཕྱིར་བཏོན་བྱས་ཡོད་ཀྱང་། མཉེན་ཆས་བྱུས་འགོད་པར་བརྡ་ལན་གང་ཡང་འབྱོར་གྱི་མེད་པར་བཟོས་ཡོད་པ་མ་ཟད། ཀུ་ཤུ་རྟགས་ཅན་གྱི་ཁ་པར་བཟོ་ལས་ཁང་གི་མགྲིན་ཚབ་པ་ཞིག་གིས་གནད་དོན་དེ་ནི་རྒྱ་ནག་གི་ས་གནས་ཡུལ་ཁྲིམས་དང་བསྟུན་ཡོད་པ་ཞིག་ཡིན་པར་འགྲེལ་བརྗོད་བྱས་འདུག Greatfire ཞེས་རྒྱ་ནག་གི་དྲྭ་རྒྱ་བཀག་སྡོམ་གི་གནད་དོན་ཐོག་ཞིབ་འཇུག་བྱེད་མཁན་ཚོགས་པས་འདི་ག་རླུང་འཕྲིན་ཁང་ལ་བཏང་འབྱོར་བྱུང་བའི་གནས་ཚུལ་ནང་གསལ་ལྟར་ན།། རྒྱ་ནག་ནང་ཀུ་ཤུ་རྟགས་ཅན་གྱི་ཁ་པར་བང་མཛོད་དུ་བཀག་སྡོམ་བྱས་ཡོད་པའི་མཉེན་ཆས་མ་ལག་དེ་དག་གི་རིགས་དབྱེ་ལྔའི་ནང་བསྡུས་ཡོད་པའི་ཁོངས་སུ་བོད་དོན་གྱི་གསར་འགྱུར་བརྒྱུད་ལམ་ཁག ཆོས་སྤྱོད་དང་ཡུལ་སྐོར་སྤྲོ་འཆམ་གྱི་མཉེན་ཆས་མ་ལག དེ་བཞིན་བོད་ཀྱི་རིག་གཞུང་དང་ཆབ་སྲིད་ལ་འབྲེལ་བ། ཐ་ན་བོད་ཀྱི་རྒྱལ་དར་ཡོད་པའི་རྩེད་མོ་རིགས་ཀྱི་མཉེས་ཆས་ཡོད་ཚད་བཀག་སྡོམ་བྱས་ཡོད་པར་མངོན་གསལ་གནང་འདུགཚོགས་པ་དེས་ད་དུང་ཀུ་ཤུ་རྟགས་ཅན་ཚོང་ལས་ཁང་གིས་ཁ་པར་མཉེན་ཆས་བང་མཛོད་ཁྲོད་ནས་བོད་དོན་དང་འབྲེལ་བའི་མཉེན་ཆས་མ་ལག་ཁག་བཀག་སྡོམ་བྱས་འགོ་ཚུགས་ནས་ད་བར་ལོ་བཅུ་ཕྲག་གཅིག་ལྷག་སོང་ཡོད་ཀྱང་ཚོང་ལས་དེའི་ངོས་ནས་དུས་ད་ལྟའང་མུ་མཐུད་དེ་རྒྱ་ནག་དང་ལྷན་དུ་ལག་འབྲེལ་བྱས་ཏེ་གནས་སྟངས་ལ་འགྱུར་བ་གང་ཡང་ཕྱིན་མེད་པར་སྐྱོན་བརྗོད་དང་འབྲེལ། ཚོང་ལས་ཁང་གི་གཙོ་འཛིན་ Tim Cook ལགས་སུ་ཚོང་ལས་ཁང་གི་སྲིད་བྱུས་ལ་འགྱུར་བ་ནམ་གཏོང་རྒྱུ་ཡིན་པའི་དྲི་བ་གླེང་འདུག དེ་བཞིན་ Greatfire ཚོགས་པ་དང་ལྷན་ཀུ་ཤུ་རྟགས་ཅན་ཚོང་ལས་ཁང་གིས་མཉེན་ཆས་མ་ལག་བཀག་སྡོམ་གི་ལས་དོན་ཐོག་ཞིབ་འཇུག་གནང་མཁན TibCERT ཞེས་པའི་བོད་ཀྱི་དྲྭ་རྒྱའི་བདེ་འཇགས་སྐོར་ལ་ཕྱག་ལས་གནང་མཁན་རུ་ཁག་གི་རྡོ་རྗེ་ཕུན་ཚོགས་ལགས་ཀྱིས་ཀུ་ཤུ་རྟགས་ཅན་ཚོང་ལས་ཁང་གིས་རྒྱ་ནག་གི་ཡུལ་ཁྲིམས་ལ་ཁ་གཡར་ནས་བོད་དང་འབྲེལ་བའི་མཉེན་ཆས་མ་ལག་མང་པོ་ཞིག་བཀག་སྡོམ་བྱས་ཡོད་ཀྱང་། བཟོ་ཁང་དེའི་བྱེད་བབ་དེར་ཕྱི་གསལ་ནང་གསལ་གྱི་ཆ་གང་ཡང་མེད་པར་བརྗོད་ཡོད་པ་དང་སྦྲགས། རྒྱ་ནག་དང་ཁ་པར་བཟོ་ལས་ཁང་གཉིས་ཀྱིས་མཉམ་འབྲེལ་གྱིས་བྱས་ཏེ།  བོད་མའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་ཡོད་མ་ཟད་བོད་མི་དག་གིས་གནས་ཚུལ་མཁོ་སྒྲུབ་བྱེད་རྒྱུར་དོ་ཕོག་བཏང་ཡོད་པར་བརྗོད་འདུག རྩ་བའི་ TibCERT ནས་ཀུ་ཤུ་རྟགས་ཅན་གྱི་མཉེན་ཆས་མ་ལག་ ༡༡༩ ལྷག་ལ་ཞིབ་འཇུག་བྱས་པའི་གྲུབ་དོན་དུ་རྒྱ་ནག་ནང་བོད་དང་བོད་མི། ཏཱ་ལའི་བླ་མ།  དེ་བཞིན་ནང་ཆོས་སོགས་ཀྱི་མཉེན་ཆས་ཡོད་ཚད་བཀག་ཡོད་པའི་ཁོངས་སུ་མཉེན་ཆས་བདུན་ནི་ཆོས་ལུགས་དང་རིག་གཞུང་ལ་འབྲེལ་བ་ཡོད་པ་དང་། མཉེན་ཆས་ལྔ་གསར་འགྱུར་དང་ཆབ་སྲིད་ལ་འབྲེལ་བ་ཡོད་པ་ཤེས་རྟོགས་བྱུང་འདུག

Latest news