Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

སུ་ཝེ་ཌན་དང་བོད་གཉིས་ཀས་དབུ་མའི་ལམ་གྱི་ལྟ་གྲུབ་གཅིག་པ་འཛིན་གྱི་ཡོད་པས་བོད་དོན་ལ་རྒྱབ་སྐྱོར་གནང་གི་ཡོད་ཅེས་གསུངས་སོང་།

དེ་རིང་ཟླ་ ༨ ཚེས་ ༣༡ ཉིན་སྔ་དྲོ་ཚོུད་ ༡༠ སྟེང་དྷ་ས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་སུ་ཝེ་ཌན་ལྗང་ཁུ་ཚོགས་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ Carl Schlyter ལགས་དང་། སུ་ཝེ་ཌན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Mattias bjornersedt ལགས། སུ་ཝེ་ཌན་བོད་རིགས་ཚོགས་པའི་ཚོགས་གཙོ་འཇམ་དབྱངས་ཆོས་སྒྲོན་ལགས་བཅས་མི་སྣ་གསུམ་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སོང་། གསར་འགོད་ལྷན་ཚོགས་ཀྱི་ཐོག་མར་སུ་ཝེ་ཌེན་བོད་རིགས་ཚོགས་པའི་ཚོགས་གཙོ་འཇམ་དབྱངས་ཆོས་སྒྲོན་ལགས་ཀྱིས་ང་ཚོ་འདིར་བཅར་བ་ནི་སུ་ཝེ་ཌན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་སུ་ཝེ་ཌན་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ནས་བོད་དོན་ལ་རྒྱབ་སྐྱོར་ཞུ་ཕྱིར་ཡིན་སྐོར་དང་། སུ་ཝེ་ཌན་བོད་རིགས་ཚོགས་པ་ནི་ཧ་ཅང་ཆུང་ཆུང་ཞིག་རེད། སུ་ཝེ་ཌན་ནང་ཁྱོན་བོད་མི་ ༡༤༠ ཙམ་ལས་མེད་པ་སོགས་ངོ་སྤྲོད་གནང་སོང་། སྐབས་དེར་སྐུ་ཞབས་ Carl Schlyter ལགས་ཀྱིས་ད་རེས་ཁོང་རྣམས་ནས་རྡ་རམ་ས་ལར་འཚམས་གཟིགས་སུ་ཕེབས་པ་དེའི་བརྒྱུད་སུ་ཝེ་ཌན་ནང་དུ་བོད་དོན་སྐོར་གླེང་སློང་མང་ཙམ་ཡོང་བར་ཕན་ཐོགས་ཡོང་རྒྱུར་རེ་བ་གནང་བཞིན་ཡོད་སྐོར་དང། སུ་ཝེ་ཌན་དེ་བཞིན་འདས་པའི་ལོ་ ༢༠༣ རིང་རྒྱལ་ཁབ་གཞན་དང་དམག་འཁྲུག་རིགས་གང་ཡང་མེད་པར་ཞི་བའི་ངང་གནས་པའི་རྒྱལ་ཁབ་ཅིག་ཆགས་ཀྱི་ཡོད་པ་དང། དེའང་སུ་ཝེ་ཌན་གྱི་མང་ཚོགས་ཁྲོད་ The Golden Path of the Middle Way ཞེས་དབུ་མའི་ལམ་ནི་གསེར་གྱི་ལམ་ཞེས་པའི་ལྟ་གྲུབ་ལག་བསྟར་གནང་རྐྱེན་ཡིན་སྟབས། ཁོང་ནས་ལོ་ཤས་སྔོན་བོད་མིས་དབུ་མའི་ལམ་གྱི་ལྟ་གྲུབ་ལག་བསྟར་གནང་བཞིན་ཡོད་པ་ཤེས་རྟོགས་བྱུང་སྐབས་སུ་ཝེ་ཌན་མང་ཚོགས་དང་བོད་མི་གཉིས་ཀས་ལྟ་གྲུབ་གཅིག་པ་འཛིན་གྱི་ཡོད་པར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་སོང། དེ་སྔ་དུས་རབས་མང་པོའི་སྔོན་ལ་སུ་ཝེ་ཌན་དང་ཁྱིམ་མཚེས་རྒྱལ་ཁབ་དབར་དམག་འཁྲུག་དུ་མ་བྱུང་ཡོད་ཀྱང། འདས་པའི་ལོ་ ༢༠༠ ཙམ་ནས་སུ་ཝེ་ཌན་དེ་རང་ཉིད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྣམས་ཀྱི་ལྷན་དུ་མཛའ་གྲོགས་ཀྱི་འདུ་ཤེས་ཐོག་མཉམ་གནས་གནང་ཞིང་། དབུ་མའི་ལམ་གྱི་ལྟ་གྲུབ་ཐོག་ནས་ཞི་བདེ་བག་ཕེབས་ཡོང་རྒྱུ་ཡོད་པ་དཔེ་མཚོན་སྟོན་ཐུབ་ཡོད་པ་ལྟར་བོད་མི་རྣམས་ལ་ཡང་དེ་མཚུངས་ཀྱི་ཉི་མ་འཆར་རྒྱུར་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད། དེ་རིང་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་སྐབས་ཁོང་ནས་མགོན་པོ་༸གང་ཉིད་མཆོག་ལ་དེང་སྐབས་དམག་འཁྲུག་ཀྱི་དུས་སྐབས་འདིར་སུ་ཝེ་ཌན་གྱི་ངོས་ནས་ Peace Exercise འམ་ཞི་བདེའི་སྦྱོང་བརྡར་ཞིག་འགོ་བཙུགས་ཡོད་པ་དང། ལས་གཞི་དེའི་འོག་གཞུང་དང་གཞུང་མ་ཡིན་པའི་རྒྱལ་ཁབ་ཕན་ཚུན་གྱི་མི་མང་དབར་མཐུན་འབྲེལ་ཡར་རྒྱས་གཏོང་ཐོག་ཞི་བདེ་བསྐྲུན་ཐབས་འབད་བཞིན་ཡོད་སྐོར་ལ་སྙན་གསེང་ཞུས་ཡོད་པ་གསུངས་སོང། རྩ་བའི་འདི་ལོ་གསར་དུ་བཙུགས་པའི་ Swedish གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་ད་ལྟའི་ཆར་འཐུས་མི་ལྔ་ཡོད་པ་རྣམས་ནི་སུ་ཝེ་ཌན་ནང་གི་ཆབ་སྲིད་ཚོགས་པ་ཆེ་གྲས་ལྔ་ཡི་འཐུས་མི་ཆགས་ཀྱི་ཡོད་པ་དང་། སྐུ་ཞབས་ Carl Schlyter ལགས་ཀྱིས་དེ་ནི་བོད་དོན་ཐོག་སུ་ཝེ་ཌན་ནང་དུ་ཆབ་སྲིད་ཚོགས་པ་ཚང་མའི་ངོས་ནས་རྒྱབ་སྐྱོར་ཡོད་པ་མཚོན་གྱི་ཡོད་སྐོར་གསུངས་སོང། རྩ་བའི་ Swedish རུ་ཁག་དེ་རེས་གཟའ་ཉི་མའི་ཉིན་རྡ་རམ་ས་ལར་འབྱོར་ཡོད་པ་དང། ད་བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང། བོད་མི་མང་སྤྱི་འཐུས་ཚོགས་གཞོན་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་ཐུག་འཕྲད་གནང་པ་མ་ཟད། ཁྱད་པར་དུ་དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་རེད། ཉིན་རྒྱབ་ཏུ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་ཐུག་འཕྲད་གནང་རྒྱུ་མ་ཟད། བོད་པའི་སློབ་གྲྭ་ཁག་ལ་འཚམས་གཟིགས་གནང་རྒྱུ་རེད་འདུག དེ་རྗེས་ཟླ་ ༩ ཚེས་ ༢ ཉིན་རྡ་ས་ནས་ཕེབས་ཐོན་གནང་གི་ཡོད་པ་རེད།

ཧོང་ཀོང་གི་འཐབ་རྩོད་དང་འབྲེལ་ཐད་གཏོང་གི་བགྲོ་གླེང་གནང་པ།

ཁ་སང་བོད་དང་ཐེ་ཝན། དེ་བཞིན་ཧོང་ཀོང་བཅས་ཀྱི་གཞོན་སྐྱེས་ལས་འགུལ་སྣེ་ཁྲིད་པ་བཞིས་དྲ་རྒྱའི་བརྒྱུད་ཧོང་ཀོང་གི་འཐབ་རྩོད་དང་འབྲེལ་ཐད་གཏོང་གི་བགྲོ་གླེང་ཞིག་གནང་ཡོད་པ་རེད། དེའང་ཉེ་ལམ་ཧོང་ཀོང་གི་ཆེས་མཐོའི་ཁྲིམས་ཁང་ནས་ཕྱི་ལོ་ ༢༠༡༤ ལོར་ཧོང་ཀོང་ནང་ཁྲིམས་འགལ་ཐོག་མི་མང་འདུ་འཛོམས་ཀྱིས་ཆར་གདུགས་གསར་བརྗེ་ལས་འགུལ་སྤེལ་ཏེ་སྲིད་གཞུང་ལ་ངོ་རྒོལ་བྱས་པའི་ཉེས་མིང་འོག་ལས་འགུལ་སྣེ་ཁྲིད་པ་རང་ལོ་ ༢༠ ཡིན་པ་Joshua Wong ལགས་དང་རང་ལོ་༢༦ ཡིན་པ་ Alex Chow ལགས། དེ་བཞིན་རང་ལོ་ ༢༤ ཡིན་པ་ Nathan Law ལགས་བཅས་གསུམ་ལ་ཟླ་བ་དྲུག་ནས་བརྒྱད་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། སྐབས་དེར་མང་གཙོར་རྒྱབ་སྐྱོར་བྱེད་མཁན་མི་མང་པོ་ཞིག་གིས་ཧོང་ཀོང་ཁྲིམས་ཁང་གི་ཐག་གཅོད་ལ་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ཨ་རིའི་གྲོས་ཚོགས་ཀྱི་ TOM Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་དང་CECC ཞེས་ཨ་རི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་། དེ་བཞིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་སོགས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཀྱང་སྐྱོན་བརྗོད་ཤུགས་ཆེ་བྱས་པར་ལྟོས་མེད་ཧོང་ཀོང་སྲིད་གཞུང་གིས་ཉེས་ཅན་འཛིན་བཟུང་བྱས་པར་ཆབ་སྲིད་ཀྱི་དམིགས་ཡུལ་གང་ཡང་མེད་ཅེས་ལན་འདེབས་བྱས་ཡོད་པ་རེད། བོད་རང་བཙན་སློབ་ཕྲུག་ཚོགས་པས་ཁ་སང་ཧོང་ཀོང་གི་འཐབ་རྩོད་དང་འབྲེལ་རྒྱ་གར་གྱི་ཕྱི་དྲོ་ཚོུད་ ༨ ཡོས་ཙམ་ལ་ཐད་གཏོང་གི་བགྲོ་གླེང་ཞིག་གནང་འདུག་པ་དང་། སྐབས་དེར་གཏམ་བཤད་གནང་མཁན་ཁོངས་སུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་ངེས་སྟོན་པ་བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་དང་སྤྱི་ཁྱབ་ངེས་སྟོན་པ་ཟུར་པ་དང་བོད་དོན་ལས་འགུལ་བསྟི་གནས་ཁང་གི་ལས་འཆར་ངེས་སྟོན་པ་བསྟན་འཛིན་རྡོ་རྗེ་ལགས། ཁྱད་པར་དུ་ཧོང་ཀོང་གི་གཞོན་སྐྱེས་ལས་འགུལ་སྣེ་ཁྲིད་པ་ Johnson Yeung ལགས་དང་ཐེ་ཝན་གཞོན་སྐྱེས་ལས་འགུལ་སྣེ་ཁྲིད་པ་ Lin Fei Fan ལགས་བཅས་བཞི་གདན་ཞུས་གནང་འདུག། ཁོང་རྣམས་ཀྱིས་སྐབས་དེར་གཙོ་བོ་ཧོང་ཀོང་ནང་ད་ཆ་འགྲོ་བཞིན་པའི་ཡུལ་དེའི་འཐབ་རྩོད་ཀྱི་གནས་བབས་དང་དེར་བོད་མིའི་ངོས་ནས་རྒྱབ་སྐྱོར་གནང་ཕྱོགས། ལྷག་དོན་རྒྱ་ནག་གཞུང་ནས་ཧོང་ཀོང་ནང་གི་གཞོན་སྐྱེས་མི་རབས་གསར་པ་རྣམས་ལ་ཞེད་སྣང་བྱེད་དགོས་དོན་ཞེས་པའི་བརྗོད་གཞི་ཁག་གི་ཐོག་གྲོས་བསྡུར་ལྷུག་པོ་གནང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ནས་བགྲོ་གླེང་གི་ལས་རིམ་དེ་གོ་སྒྲིག་གནང་མཁན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་ངེས་སྟོན་པ་རྡོ་རྗེ་ཚེ་བརྟན་ལགས་སུ་བཅར་འདྲི་ཞུས་ཡོད།

རྒྱ་གཞུང་གི་གནོན་ཤུགས་འོག་ཕྱིར་འཐེན་གནང་པའི་དཔྱད་རྩོམ་རྣམས་སླར་དྲ་ཐོག་བཞག་རྒྱུར་ཐག་གཅོད་གནང་འདུག

དེ་ཡང་ཉེ་ཆར་རེས་གཟའ་པ་སངས་ཉིན་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་ Cambridge གཙུག་ལག་སློབ་གཉེར་ཁང་གི་པར་བསྐྲུན་ཁང་ནས་རྒྱ་གཞུང་གི་གནོན་ཤུག་འོག་པར་བསྐྲུན་ཁང་གི་རྒྱ་ནག་སྡེ་ཚན་གྱི་དྲ་གནས་ China Quarterly ཞེས་པ་ལས་རྒྱལ་སྤྱིའི་གསར་འགོད་པ་དང་གང་ཟག་སྒེར་འདྲ་མིན་གྱིས་བོད་དང་ཤིང་ཅང་སོགས་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཀྱི་གནས་སྟངས་དང་རང་དབང་།  གནམ་སྡེ་སྒོར་མོ་ཆེའི་དོན་རྐྱེན་དང་རིག་གནས་གསར་བརྗེ་སོགས་རྒྱ་ནག་གི་ལོ་རྒྱུས་དང་ཆབ་སྲིད་ཀྱི་གནས་བབས་དང་འབྲེལ་བའི་དཔྱད་རྩོམ་སྤེལ་ཁག་ཕྱིར་འཐེན་གནང་ཡོད་པ་རེད། འོན་ཀྱང་ཁ་སང་ Cambridge གཙུག་ལག་སློབ་གཉེར་ཁང་གི་པར་བསྐྲུན་ཁང་ནས་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེབ་བའི་བརྒྱུད་གཙུག་ལག་སློབ་གཉེར་ཁང་དེ་ཤེས་ཡོན་གྱི་རང་དབང་གཞི་རྩར་བཞག་ཐོག་གསར་འཛུགས་གནང་པ་ཞིག་དང་། ཉེ་དུས་སུ་རྒྱ་ནག་དང་འབྲེལ་བའི་དཔྱད་རྩོམ་ཕྱིན་འཐེན་གནང་དོན་གཙོ་བོ་ནི་པར་བསྐྲུན་གྱི་དྲ་གནས་ཐོག་ཡོད་པའི་དཔྱད་རྩོམ་གཞན་རྣམས་རྒྱ་ནག་མང་ཚོགས་ཁྲོད་ཁྱབ་སྤེལ་ཐུབ་ཐབས་སུ་གནང་པ་ཞིག་ཡིན་སྐོར་སོགས་འགྲེལ་བརྗོད་དང་སྦྲགས། ཐག་གཅོད་དེ་ནི་གནས་སྐབས་ཀྱི་ཐག་གཅོད་ཞིག་ཡིན་པས་གཙུག་ལག་སློབ་གཉེར་ཁང་གི་ཤེས་ཡོན་འགན་འཛིན་དང་པར་བསྐྲུན་ཁང་གཉིས་ནས་འཕྲལ་མར་དེ་སྔ་ཕྱིར་འཐེན་གནང་པའི་དཔྱད་རྩོམ་རྣམས་རྒྱ་ནག་སྡེ་ཚན་གྱི་དྲ་གནས་ China Quarterly ཞེས་པའི་དྲ་གནས་ཐོག་བཞག་རྒྱུ་ཡིན་པར་ཐག་གཅོད་གནང་འདུག ཐག་གཅོད་གནང་པ་དེར་ Cambridge པར་བསྐྲུན་ཁང་གི་རྒྱ་ནག་སྡེ་ཚན་གྱི་དྲ་གནས་རྩོམ་སྒྲིག་པ་ Tim Pringle ལགས་ནས་དགའ་བསུ་དང་འབྲེལ་དཔྱད་རྩོམ་དེ་དག་སླར་དྲ་གནས་ཐོག་བཞག་ཐུབ་པ་དེས་ཉམས་ཞིབ་གནང་མཁན་ཚོར་དགེ་མཚན་ཆེན་པོ་ཡོང་ངེས་ཡིན་པ་དང་།  ལྷག་པར་དུ་མང་ཚོགས་ཀྱི་དཔྱད་རྩོམ་ཐད་ལ་བཏང་འཛིན་དང་དོ་དམ་གནང་རྒྱུ་ནི་ཆེ་མཐོང་ལྡན་པའི་གཙུག་ལག་ཁང་གི་པར་བསྐྲུན་ཚན་པས་གནང་སྟངས་ཤིག་མིན་སྟབས། གཙུག་ལག་སློབ་ཁང་དེའི་དྲ་གནས་ཐོག་མུ་མཐུད་བརྗོད་གཞི་དང་ཚོར་བ་རྣོ་མིན་སོགས་ལ་ལྟོས་མེད་མང་ཚོགས་ཀྱི་དཔྱད་རྩོམ་རྣམས་འགྲེམས་སྤེལ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག གཞི་རྩའི་ Cambridge པར་བསྐྲུན་ཁང་ནས་རྒྱ་གཞུང་གི་གསར་འགོད་དང་པར་བསྐྲུན་འཛིན་སྐྱོང་སྤྱི་ཁྱབ་ལྷན་ཁང་གིས་འབོད་སྐུལ་ཞུས་པ་ལྟར། ཚོར་བ་རྣོ་བའི་རྒྱ་ནག་གི་གནད་དོན་དང་འབྲེལ་བའི་དཔྱད་རྩོམ་ ༣༠༠ ལྷག་རང་ཉིད་ཀྱི་དྲ་གནས་ནས་ཕྱིར་འཐེན་གནང་པ་དེ་ནི་གཙུག་ལག་ཁང་གི་ལོ་རྒྱུས་ཐོག་ཆེས་ཐོག་མ་དེ་ཆགས་ཡོད་པ་གསུངས་འདུག ཕྱིར་འཐེན་གྱི་གནད་དོན་རྐྱེན་པས་འདས་པའི་ཉིན་གྲངས་བཞིའི་རིང་ལ་ཨ་རིའི་ Georgetown གཙུག་ལག་སློབ་གཉེར་ཁང་དང་། ཨོ་སི་ཊེ་ལི་ཡའི་ La Trobe གཙུག་ལག་སློབ་གཉེར་ཁང་སོགས་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་ནང་ལ་རྟེན་གཞི་བྱས་པའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དང་སློབ་མ། གསར་འགོད་པ་དང་དཔྱད་ཞིབ་པ་མང་དག་ཞིག་ནས་གཙུག་ལག་སློབ་གཉེར་ཁང་གི་པར་བསྐྲུན་ཁང་གི་གནང་སྟངས་དེ་ནི་ཤེས་ཡོན་གྱི་རང་དབང་ལ་བརྩི་མེད་བཏང་པ་ཞིག་རེད་ཅེས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་མ་ཟད། དཔྱད་ཞིབ་པ་ཁག་ཅིག་ནས་དེ་ནི་སྲིད་འཛིན་ཞི་ཅིང་ཕིང་གི་འགོ་ཁྲིད་པའི་རྒྱ་གཞུང་གི་དམ་དྲག་སྲིད་བྱུས་དེ་དག་རྒྱ་ནག་ནང་ཙམ་མིན་པར་ཕྱི་ཕྱོགས་སུ་རྒྱ་སྐྱེད་གཏོང་བཞིན་པའི་རྣམ་པ་ཞིག་རེད་ཅེས་འགྲེལ་བརྗོད་གནང་འདུག

ཐེའི་པེ་རྒྱལ་སྤྱིའི་རྩེད་འགྲན་ཐོག་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་འདུག

རྒྱལ་ས་ Taipei ནང་དུ་ཟླ་བ་འདིའི་ཕྱི་ཚེས་ ༡༩ ཉིན་ཐེ་ཝན་རྒྱལ་ཁབ་ཀྱི་གོ་སྒྲིག་འོག་ 29th Summer Universiade 2017 ཞེས་ཕྱི་ལོ་ ༢༠༡༧ ལོའི་འཛམ་གླིང་ཁྱོན་ཡོངས་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་དབྱར་དུས་ཀྱི་རྩེད་འགྲན་ཐེངས་ ༢༩ པ་དབུ་འཛུགས་གནང་ཡོད་པ་དང། ད་ལན་གྱི་རྩེད་འགྲན་དེའི་ཐོག་འཛམ་གླིང་རྒྱལ་ཁབ་མི་འདྲ་བ་ ༡༤༡ ལྷག་ནས་རྩེད་འགྲན་པ་ ༧༧༠༠ ལྷག་འདུ་འཛོམས་བྱུང་འདུག སྐབས་དེར་ཐེ་ཝན་གྱི་ས་གནས་བོད་རིགས་ཚོགས་པའི་གོ་སྒྲིག་འོག་བོད་མི་ཚོས་རྒྱལ་ཁབ་འདྲ་མིན་ཁག་གི་རྩེ་འགྲན་པ་ཚོའི་རུ་སྒྲིག་གནང་ཡུལ་གྱི་རྩེད་ཐང་ཕྱི་ཕྱོགས་སུ་བོད་ཀྱི་རྒྱལ་དར་འཕྱར་ཞིང། རྩེད་འགྲན་ནང་མཉམ་ཞུགས་གནང་མཁན་ཚོར་འཚམས་འདྲི་དང། རྒྱ་གཞུང་གིས་བོད་ནང་ཁྲིམས་འགལ་ཐོག་ནས་བཙན་འཛུལ་བྱས་ཡོད་སྐོར་འཁོད་པའི་ཕྲེད་དར་འཕྱར་བ། དེ་བཞིན་བོད་ལ་རང་དབང་དགོས་སོགས་ཀྱི་སྐད་འབོད་སོགས་གནང་ཐོག་བོད་ནང་གི་ཛད་དྲག་གནས་སྟངས་མངོན་གསལ་གནང་འདུག ཐེངས་དེའི་ཐེའི་པེ་ནང་ཚོགས་པའི་རྒྱལ་སྤྱིའི་རྩེད་འགྲན་ཆེན་མོའི་དེ་དང་འབྲེལ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་སྐབས་དེའི་རྩེད་འགྲན་དབུ་འབྱེད་ཀྱི་མཛད་སྒོའི་ཉིན་རྩེད་འགྲན་ཚོགས་ཡུལ་གྱི་རྩེད་ཐང་ཕྱི་ཕྱོགས་སུ་ཁུལ་དེའི་ཆབ་སྲིད་བཙོན་ཟུར། ཐེ་ཝན་རང་བཙོན་རྩོད་ལེན་པ། དེ་བཞིན་ཧྥ་ལུང་སྒོང་ལ་སོགས་པའི་ཚོགས་པབརྒྱ་ཕྲག་མང་པོ་འདུ་འཛོམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་དང། ཐེ་ཝན་གྱི་སྲིད་འཛིན་ལྕམ་སྐུ་ Tsai Ing-wen མཆོག་སྲིད་འཛིན་ནས་མར་ཕོབས་ཤིག་སོགས་ཀྱི་ངོ་རྒོལ་ལས་འགུལ་ཤུགས་ཆེ་སྤེལ་སྟབས་མཛད་སྒོ་སྐབས་རྩེད་འགྲན་པ་ཚོ་རྩེད་ཐང་དུ་གོམ་འགྲོས་གནང་པར་འགོག་རྐྱེན་བཟོས་པ་དང་། རྒྱལ་ཁབ་ ༡༤༡ གི་རྩེད་འགྲན་པའི་ཁྲོད་ནས་དངོས་གཞི་རྩེད་འགྲན་དབུ་འབྱེད་ཀྱི་གོམ་འགྲོས་ལས་གོ་རིམ་ལྟར་ Argentina དང།  Brazil རྒྱལ་ཁབ་གཉིས་ཀྱི་སློབ་ཕྲུག་རྩེད་འགྲན་པ་ཚོ་མ་གཏོགས་དེ་མིན་རྒྱལ་ཁབ་ཁག་གི་རྩེད་འགྲན་པ་ཚོའི་དར་ཆ་རྩེད་ཐང་དུ་རུ་སྒྲིག་གི་ངོ་བོར་འཁྱེར་བཅུག་པ་ལས་རྩེད་འགྲན་པ་དངོས་སུ་གོམ་འགྲོས་ནང་དུ་ཞུགས་བཅུག་མེད་པའི་གནས་ཚུལ་བྱུང་འདུག ལྷག་པར་དུ་ཐེངས་དེའི་ Taipei ནང་ཚོགས་པའི་འཛམ་གླིང་ནང་གཙུག་ལག་སློབ་གྲྭ་ཆེན་མོའི་རྩེད་འགྲན་གྱི་དབུ་འབྱེད་མཛད་སྒོར་རྒྱ་ནག་གཞུང་གི་སློབ་ཕྲུག་ནས་མཉམ་ཞུགས་བྱེད་མེད་པ་རེད།  AFP བརྒྱུད་ལམ་ཐོག་ཏུ་འགྲེལ་བརྗོད་གནང་པར་གཞིགས་ན། དབུ་འབྱེད་ཀྱི་མཛད་སྒོར་རྒྱ་ནག་གི་སློབ་ཕྲུག་ཚོ་མཉམ་ཞུགས་མ་བྱས་པའི་རྒྱུ་མཚན་ནི་སྲིད་འཛིན་ལྕམ་སྐུ་ Tsai Ing-wen མཆོག་ཐེ་ཝན་གྱི་སྲིད་འཛིན་ལ་ངོས་ལེན་མེད་པའི་རྣམ་པ་མངོན་གསལ་བྱེད་ཕྱིར་ཡིན་པ་འཁོད་འདུག དཔྱད་ཞིབ་པ་ཁག་གིས་རྒྱ་ནག་ནས་ད་ལན་དབུ་འབྱེད་མཛད་སྒོར་མཉམ་ཞུགས་མ་བྱེད་པ་དེས་རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་ཇི་སྡུག་ཏུ་འགྲོ་བཞིན་ཡོད་པའི་རྣམ་པ་ཞིག་ཡིན་པར་འགྲེལ་བརྗོང་བྱས་འདུག རྩ་བའི་ཕྱི་ལོ་ ༡༩༤༩ རྗེས་ཐེ་ཝན་མཚོ་གླིང་དེ་རྒྱ་ནག་ནས་ཁ་བྲལ་དུ་ཕྱིན་པའི་རྒྱལ་ཁབ་ཅིག་ཡིན་པ་དང། ད་ལྟའི་ཆར་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲོད་ཐེ་ཝན་རྒྱལ་ཁབ་དེ་རྒྱ་ནག་གི་མངའ་ཁོངས་ཡིན་པར་རྩོད་ལེན་བྱེད་བཞིན་ཡོད་པ་རེད། ཐེངས་དེའི་ཐེ་པའེ་རྒྱལ་སྤྱིའི་རྩེད་འགྲན་གྱི་དབུ་འབྱེད་མཛད་སྒོར་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲོད་པས་ཐེ་ཝན་རྒྱལ་ཁབ་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་ཐུབ་མེད་པ་མ་ཟད། རྒྱལ་ཁབ་ཀྱི་རྒྱལ་གླུ་ཡང་བླངས་བཅུག་མེད་པ་རེད་འདུག

བྷོ་ཙ་ཝ་ན་སྲིད་འཛིན་མཆོག་གིས་ང་ཚོ་རྒྱ་ནག་གི་མངའ་འོག་མིན་ཞེས་གསུངས་འདུག

འདས་པའི་ཟླ་བ་བཞིའི་ནང་ཚུད་དང་ལྷག་པར་ཉེ་བའི་བདུན་ཕྲག་འདིའི་ནང་རྒྱ་ནག་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྷོ་ཙ་ཝ་ན་ནང་གི་ཆིབས་སྒྱུར་མཛད་འཆར་ལ་སྐྱོན་བརྗོད་ཀྱིས་འགོག ་རྐྱེན་བཟོ་ཐབས་སྔ་རྗེས་བྱས་ཡོད་ཀྱང་། བྷོ་ཙ་ཝ་ན་རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་ཞབས་ Ian Khama མཆོག་གིས་རྒྱ་གཞུང་གི་གནོན་ཤུགས་དང་ཉེན་བརྡའི་འོག་མ་ཚུད་པར་༸གོང་ས་མཆོག་ཁུལ་དེར་ཆིབས་སྒྱུར་བསྐྱང་ཐུབ་ཕྱིར་ཕྱོགས་གང་ཅིའི་ཐད་ནས་གདོང་ལེན་གནང་སྟེ། ང་ཚོ་རྒྱ་ནག་གི་མངའ་འོག་མིན་ཞེས་བཞེངས་ཕྱོགས་ཁ་གསལ་གསུངས་འདུག དེ་ཡང་ Botswana Guardian གསར་ཤོག་ཐོག་སྲིད་འཛིན་མཆོག་གིས་རྒྱ་ནག་གཞུང་ནས་སྲིད་འཛིན་ Khama མཆོག་ལ་ཁུལ་དེར་ཡོད་པའི་རྒྱ་ནག་གཞུང་ཚབ་པ་མེད་པ་བཟོས་ནས་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་དོ་ཕག་འགྲོ་ཉེན་དང་། དེ་བཞིན་རྒྱ་གཞུང་ནས་ཨ་ཕི་རི་ཀའི་རྒྱལ་ཁབ་གཞན་རྣམས་དང་མ་གཏོགས་བྷོ་ཙ་ཝ་ན་དང་འབྲེལ་བ་བཅད་རྒྱུ་ཡིན་པ་སོགས་ཀྱི་ཉེན་བརྡ་བཏང་ཡོད་སྐོར་གསུངས་འདུག རྩ་བའི་༸གོང་ས་མཆོག་འདས་པའི་ཟླ་བ་གཉིས་ནང་མཛད་བྲེལ་ཧ་ཅང་ཆེན་པོ་བྱུང་རྐྱེན་ད་རེས་བྷོ་ཙ་ཝ་ན་རྒྱལ་ས་ Gaborone ནང་ཚོགས་པའི་སེམས་དང་སྲོག་གི་ཚོགས་འདུར་ཆིབས་སྒྱུར་བསྐྱང་ཐུབ་མེད་ནའང། གལ་ཏེ་༸གོང་ས་མཆོག་ཁུལ་དེར་ཆིབས་སྒྱུར་མཛད་ཐུབ་ཡོད་ཚེ་སྲིད་འཛིན་ Khama མཆོག་ནས་༸གང་ཉིད་མཆོག་དང་མཇལ་ཁ་ཡང་ཞུ་འཆར་ཡོད་པ་རེད་འདུག ད་རེས་སྲིད་འཛིན་ Khama མཆོག་གིས་རྒྱ་གཞུང་གི་གནོན་ཤུགས་འོག་མགོ་བོ་མ་སྒུར་བར་བཞེངས་ཕྱོགས་མངོན་གསལ་གནང་པའི་དུས་མཚམས་དེར་བྷོ་ཙ་ཝ་ན་རྒྱལ་ནང་གི་ Gabz FM རླུང་འཕྲིན་ལས་ཁང་ནས་ཀྱང་ད་རེས་ཁུལ་དེར་ཉིན་གསུམ་རིང་འཚོགས་བཞིན་པའི་སེམས་དང་སྲོག་གི་ལྷན་ཚོགས་ཐད་གཏོང་གནང་ནས་དྲིལ་བསྒྲགས་རྒྱ་ཆེ་སྤེལ་འདུག དེ་དེ་བཞིན་སེམས་དང་སྲོག་ཚོགས་པའི་ཚོགས་གཙོ་ལྕམ་ Susan མཆོག་ནས་ཀྱང་ད་རེས་སྲིད་འཛིན་Khama མཆོག་གིས་རྒྱབ་སྐྱོར་ལ་བརྟེན་ནས་སེམས་དང་སྲོག་གི་ཚོགས་འདུ་དེ་ཚོགས་ཐུབ་ཡོད་པ་དང་། ལྷག་པར་དུ་ཁོང་གི་ཕྱིའི་གནོན་ཤུགས་ལ་བློ་ཁོག་ཆེན་པོས་གདོང་ལེན་གནང་པ་དེ་ནི་འཛམ་གླིང་འོག་ཁྲིད་གཞན་རྣམས་ལ་མིག་དཔེ་གསོན་པོ་ཞིག་ཀྱང་ཆགས་ཡོད་པས་བསྔགས་བརྗོད་ཞུས་འདུག ཨ་ཕི་རི་ཀ་རྒྱལ་ཁབ་བྷོ་ཙ་ཝ་ནའི་སྲིད་འཛིན་ Khama མཆོག་གིས་ཁ་ཉིན་ཕྱི་ཚེས་ ༡༧ ཉིན་སེམས་དང་སྲོག་གི་ལྷན་ཚོགས་ཉིན་དང་པོའི་དབུ་འབྱེད་མཛད་སྒོར་ཕྱི་ནང་གི་མཁས་པ་དང་ཚོགས་བཅར་བ་ཀུན་ལ་འཚམས་འདྲིའི་གསུང་བཤད་གནང་པའི་ཁྲོད། ༸གོང་ས་ཏཱ་ལའི་བླ་མ་མཆོག་ད་རེས་༸སྐུའི་འཕྲོད་བཞེས་རྐྱེན་པས་ཚོགས་འདུར་ཆིབས་སྒྱུར་བསྐྱང་ཐུབ་མེད་སྟབས། དུས་ཚིགས་འདིའི་ཐོག་ནས་ང་ཚོ་ཚང་མས་༸གོང་ས་མཆོག་གང་མགྱོགས་༸སྐུ་གཟུགས་གསལ་ཐང་ཡོང་བའི་སྨོན་ལམ་ཞུ་རྒྱུ་དང་ཆབས་ཅིག། སྲིད་འཛིན་རང་ངོས་ནས་མ་འོངས་པར་བྷོ་ཙ་ཝ་ནར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་ལྷན་ཚོགས་ཤིག་གོ་སྒྲིག་ཞུ་འཆར་ཡོད་པས་སྐབས་དེ་དུས་༸གོང་ས་ཏཱ་ལའི་བླ་མཆོག་ཆིབས་སྒྱུར་བསྐྱང་རྒྱུའི་རེ་བ་ཡོད་པ་གསུངས་འདུག  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་ལྷན་ཚོགས་དེ་དང་འབྲེལ་བའི་འཚམས་འདྲིའི་བརྙན་ཐུང་ཞིག་བཀྲིན་བསྩལ་བའི་ནང་སྲིད་འཛིན་སྐུ་ཞབས Ian Khama མཆོག་གིས་༸གང་ཉིད་མཆོག་ཁུལ་དེའི་ནང་གི་ཆིབས་སྒྱུར་ཐད་ཐུགས་འདོད་དང་རྒྱབ་སྐྱོར་ཤུགས་གནང་པར་༸གོང་ས་མཆོག་གིས་ཁོང་ལ་ཐུགས་རྗེ་ཞུ་གསུངས་པ་དང་འབྲེལ། སླད་མར་གོ་སྐབས་གཞན་ཞིག་བྱུང་ཚེ་༸གང་ཉིད་མཆོག་ངེས་པར་དུ་ཕེབས་རྒྱུ་ཡིན་པར་ཞལ་བཞེས་བཀྲིན་བསྩལ་ཡོད་པ་རེད།

དབྱིན་ཡུལ་བོད་མི་ཚོས་ཡུལ་དེའི་རྐང་སྤོལ་རྩེད་འགྲན་སྐབས་ Liverpool རུ་ཁག་ལ་ངོ་རྒོལ།

དེ་རིང་ཕྱི་ཚེས་ ༡༢ ཉིན་ཨིན་ཡུལ་ནང་དུ་སྙན་གྲགས་ཆེ་བའི་ Liverpool རྐང་རྩེད་སྤོ་ལོའི་རུ་ཁག་དང་ Watford རུ་ཁག་གཉིས་དབར་རྩེ་འགྲན་གནང་སྐབས་ཡུལ་དེའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་བོད་ཀྱི་ཆུ་རྒྱུད་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་པའི་རེ་འབོད་གནང་བ་དང་སྦྲགས་ཏེ་ Liverpool རུ་ཁག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་འདུག ཉེ་ཆར་ཕྱི་ཟླ་ ༧ ཚེས་ ༢༥ ཉིན་ཨིན་ཡུལ་གྱི་ Liverpool རྐང་རྩེད་སྤོ་ལོའི་རུ་ཁག་དང་རྒྱ་ནག་གི་ Tibet Water Resources Ltd. ཞེས་པའི་དྭངས་ཆུ་ཚོང་ལས་སྡེ་ཚན་གཉིས་དབར་ཚོང་འབྲེལ་བྱ་རྒྱུའི་གསལ་བསྒྲབགས་སྤེལ་ཡོད་པ་ལྟར། བོད་དོན་ལས་འགུལ་བ་རྣམས་ནས་དྲྭ་རྒྱ་དང་བརྒྱུད་ལམ་འདྲ་མིན་ཐོག་རྩེད་འགྲན་རུ་ཁག་དེར་རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་བྱེད་རྒྱུ་མེད་པ་དང་། རྒྱ་ནག་གི་ཚོང་ལས་ཁང་དང་ཚོང་ལས་བྱེད་པ་ནི་བོད་ནང་གི་ཁོར་ཡུག་གཏོར་བཤིག་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏང་རྒྱུའི་ཐད་ལ་རྒྱ་ནག་དང་མཉམ་དུ་ལག་འབྲེལ་བྱེད་པ་ཞིག་ཡིན་པར་སྐྱོན་བརྗོད་གནང་བཞིན་པ་རེད། དེའི་ཁྲོད་དེ་རིང་ཨིན་ཡུལ་རྒྱལ་ས་ London ཉེ་འགྲམ་དུ་ཡོད་པའི་ Watford ས་གནས་སུ་ཨིན་ཡུལ་ནང་སྙན་གྲགས་ཆེ་བའི་ English Premier League འམ་ཡུལ་དེའི་རྐང་རྩེད་སྤོ་ལོའི་རྩེ་འགྲན་ཁྲོད་ Watford རྩེད་འགྲན་རུ་ཁག་དང་ Liverpool རུ་ཁག་གཉིས་དབར་རྩེད་འགྲན་གནང་སྐབས་ཡུལ་དེའི་བོད་རིགས་ཚོགས་པ་དང་ Tibet Society ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཀྱིས་གོ་སྒྲིག་གནང་བའི་འོག Tibet Waters ཞེས་པའི་དྭངས་ཆུ་བགོས་འགྲེམས་བྱེད་ཐོག་བོད་ཀྱི་ཆུ་རྒྱུད་ཁག་གི་གལ་གནད་དང་དེ་དག་རྒྱ་ནག་གི་སྦག་བཙོག་བཟོས་པ་དང་ཁོར་ཡུག་གཏོར་བཤིག་གཏོང་བཞིན་ཡོད་པ་མངོན་གསལ་གནང་སྟེ་གོ་རྟོགས་སྤེལ་བའི་བརྒྱུད། Liverpool རྩེད་འགྲན་རུ་ཁག་སརྒྱ་ནག་ཚོང་ལས་ཁང་དང་མཉམ་དུ་ཚོང་འབྲེལ་བྱེད་པར་ངོ་རྒོལ་མུ་མཐུད་བྱེད་བཞིན་འདུག རྩ་བའི་ Tibet Water Resources Ltd. ཞེས་པའི་རྒྱ་ནག་གི་ཚོང་ལས་སྡེ་ཚན་དེ་རྒྱ་ནག་ནང་དུ་དྭངས་ཆུ་དང་སྦི་རག་ཚོང་འགྲེམས་བྱེད་མཁན་གྱི་ཚོང་ལས་ཁང་ཞིག་ཡིན་པ་དང་། དེ་སྔ་སྡེ་ཚན་དེས་དྭངས་ཆུ་རྣམས་ 5100 Glacial Water ཞེས་པའི་མིང་བྱང་འོག་ཚོང་འགྲེམས་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོར་ཚོང་ལས་ཁང་དེའི་མིང་བྱང་དེ་ Tibet Water Resources ལ་མིང་བསྒྱར་བྱས་པ་རེད།

ཡོ་རོབ་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་རྣམ་པའི་ཚོགས་ཆེན་ཐེངས་ ༩ པ་སི་པཱེན་གྲོང་ཁྱེར་བྷར་སེ་ལོ་ནར་ཚོགས་འདུག

ཡོ་རོབ་བོད་རིགས་ཚོགས་པའི་ཚོགས་གཙོ་རྣམ་པའི་ཚོགས་ཆེན་ཐེངས་ ༩ པ་དེ་ཉེ་ཆར་ཟླ་ ༧ ཚེས་ ༢༢ ཉིན་ཡོ་རོབ་རྒྱལ་ཁབ་སི་པཱེན་གྲོང་ཁྱེར་ Barcelona ནང་དུ་ཚོགས་འདུག་པ་དང་། དེའི་ཐོག་ཕྱི་ལོ་ ༢༠༡༨ ལོར་ཡོ་རོབ་རྒྱལ་ཁབ་སུད་སིར་ཡུ་རོབ་བོད་རིགས་ཚོགས་པ་རྣམས་ཐུན་མོང་ཐོག་གསུམ་བཅུའི་དུས་དྲན་སྲུང་བརྩི་རྒྱ་གང་ཆེ་ཞུ་རྒྱུ་དང། ལོ་རྗེས་མ་བྷར་སེ་ལོ་ན་ནང་དུ་ཡོ་རོབ་ཁུལ་གྱི་བོད་རིགས་སློབ་མ་རྣམས་ལ་དབྱར་དུས་བོད་ཡིག་ཟབ་སྦྱོང་གནང་གཏན་ཁེལ་འདུག ཡོ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་བྱམས་པ་ཚེ་རིང་བཅས་ཡོ་རོབ་སྤྱི་འཐུས་རྣམ་གཉིས་ཀྱིས་འགན་ཁུར་ཐོག་ཡོ་རོབ་ཁུལ་གྱི་ས་ཁུལ་ཁག་བཅུ་ཙམ་གྱི་བོད་རིགས་ཚོགས་པའི་ཚོགས་གཙོ་རྣམ་པའི་ཚོགས་ཆེན་ཐེངས་ ༩ པ་དེ་བྷར་སེ་ལོ་ན་བོད་ཁང་དུ་ཚོགས་ཡོད་པ་རེད། སྐབས་དེར་སུད་སི་དང་སུ་ཌིན། བྷེལ་ཇམ། ཧྥ་རན་སི། དབྱིན་ཡུལ་དང་ནོར་ཝེ། ཇར་མ་ནི། ཨི་སི་ཊོ་ལི་ཡ། སི་པཱན་བཅས་ཡོ་རོབ་རྒྱལ་ཁབ་ཁག་གི་ནང་དུ་ཡོད་པའི་བོད་རིགས་ཚོགས་པའི་ཚོགས་གཙོ་འམ་ཚོགས་གཞོན་བཅས་མཉམ་ཞུགས་གནང་འདུག་པ་དང། བོད་དོན་དང་འབྲེལ་བའི་ལས་འགུལ་སྤེལ་ཕྱོགས་དང་ས་གནས་བོད་མིའི་གནས་སྟངས་ཤེས་རྟོགས་བྱ་རྒྱུ། དེ་བཞིན་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་དང་སྤྱི་ཚོགས་མཉམ་དུ་འབྲེལ་བ་བྱེད་ཕྱོགས་བཅས་ཀྱི་སྐོར་ལ་གྲོས་བསྡུར་གནང་འདུག ཚོགས་འདུའི་ཐོག་མ་འོངས་ཕྱི་ལོ་ ༢༠༡༨ ལོའི་གསུམ་བཅུའི་དུས་དྲན་དེ་ཡོ་རོབ་བོད་རིགས་ཚོགས་པ་རྣམས་ཐུན་ཐོང་ཐོག་སུད་སི་གྲོང་ཁྱེར་ཇི་ནི་ཝར་སྲུང་བརྩི་ཞུ་རྒྱུ་དང། དེ་བཞིན་ལོ་རྗེས་མའི་ཚོགས་ཆེན་དེ་བཞིན་བྷེལ་ཇམ་དུ་འཚོགས་རྒྱུ། ཕྱི་ལོ་ ༢༠༡༨ ལོར་བྷར་སེ་ལོ་ན་བོད་ཁང་གི་རྐང་འགན་བཞེས་ཐོག་ཡོ་རོབ་ཁུལ་གྱི་བོད་རིགས་སློབ་ཕྲུག་རྣམས་ལ་ Summer Camp འམ་བོད་ཀྱི་ཆོས་དང་རིག་གཞུང། སྐད་ཡིག་སོགས་ངོ་སྤྲོད་ཀྱི་དབྱར་ཁའི་སློབ་དུས་ཚོགས་གཏན་ཁེལ་འདུག ཡོ་རོབ་ཁུལ་དུ་གནས་སྡོད་བོད་མི་རྣམས་ཀྱི་ཁྲོད་ནས་དྭངས་བླངས་དཔྱ་དངུལ་འབུལ་ཕྱོགས་ཐད་གཙོ་བོ་སྒེར་སོ་སོ་ནས་འགན་ཁུར་བཞེས་དགོས་པ་དང། དེ་བཞིན་ཁུལ་དེར་བོད་མི་སྐྱབས་བཅོལ་བ་མང་དག་ཞིག་ཕེབས་བཞིན་པ་རྣམས་ལ་དཀའ་ངལ་དུ་མ་འཕྲད་བཞིན་ཡོད་པ་དེ་ལྟར། སྔ་ནས་ནས་གྲ་སྒྲིག་འཐུས་ཚང་གནང་གལ་ཡིན་པ་སོགས་ཀྱི་ཐོག་གྲོས་བསྡུར་ལྷུག་པོ་གནང་འདུག རྩ་བའི་ད་ལྟའི་ཆར་ཡོ་རོབ་རྒྱལ་ཁབ་ཁོངས་ནས་སུད་སི་ནང་དུ་བོད་མི་སྐྱབས་བཅོལ་བའི་གྲངས་འབོར་དེ་ ༧༠༠༠ ཙམ་ཆགས་ཀྱི་ཡོད་པ་དང། ཧྥ་རན་སིར་བོད་མི་ ༦༠༠༠ ཙམ་དང་བྷེལ་ཇམ་དུ་བོད་མི་ ༣༥༠༠ ཇར་མ་ནིར་བོད་མི་ ༡༠༠༠ དབྱིན་ཡུལ་ནང་དུ་བོད་མི་ ༩༠༠ ཨོ་སི་ཊོ་ལི་ཡའི་ནང་དུ་བོད་མི་ ༥༠༠ སུ་ཌིན་ནང་དུ་བོད་མི་ ༡༤༠ ཙམ་དེ་བཞིན་ནོར་ཝེ་ནང་དུ་ ༤༥ ཙམ་ཡོད་པ་མ་ཟད། སི་པཱན་ནང་དུ་བོད་མི་ ༡༡༠ བཅས་ཁྱོན་ཡོ་རོབ་ཁུལ་དུ་ད་ལྟའི་ཆར་བོད་མི་ཁྲི་ ༢ ཙམ་ཞིག་གནས་སྡོད་གནང་བཞིན་ཡོད་པར་ཚོད་དཔག་གནང་གི་འདུག

ཨ་རི་གྲོས་ཚོགས་སུ་བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་ཐོག་ཉན་ཞིབ་ཀྱི་ལས་རིམ་ཚོགས་པ།

ཨ་རི་གྲོས་ཚོགས་ནང་གྲོས་ཚོགས་ཀྱི་ Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནས་བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་སྐོར་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་ཡོད་པ་རེད། ཁ་སང་ཉན་ཞིབ་ཀྱི་ལས་རིམ་དེའི་ཐོག་ཨ་རི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་གྲས་སུ་ཡོད་པའི་སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས་དང།  སྐུ་འབུམ་དགོན་པའི་མཁན་ཟུར་ཨ་ཀྱ་རིན་པོ་ཆེ་མཆོག སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས། སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས། དེ་བཞིན་ཨ་རི་གཞུང་གི་བོད་དོན་དམིགས་གསལ་སྐུ་ཚབ་ཟུར་པ་ལྕམ་ Sarah Sewall ལགས་ཀྱི་སློབ་སྟོན་པ་གནང་མྱོང་མཁན་སྐུ་ཞབས་Todd Stein  ལགས་སོགས་བཅས་ནས་མཉམ་ཞུགས་གནང་སྟེ། གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆུང་མདུན་དུ་བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་ཆེས་ཞན་པོ་ཡོད་པར་བདེན་དཔང་གནང་འདུག སྐབས་དེར་སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་རྒྱ་གཞུང་གིས་བོད་ནང་ཆོས་ཕྱོགས་ཀྱི་དམ་དྲག་དང་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ངོས་འཛིན་ལ་ཐད་བྱུས། དེ་བཞིན་བོད་གསེར་རྟ་བླ་རུང་སྒར་གཏོར་བཤིག་གི་གནད་དོན་དང། བོད་མི་ཆབ་སྲིད་བཙོན་པའི་གནད་སྟངས་དང་རྒྱ་གཞུང་གི་བྱེད་སྟངས་བཅས་ལ་ཞིབ་ཕྲ་ངོ་སྤྲོད་དང་སྦྲགས། ཨ་རི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ངོས་ནས་རྒྱ་ནག་དེ་ Country of particular concern འམ་དོགས་ཟོན་བྱེད་དགོས་པའི་རྒྱལ་ཁབ་ཞིག་ཏུ་ངོས་འཛིན་དགོས་པ་དང། ཨ་རི་གྲོས་ཚོགས་ཀྱི་ངོས་ནས་བོད་མིར་རང་གི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱུ་རྒྱུའི་ཐད་དཔལ་འབྱོར་སོགས་གང་ཅི་ཐད་ནས་རྒྱབ་སྐྱོར་མུ་མཐུད་གནང་དགོས་པ། དེ་བཞིན་ཨ་རི་གཞུང་དང་གྲོས་ཚོགས་གཉིས་ཀྱི་ངོས་ནས། Reciprocal Access to Tibet Act ཞེས་རྒྱ་ནག་དང་ལྷན་དུ་ཕན་ཚུན་དབར་རང་དབང་འདྲ་མཉམ་ཐོག་མི་སྣ་བསྐྱོད་རེས་བྱེད་བཅུག་དགོས་པའི་སྲིད་བྱུས་ལག་བསྟར་དགོས་པའི་འབོད་སྐུལ་གནང་འདུག ཁོང་གིས་ད་དུང་ཨ་རི་གཞུང་གིས་རྒྱ་ནག་དང་མཉམ་དུ་གོ་སྐབས་ནམ་བྱུང་ཚེ་བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་སྐོར་གླེང་སློང་གནང་དགོས་པ་དང། རྒྱ་ནག་གཞུང་ལ་༸གོང་ས་མཆོག་བོད་ནང་ཕྱིར་གདན་འདྲེན་ཞུ་བཅུག་དགོས་པར་གནོན་ཤུགས་སྤྲོད་དགོས་པ། ལྷག་པར་རྒྱ་གཞུང་ལ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་བདེ་ཐང་ཡིན་པའི་དཔང་རྟགས་བརྙན་དཔར་བཏོན་དགོས་པ་དང། བོད་རྒྱ་གྲོས་མོལ་བཅས་ཀྱི་ཐོག་ལ་གནོན་ཤུགས་སྤྲོད་དགོས་པའི་རེ་འདུན་ཁག་ཅིག་བཏོན་ཡོད་པ་རེད། དེ་བཞིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་ཚ་མོ་ཉི་མ་ལྷ་མོ་ལགས་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གི་བཙོན་ཁང་ནང་གློ་བུར་དུ་དགོངས་པ་རྫོགས་པའི་སྔ་རྗེས་ཀྱི་གནས་ཚུལ་ཞིབ་རྒྱས་ངོ་སྤྲོད་དང་སྦྲགས། རིན་པོ་ཆེ་མཆོག་ལ་རྒྱ་ནག་གིས་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་པའི་གནད་དོན་མཐའ་མ་དེ་ཆགས་པའི་རེ་སྨོན་ཞུ་བཞིན་ཡོད་པ་དང། གནད་དོན་དེ་ནས་དཔེ་བསླངས་ཏེ་ད་ལྟ་རྒྱ་ནག་གཞུང་གིས་སྐུ་ཞབས་ལིའུ་ཞའོ་པའོ་ལགས་ཀྱི་གནད་དོན་ཐད་གང་དྲག་ཅི་དྲག་གནང་རྒྱུའི་རེ་བ་ཡོད་སྐོར་གསུངས་པ་དང་འབྲེལ། ཨ་རི་ངོས་ནས་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་སྟངས་ཀྱི་གནད་དོན་ཐད་རྟོག་ཞིག་མཐིལ་ཕྱིན་ཞིག་གནང་རྒྱུའི་ཐད་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་ཞུ་འབོད་ཀྱང་གནང་འདུག གཞན་ཡང་སྐབས་དེར་ཨ་རི་ཕྱི་སྲིད་ལས་ཁུངས་ནང་ཕྱག་ལས་གནང་མྱོང་མཁན་དང་ལྕམ་ Sarah Sewall མཆོག་གི་སློབ་སྟོན་པ་གནང་མྱོང་མཁན་སྐུ་ཞབས་ Todd Stien ལགས་ཀྱིས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་དེའི་ཐོག་རྒྱ་གཞུང་གིས་ཐེ་གཏོགས་བྱེད་བཞིན་སྐོར་གླེང་བ་དང་འབྲེལ། ཨ་རི་གཞུང་དང་གྲོས་ཚོགས་གཉིས་ཀའི་ངོས་ནས་དེར་དོ་སྣང་ཆེ་ཙམ་གནང་དགོས་སྐོར་གསུངས་འདུག ཁོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ནས་རེ་བ་བཅོལ་ས་གཅིག་པོ་དེ་ཡིན་སྟབས། ཆོས་མེད་སྨྲ་བའི་རྒྱ་ནག་གཞུང་གི་ངོས་ནས་བོད་དང་བོད་མིའི་ཐོག་དབང་བསྒྱུར་མཐའ་གཅིག་ཏུ་བྱེད་ཆེད་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་གྱི་ཐོབ་ཐང་དེ་རྒྱ་ནག་གཞུང་ལ་ཡོད་པ་འཁྱོག་བཤད་རབས་དང་རིམ་པ་བྱེད་བཞིན་ཡོད་ཀྱང་། ༸གོང་ས་མཆོག་གི་ངོས་ནས་༸གོང་ས་སྐུ་ཕྲེང་ ༡༣ པའི་ཡང་སྲིད་དུ་ཁོང་སྐུ་འཁྲུངས་པ་བཞིན་༸སྐུའི་ཡང་སྲིད་དེ་ལྟར་ཡོང་སྲིད་པ་དང། ཡང་ན་མ་འདས་སྤྲུལ་སྐུ། བེུད་ཀྱི་ལུས་རྟེན་དུ་༸སྐུ་འཁྲུངས་སྲིད་པ་སོགས་བཀའ་གནང་ནས་མདོར་དོན་༸སྐུའི་ཡང་སྲིད་དེ་མ་འོངས་པར་རང་དབང་ལུང་པ་ཞིག་ཏུ་འཁྲུངས་རྒྱུ་ཡིན་པ་དང། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གི་དགོས་མེད་གཟིགས་ན་ཡང་སྲིད་མི་ཕེབས་པ་སྲིད་སྐོར་སོགས་ཐབས་ལམ་འདྲ་མིན་གནང་བཞིན་ཡོད་པ་གསལ་བཏོན་དང་སྦྲགས། ནམ་ཞིག་གོང་ས་མཆོག་༸སྐུ་འཚོ་ཞུགས་མེད་པའི་དུས་མཚམས་དེར་གཟིང་འཁྲུག་ལངས་ངེས་ཡིན་པ་དང། སྐབས་དེར་རྒྱ་གཞུང་གིས་དྲག་གནོན་ཡང་དེ་སྔ་ལས་ལྷག་པ་བྱེད་ངེས་ཡིན་པ་རེད། གནད་སྟངས་དེ་ནི་ཡོ་བསྲང་བྱེད་ཐབས་ཡོད་པ་ཞིག་ཡིན་པ་དང། ཨ་རི་ལྟ་བུའི་སྟོབས་ཆེན་རྒྱལ་ཁབ་རྣམས་ནས་དེ་དག་ཐོག་སྔ་ས་ནས་སྟ་གོན་འཐུས་ཚང་གནང་ཐུབ་རྒྱུ་ཡོད་པ་མ་ཟད། ཨ་རི་རང་ཉིད་ལ་ཡང་ཁེ་ཕན་ཡོད་སྐོར་དོན་ཚན་ཁག་ཅིག་ཆེད་བཏོན་གནང་འདུག དེ་བཞིན་ཁོང་གིས་རྒྱ་ནག་གཞུང་ནས་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་གྱིས་བོད་རྒྱ་དཀའ་རྙོག་སེལ་རྒྱུ་དང། གལ་སྲིད་མ་འོངས་པར་རྒྱ་ནག་གཞུང་དང་བོད་མི་ནས་ངོས་འཛིན་པའི་༸སྐུའི་ཡང་སྲིད་གཉིས་བྱུང་སྐབས་ཨ་རི་གཞུང་གི་ངོས་ནས་གང་གནང་དགོས་པའི་ཐད་ད་ལྟ་ནས་གྲོས་བསྡུར་དང་ཐག་གཅོད་གནང་དགོས་གལ་ཡིན་པ་མ་ཟད། བོད་རྒྱལ་གྲོས་མོལ་ཡོང་ཆེད་ཨ་རི་དང་ཡུ་རོབ་རྒྱལ་ཁབ་རྣམས་ནས་༸གོང་ས་མཆོག་ལ་༸སྐུ་ཉིད་ཀྱི་དགོངས་ཚུལ་ཇི་ཡོད་མངོན་གསལ་གནང་རྒྱུའི་སྡིངས་ཆ་བསྐྲུན་དགོས་པ་སོགས་ཀྱི་རེ་འདུན་ཁག་ཅིག་གནང་འདུག དེ་བཞིན་ཉན་ཞིབ་ཐོག་སྐུ་འབུམ་དགོན་པའི་མཁན་ཟུར་ཨ་ཀྱ་རིན་པོ་ཆེ་མཆོག་ནས་བོད་ནང་གི་ཆེས་ཞན་པའི་ཆོས་དད་རང་དབང་གི་གནས་སྟངས་དང་དེའི་ཁྲོད་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་དང་འབྲེལ་བའི་སྔ་རྗེས་ཀྱི་གནས་ཚུལ་སྙན་གསེང་ཞུས་རྗེས་རྒྱ་ནག་ནང་དུ་མང་གཙོའི་བཅོས་བསྒྱུར་བ་ཚོར་རྒྱལ་ཁ་ཐོབ་སྟེ་གནས་སྟངས་ཡར་རྒྱས་འགྲོ་བའི་སྨོན་འདུན་དང་སྦྲགས། ཨ་རི་གཞུང་ཚོགས་ཁག་གི་ངོས་ནས་ད་ལྟའི་བོད་ནང་གི་གནས་སྟངས་ཡར་རྒྱས་འགྲོ་རྒྱུ་དང། མི་རིགས་འདྲ་མཉམ་དང་ཆོས་དད་རང་དབང་ཡོང་ཆེད་དུ་བོད་ནང་གི་གནས་སྟངས་ལ་ཉམས་ཞིབ་དང་རྒྱ་ནག་དང་མཉམ་དུ་གནད་དོན་དེ་དག་ཐོག་གྲོས་མོལ་མུ་མཐུད་གནང་དགོས་པའི་རེ་འདུན་ཞུས་འདུག ཁ་སང་གྲོས་ཚོགས་སུ་ཉན་ཞིབ་ཀྱི་ལས་རིམ་དབུ་འཛུགས་དང་འབྲེལ། ཨ་རི་གྲོས་ཚོགས་ཀྱི་ Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Jim Mcgovern ལགས་ཀྱིས་རྒྱ་ནག་གཞུང་གིས་ད་བར་གྲུབ་འབྲས་མངོན་རྒྱུ་མེད་པའི་ཐོག་ནས་བོད་ནང་དྲག་གནོན་དང་སྡུག་རྩུབ་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་དང། དེ་སྔོན་ཁོང་བོད་ནང་དུ་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་པའི་གནད་དོན་ཁག་ཅིག་ཞུས་པ་དང་སྦྲགས། ཁོང་རང་ཉིད་ཀྱི་ངོས་ནས་བོད་མིར་འགྲོ་བ་མིའི་ཐོབ་ཐང་དགོས་པ་དང། རྒྱ་ནག་གཞུང་གི་ངོས་ནས་༸གོང་ས་མཆོག་གནས་སྐབས་འམ་གཏན་འཇགས་གང་ཅི་ཐད་ནས་བོད་ནང་ངེས་པར་དུ་ཕྱིར་ཕབེས་གནང་བཅུག་དགོས་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་མཁན་ཞིག་ཡིན་པ་གསུངས་འདུག རྒྱ་གཞུང་གི་ངོས་ནས་བོད་ཐོག་དབང་བསྒྱུར་ཆ་ཚང་བྱེད་ཆེད་༸གོང་ས་མཆོག་དགོངས་པ་མ་རྫོགས་བར་དུ་སྒུག་ཡོད་ཚེ་དེ་ནི་ཆེས་ནོར་འཁྲུལ་ཡིན་པ་དང། ཨ་རི་གཞུང་གི་ངོས་ནས་བོད་མིར་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས་པའི་གནད་དོན་ཐོག་དེ་སྔ་ལས་ལྷག་པའི་ཆོད་སེམས་བརྟན་པོ་ཡོད་པ་སོགས་གསུངས་འདུག

ཡུ་རོབ་གྲོས་ཚོགས་ནང་སྐུ་ཞབས་ལིའུ་ཞའོ་པོའི་ལགས་དང་ཁོང་གི་སྐུ་ཟླ་གཉིས་པོ་གློད་བཀྲོལ་བཏང་དགོས་པར་གྲོས་ཆོད་གཏན་འབེབས་གནང་འདུག

སྐུ་ཞབས་ལིའུ་ཞའོ་པའོ་ལགས་ལ་སྨན་བཅོས་གནང་མཁན་གྱི་སྨན་པ་ཚོས་ཁ་སང་ཁོང་གི་སྐུ་ཟླ་དང་ནང་མི་རྣམས་ལ་ཁོང་ཡུན་རིང་འཚོ་གནས་ཐུབ་པ་མི་འདུག་ཅེས་སྔོན་བརྡ་བཏང་འདུག་པ་དང།  ཡུ་རོབ་རྒྱལ་ཁབ་ཕ་རན་སིའི་སི་ཊར་བྷག་ནང་དུ་རྟེན་གཞི་བྱས་པའི་ཡུ་རོབ་གྲོས་ཚོགས་སུ་སྐུ་ཞབས་ Liu Xiaobo ལགས་དང་ཁོང་གི་བཟའ་ཟླ་ Liu Xie ལགས་གཉིས་ལ་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་བཏང་དགོས་པ་མ་ཟད། ཁོང་རྣམ་གཉིས་ཀྱི་འདོད་མོས་ལྟར་སྨན་བཅོས་ཆེད་ཕྱི་ཕྱོགས་སུ་བསྐྱོད་རྒྱུའི་རང་དབང་སྤྲོད་དགོས་པའི་གྲོས་ཆོད་གཏན་འབེབས་གནང་འདུག གྲོས་ཆོད་དེའི་ནང་སྐུ་ཞབས་ Liu Xiaobo ལགས་ནས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་འདྲ་མིན་གནང་པར་བརྟེན། རྒྱ་ནག་གཞུང་ནས་འདས་པའི་ལོ་ངོ་སུམ་ཅུའི་ནང་ལ་ཁོང་འཛིན་བཟུང་གིས་བཙོན་ཁང་དུ་བཀག་ཉར་ཐེངས་བཞི་བྱས་ཡོད་པ་དང་། ༢༠༠༨ ལོར་ཁོང་ནས་རྒྱ་རིགས་ཤེས་ལྡན་མི་སྣ་དང་ཁྲིམས་རྩོད་པ་སོགས་ ༣༠༠ ལྷག་དང་ལྷན་དུ་རྒྱ་ནག་གི་མང་གཙོ་བཅོས་བསྒྱུར་དང་རང་དབང་། དེ་བཞིན་ཁྲིམས་ལུགས་དབང་འཛིན་སོགས་དང་འབྲེལ་བའི་ཁྲིམས་འཆར་ཨང་བརྒྱད་པ་ཞེས་པའི་རྩ་འཛིན་ཡིག་ཆ་ལ་མཚན་རྟགས་བསྐྱོན་རྗེས། ༢༠༠༩ ལོ་མཇུག་ཙམ་ལ་རྒྱ་ནག་གཞུང་གིས་ཁོང་ལ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིག་སློག་ཐབས་བྱས་པའི་ནག་ཉེས་འོག་ལོ་ངོ་ ༡༡ རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། དེ་བཞིན་ ༢༠༡༠ ལོར་ནོ་སྦེལ་ཞི་བདེའི་ལྷན་ཚོགས་ནས་ཁོང་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་པའི་རྗེས་ཁོང་གི་བཟའ་ཟླ་ཡང་ཟང་བཙོན་འོག་བཞག་པའི་གནད་དོན་སོགས་ལུང་འདྲེན་གྱིས་རྒྱ་གཞུང་ནས་བཟང་སྤྱོད་ཀྱི་ཐོག་ནས་སྐུ་ཞབས་ལིའུ་ཞའོ་པའི་ལགས་དང་ཁོང་གི་སྐུ་ཟླ་གཉིས་གློད་བཀྲོལ་བཏང་དགོས་པ་མ་ཟད། ཁོང་རྣམ་གཉིས་ཀྱི་འདོད་མོས་ལྟར་སྨན་བཅོས་ཞུ་ཕྱིར་ཕྱི་ཕྱོགས་སུ་བསྐྱོད་རྒྱུའི་རང་དབང་སྤྲོད་དགོས་པ་གསུངས་འདུག ཡུ་རོབ་གྲོས་ཚོགས་ནས་རྒྱ་ནག་གི་དཔལ་འབྱོར་གནས་སྟངས་ཡར་རྒྱས་འགྲོ་བཞིན་པར་བསྔགས་བརྗོད་ཡོད་ཀྱང་། ཆབ་སྲིད་དང་གཞི་རིམ་མི་དམངས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཐད་ལ་ད་ལྟ་ཡང་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་པ་དེ་ལ་མུ་མཐུད་སེམས་ཚབས་གནང་བཞིན་ཡོད་ཅེས་བཀོད་པ་དང་། རྒྱ་གཞུང་ནས་ཁོང་གི་གཟུགས་གཞིའི་གནས་སྟངས་ཐད་ལ་འགན་འཕར་མ་ཞིག་འཁྱེར་དགོས་པ་མ་ཟད། འདི་ལོ་ནང་རྒྱ་གཞུང་གིས་གསང་སྟབས་འོག་འཛིན་བཟུང་བཙན་བྱས་པའི་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ Li Ming che ལགས་ཀྱི་གནས་སྟངས་ཇི་ཆགས་གསལ་བཤད་བྱེད་དགོས་ཞེས་གསུངས་འདུག གཞན་ཡང་གྲོས་ཆོད་དེའི་ནང་ཟླ་བ་སྔོན་མ་སུད་སི་ཇི་ནི་ཝའི་ནང་དུ་ཚོགས་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས། ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ཅིག་གིས་བཀག་སྡོམ་འོག་ཡུ་རོབ་མཐུན་ཚོགས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་དང་། གཞི་རིམ་མང་ཚོགས། དེ་བཞིན་ཞི་རྒོལ་བ་སོགས་ཀྱི་གནས་སྟངས་ཐད་ལ་འདྲི་རྩད་བྱེད་ཐུབ་མེད་པའི་གནས་སྟངས་འགྲེལ་བརྗོད་དང་སྦྲགས། མ་འོངས་པར་ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་དང་ལྷན་དུ་ཚོང་དང་ཆབ་སྲིད་སོགས་ཀྱི་འབྲེལ་མོལ་གང་ཞིག་བྱེད་ཀྱང་ངེས་པར་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་རྒྱུ་དེ་གཙོ་གནད་ཅིག་ཏུ་བཞག་དགོས་པ་གསུངས་འདུག དེ་རིང་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར། ཁ་སང་སྐུ་ཞབས་ Liu Xiaobo ལགས་ཀྱི་སྨན་བཅོས་གནང་ཡུལ་གྱི་སྨན་ཁང་ནས་ཁོང་གི་སྐུ་ཟླ་དང་ནང་མིར་ཁོང་གི་མཆིན་པའི་བྱེད་ལས་ཉམས་པ་མ་ཟད། ཁོང་ཡུན་རིང་འཚོ་གནས་ཐུབ་དཀའ་བ་འདུག་ཅེས་སྔོན་བརྡ་བཏང་ཡོད་པ་རེད། གཞི་རྩའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་ད་བར་རྒྱལ་སྤྱིའི་ཐོག་ནོ་སྦེལ་གཟེངས་རྟགས་བཞེས་མྱོང་མཁན་ ༡༥༤ དང་རྒྱལ་སྤྱིའི་རྩོམ་པ་པོ་དང་ལས་འགུལ་བ། དེ་བཞིན་ཨ་རི་དང་ཇར་མ་ནི། ཕ་རན་སི་སོགས་རྒྱལ་སྤྱིའི་རྒྱལ་ཁབ་དང་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་སོགས་མང་དག་ཞིག་ནས་སྐུ་ཞབས་ Liu Xiaobo ལགས་ཀྱི་འཕྲོད་བསྟེན་གནས་སྟངས་ཐད་ལ་སེམས་ཚབས་དང་སྦྲགས་ཏེ་རྒྱ་གཞུང་ནས་ཁོང་གི་འདོད་མོས་ལྟར་ཕྱིའི་རྒྱལ་ཁབ་ནང་དུ་རང་དབང་ཐོག་སྨན་བཅོས་ཆེད་བསྐྱོད་རྒྱུའི་ཐོབ་ཐང་སྤྲོད་དགོས་པ་སོགས་ཀྱི་ཞུ་འབོད་རིམ་པ་གནང་ཡོད་ཀྱང་། རྒྱ་ནག་གཞུང་ནས་ད་བར་ཁོང་ཕྱིའི་རྒྱལ་ཁབ་ནང་དུ་སྨན་བཅོས་ཞུ་ཕྱིར་བཏང་མེད་པ་རེད། རྩ་བའི་སྐུ་ཞབས་ Liu Xiaobo ལགས་ཀྱི་འཕྲོད་བསྟེན་གནས་སྟངས་ཐད་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཀྱང་ཐུགས་གསོ་གནང་ཡོད་པ་མ་ཟད། ཁ་སང་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ཐོག་གཞུང་འབྲེལ་གསུང་བཤད་ནང་དུ་ཁོང་གི་གནས་སྟངས་དེས་རྒྱ་ནག་གཞུང་གིས་རྒྱ་རིགས་ཆབ་སྲིད་བཙོན་པ་ཙམ་མ་ཟད། བོད་ནང་གི་བོད་མི་ཆབ་སྲིད་བཙོན་པ་རྣམས་ལ་རྣམ་ཀུན་ནས་མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་བཞིན་ཡོད་པ་ཆེས་མངོན་གསལ་ར་སྤྲོད་ཐུབ་པ་མཚོན་གྱི་ཡོད་པ་གསུངས་ཡོད། ཕྱོགས་མཚུངས་དེ་རིང་ཨོ་སི་ཊོ་ལི་ཡའི་ Melbourne གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ Victoria དཔེ་མཛོད་ཁང་དུ་ཁུལ་དེར་ཡོད་པའི་བོད་རྒྱ་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག་སྐུ་ཞབས་ Liu Xiaobo ལགས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ལས་འགུལ་དེའི་ཐོག་ས་གནས་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས་གཙོས་པའི་ས་གནས་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་བོད་རིགས་སོགས་ནས་མཉམ་ཞུགས་ཀྱིས་ཁོང་གི་བྱས་རྗེས་ཐོག་གསུང་བཤད་དང་རྒྱ་ནག་གཞུང་ནས་ཁོང་ལ་ཆ་རྐྱེན་གང་ཡང་མེད་པར་གང་མགྱོགས་གློད་བཀྲོལ་བཏང་དགོས་པའི་ཞུ་འབོད་གནང་ཡོད་པ་རེད། རྩ་བའི་སྐུ་ཞབས་ Liu Xiaobo ལགས་ད་ལྟ་རང་ལོ་ ༦༡ ཡིན་པ་དང་ ༢༠༠༩ ནས་ད་བར་ལོ་ངོ་བརྒྱད་ཙམ་རིང་ལ་བཙོན་ཁང་དུ་བཞུགས་དགོས་བྱུང་ཡོད་པ་དང་། ཉེ་ཆར་ཟླ་ ༦ ཚེས་ ༢༦ ཉིན་མཆིན་པའི་འབྲས་ནད་འོག་སྨན་བཅོས་ཆེད་གློད་བཀྲོལ་ཐོབ་ནས་རྒྱ་ནག་གི་ Liaoning ཞིང་ཆེན་གྱི་གྲོང་Shenyang ནང་དུ་སྨན་བཅོས་གནང་མུས་ཡིན་པ་རེད།

Latest news