Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

སྐུ་ཞབས་Richard Gere ལགས་ཀྱིས་དབྱིན་ཡུལ་གྲོས་ཚོགས་ནང་བོད་དོན་གླེང་སློང་གནང་པ།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ Richard Gere ལགས་ཉེ་ཆར་དབྱིན་ཡུལ་གྲོས་ཚོགས་ནང་ཆེད་ཕེབས་ཀྱིས་ཁུལ་དེའི་གྲོས་ཚོགས་འཐུས་མིར་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་སྲིད་བྱུས་གསལ་བཏོན་གནང་པ་དང་འབྲེལ། གྲོས་ཚོགས་འཐུས་མི་ཚོས་བོད་མིར་རྒྱབ་སྐྱོར་གང་འདྲ་གནང་དགོས་མིན་ཐད་གྲོས་བསྡུར་གནང་འདུག ཐེངས་འདིའི་འཚམ་གཟིགས་ཁྲོད་སྐུ་ཞབས་ Richard Gere ལགས་ཀྱིས་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་རྣམས་དང་ཟུར་དུ་མཇལ་མོལ་གནང་སྟེ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་རྒྱ་གཞུང་གིས་བོད་ནང་ཁྲིམས་སྒྲིག་གསར་པ་ཁག་ཅིག་གཏན་འབེབས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུར་འགོག་རྐྱེན་ཆགས་ཀྱི་ཡོད་པ་སྐྱོན་བརྗོད་གནང་པ་དང་། དེ་བཞིན་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་བཅས་ཀྱི་ཐད་ལའང་གླེང་སློང་གནང་འདུག ལྷག་པར་དུ་དབྱིན་ཡུལ་གྱི་ངལ་རྩོལ་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་ Gisela Stuart ལགས་ཀྱིས་སྐུ་ཞབས་Richard Gere ལགས་དང་ལྷན་དུ་བགྲོ་གླེང་བྱུང་བའི་གནད་དོན་ཁག དབྱིན་ཡུལ་སྲིད་བློན་ David Cameron མཆོག་དང་གྲོས་ཚོགས་འཐུས་མི་དབར་གྱི་གཟའ་འཁོར་གྱི་དྲི་ལན་ལས་རིམ་ཐོག་སྙན་སྒྲོན་གནང་པ་མ་ཟད།  སྐབས་དེར་ཁོང་གིས་ཉེ་ཆར་ཁེ་ན་ཊ་དང་འཇར་མ་ནི་གཙོས་པའི་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་ཁག་ཅིག་ནས་རྒྱ་གཞུང་གིས་གཏན་འབེབས་བྱས་པའི་འཇིགས་སྐུལ་རིང་ལུགས་འགོག་ཐབས་ཀྱི་ཁྲིམས་ལུགས་ཁག་ཐལ་དྲག་པར་ཐུན་མོང་གིས་སྐྱོན་བརྗོད་གནང་པ་དེ་སྲིད་བློན་མཆོག་ནས་དེ་ལྟར་ངོས་བཞེས་ཡོད་མེད་གཙོས་པའི་གནད་དོན་ཁག་ཅིག་གི་ཐོག་ལ་བཀའ་འདྲི་ཞུས་འདུག  སྲིད་བློན་ David མཆོག་གིས་སྐབས་དེར་སྐུ་ཞབས་ Richard Gere ལགས་ནས་གྲོས་ཚོགས་འཐུས་མིའི་ལྷན་བཀའ་མོལ་གནང་བའི་གནད་དོན་ཁག་ལ་ཐུགས་ཞིབ་གནང་རྒྱུ་ཡིན་པ་གསུངས་འདུག  

ཨ་རིའི་ Amherst གྲོང་སྡེ་ལས་ཁུངས་ཀྱིས་བོད་ཀྱི་ཉིན་མོར་སྲུང་བརྩི་ཞུ་རྒྱུ།

  ཨ་རིའི་ Massachusetts མངའ་ཁུལ་གྱི་ Amherst གྲོང་སྡེ་ལས་ཁུངས་ཀྱིས་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་གསུམ་བཅུ་དུས་དྲན་ལ་རྒྱབ་སྐྱོར་གནང་པ་དང་སྦྲགས། རིང་མིན་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་ཁུལ་དེར་གཞུང་འབྲེལ་གྱིས་བོད་ཀྱི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་བསྒྲགས་གཏམ་ཞིག་སྤེལ་འདུག དེ་ཡང་ཨ་རིའི་ Amherst གྲོང་སྡེ་ལས་ཁུངས་ཀྱིས་རྐང་འགན་བཞེས་ཐོག་ཁུལ་དེའི་མང་ཚོགས་རྣམས་ལ་བོད་ཀྱི་གནད་དོན་དྲིལ་བསྒྲགས་གནང་རྒྱུ་དང་བོད་དོན་ཤེས་རྟོགས་ཐུབ་སླད་ཕྱི་ཟླ་ ༣ ཚེས་ ༡༠ སྟེ་བོད་མིའི་རང་དབང་སྒེ་ལངས་ཉིན་མོ་ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༡༧ བར་གཟའ་འཁོར་གཅིག་རིང་ས་གནས་སུ་བོད་ཀྱི་རྒྱལ་དར་བསྒྲེང་འཛུགས་གནང་གི་འདུག དེ་བཞིན་ད་ལན་གྲོང་སྡེ་ལས་ཁུངས་ཀྱི་ཡོངས་ཁྱབ་བསྒྲགས་གཏམ་དེའི་ནང་འཁོད་དོན་ལ།  རིང་མིན་སླེབ་ལ་ཉེ་བའི་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་གསུམ་བཅུ་དུས་དྲན་ཐེངས་ ༥༧ ཐོག་གོ་ལའི་ཁྱོན་ལ་གནས་པའི་བོད་མི་རྣམས་འདུ་འཛོམས་ཀྱིས་ད་བར་བོད་མིའི་རང་དབང་གི་འཐབ་རྩོད་ཆེད་དུ་ཚེ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དང་ཆོད་སེམས་བརྟན་པ་བཅས་ལ་དྲན་གསོ་ཞུ་རྒྱུའི་ཁྱད་པར་ཅན་ཞིག་ཡིན་པ་དང་། ལྷག་དོན་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་དུས་ད་ལྟ་བར་བོད་མིའི་ཐོག་ལ་དྲག་གནོན་དང་།  འགྲོ་བ་མིའི་ཐོབ་ཐང་དང་རང་དབང་བཅས་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་མ་ཟད། དེ་བས་ཀྱང་བོད་ཀྱི་ཐུན་མིན་རིག་གཞུང་དང་མི་རིགས་རྩ་གཏོར་གཏོང་བཞིན་པ་བཅས་གསལ་བཏོན་དང་སྦྲགས། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་རང་དབང་ལ་དགའ་ཞེན་ཡོད་མཁན་མི་དམངས་ཚོས་བོད་དོན་ལ་རྒྱབ་སྐྱོར་གནང་བའི་འབོད་སྐུལ་ཡང་ཞུས་འདུག ཁྱད་པར་དུ་ཨ་རིའི་ Amherst གྲོང་སྡེ་ལས་ཁུངས་ཀྱི་འགོ་འཛིན་སྐུ་ཞབས་ Peter ལགས་ཀྱིས་ང་ཚོའི་ངོས་ནས་བོད་མིའི་འཐབ་རྩོད་དེ་དྲང་བདེན་གྱི་འཐབ་རྩོད་ཞིག་ལ་ངོས་འཛིན་ཞུ་མུས་དང་།  དེ་ཡང་ལོ་ལྟར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཉིན་མོར་བོད་ཀྱི་ཉི་མོ་ཞེས་གཞུང་འབྲེལ་གྱིས་སྲུང་བརྩི་ཞུ་བཞིན་ཡོད་ཅེས་གསུངས་ཡོད། དེ་དང་ཕྱོགས་མཚུངས་སུ་དབྱིན་ཡུལ་གྱི་ Northampton གྲོང་སྡེར་བོད་ཀྱི་རྒྱལ་དར་བསྒྲེང་འཛུགས་ཀྱིས་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་གསལ་བཏོན་གནང་རྒྱུ་ཡིན་འདུག  ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པས་འདི་ལོའི་གསུམ་བཅུ་དུས་དྲན་གྱི་སྔ་རོལ་དང་བསྟུན། ཁ་ཉིན་ཕྱི་ཚེས་ ༡ དབྱིན་ཡུལ་གྱི་ Northampton གྲོང་སྡེ་ལས་ཁང་གི་མདུན་དུ་སྐུ་མགྲོན་གཙོ་བོ་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་སྐུ་ཞབས་ John Caswell མཆོག་དང་ཁོང་གི་ལྕམ་ Mayoress Cheryl Caswell རྣམ་གཉིས་གཙོས་པའི་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཆོས་འཕེལ་ཚེ་རིང་ལགས་དང་། དེ་བཞིན་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལྷན་འཛོམས་ཀྱིས་བོད་ཀྱི་རྒྱལ་དར་སྒྲེངས་འཛུགས་གནང་པ་དང་འབྲེལ། བོད་ཀྱི་བདེན་དོན་དང་འབྲེལ་བའི་འཐབ་རྩོད་ཁྲོད་ཀྱི་དངོས་བྱུང་གློག་བརྙན་བཅས་གཟིགས་འབུལ་ཞུས་འདུག རྩ་བའི་ཨ་རིའི་ Amherst གྲོང་སྡེར་བོད་ཀྱི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་ལས་འགུལ་དེ་ནི་ཕྱི་ལོ་ ༢༠༡༢ ལོར་འགོ་བཙུགས་གནང་པ་ཞིག་དང་ད་བར་ལོ་ལྟར་རྒྱུན་མ་ཆད་པར་གནང་གི་ཡོད་པ་རེད།  དེ་བཞིན་ཨ་རིའི་ Amherst གྲོང་སྡེ་ལས་ཁུངས་ཀྱིས་རྐང་འགན་བཞེས་ཐོག་བོད་ཀྱི་རྒྱལ་དར་བསྒྲེང་འཛུགས་གནང་གི་འདུག་པ་དང།  བོད་མི་ཚོས་ ཨ་རིའི་ Massachusetts མངའ་གྲོང་ཁྱེར་ Northampton དུ་འདུ་འཛོམས་ཀྱིས་བོད་དོན་ཆེད་ཚེ་སྲོག་བློས་གཏོང་གནང་མཁན་ཡོངས་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་ཞུ་ཕྱིར་ཟས་བཅད་ངོ་རྒོལ་དང་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སོགས་སྤེལ་གནང་རྒྱུ་རེད་འདུག

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཚོགས་ཆེན་ཐོག་ཆབ་སྲིད་བཙོན་པའི་གནད་དོན་སོགས་གྲོས་ཆོད་ཁག་ཅིག་གནང་ འབེབས་གནང་པ།

ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ནང་ཚོགས་པའི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་ཁ་སང་ཚེས་ ༢༩ ཉིན་ལྷོ་བྱང་ཨ་རི་ས་གནས་ཀྱི་ཚོགས་ཆེན་ཐེངས་ ༦ པ་མཇུག་སྒྲིལ་དང་འབྲེལ། ཆབ་སྲིད་བཙོན་པའི་གནད་དོན་གཙོས་པའི་དོན་གནད་ཁག་ཅིག་གི་ཐོག་ལ་གྲོས་ཆོད་དོན་ཚན་གསུམ་གཏན་འབེབས་གནང་འདུག དེ་ཡང་ཁ་སང་ཚེས་ ༢༩ ཉིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་ཚོགས་ཆེན་མཇུག་སྒྲིལ་དང་འབྲེལ། བོད་དོན་ཚོགས་པ། བོད་རིགས་སྤྱི་མཐུན་ཚོགས་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་བཅས་ཚོགས་པ་ཁག་ཆ་བགོས་ཀྱིས་བོད་དོན་ལས་འགུལ་རྒྱ་བསྐྱེད་གཏང་ཐབས་དང་། ལྷག་པར་བོད་མིའི་ཚོགས་པ་ཁག་ཕན་ཚུན་འབྲེལ་ལམ་ཤུགས་ཆེ་རུ་གཏོང་རྒྱུ་སོགས་ཀྱི་བརྗོད་གཞི་འདྲ་མིན་ཐོག་གྲོས་བསྡུར་གནང་པའི་ཁོངས་ལས་གཙོ་བོ་བོད་ཀྱི་རྩ་དོན་ཆེད་རྒྱ་གཞུང་གིས་བཙོན་འཇུག་བྱས་བཞིན་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་ཀློད་གྲོལ་ཡོང་ཐབས་སུ་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་རྒྱུ་དང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་རྒྱབ་སྐྱོར་དང་ལས་འགུལ་རྒྱ་བསྐྱེད་གཏོང་རྒྱུ།  དེ་བཞིན་ཕྱིའི་རྒྱལ་ཁབ་ཀྱི་གཙུག་ལག་སློབ་ཆེན་ཁག་ལ་ཡོད་པའི་ཁུང་ཙི་བལྟེ་གནས་ཁག་ལ་ངོ་རྒོལ་བྱ་རྒྱུ་སོགས་ཀྱི་གྲོས་ཆོད་ཁག་གསུམ་གཏན་འབེབས་ཀྱིས་དེ་དག་ཐོག་ལས་དོན་གཉེར་རྒྱུ་རེད་འདུག གཞི་རྩའི་ད་ལན་གྱི་ཚོགས་ཆེན་དེའི་ནང་ལྷོ་བྱང་ཨ་རི་གཙོ་བོར་གྱུར་བའི་རྒྱལ་ཁབ་ལྔ་ནས་ཚོགས་པ་ ༡༨ ཀྱི་སྐུ་ཚབ་འཐུས་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་ཕྱི་རྒྱལ་མི་སྣ་སོགས་ཁྱོན་མི་གྲངས་ ༤༠ ཙམ་མཉམ་ཞུགས་གནང་འདུག

རྒྱ་གཞུང་ལ་བོད་སྒོ་མོ་རྒྱབ་རྒྱུ་མཚམས་འཇོག་བྱ་དགོས་པའི་སྐྱོན་བརྗོད་གནང་པ།

རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་བསྐྱོད་རྒྱུར་བཀག་སྡོམ་བྱེད་བཞིན་པ་དེ་ངེས་པར་དུ་མཚམས་འཇོག་བྱ་དགོས་པའི་སྐྱོན་བརྗོད་གནང་འདུག དེ་ཡང་ཁ་སང་ཚེས་ ༢༥ ཉིན་ནས་མགོ་ཚུགས་ཀྱིས་རྒྱ་གཞུང་ནས་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བོད་ཀྱི་ས་ཁུལ་ཁག་ཏུ་བསྐྱོད་རྒྱུར་བཀག་སྡོམ་བྱས་པ་དང་བསྟུན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་མཉམ་འབྲེལ་ཚོགས་པ་གཉིས་ཟུང་སྦྲེལ་གྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་།  རྒྱ་ནག་གཞུང་གིས་ལོ་ལྟར་སྤྱི་ཟླ་ ༣ པའི་ནང་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བོད་དུ་བསྐྱོད་པར་བཀག་སྡོམ་བྱེད་པ་དེས་བོད་དེ་རྒྱལ་སྤྱིའི་ཐོག་ཁེར་རྐང་འཇོག་བཞིན་ཡོད་སྟབས། རྒྱ་ནག་གཞུང་གིས་བྱ་སྤྱོད་དེ་དག་ངེས་པར་དུ་མཚམས་འཇོག་བྱ་དགོས་པའི་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད། ལྷག་དོན་ད་ལན་གྱི་བསྒྲགས་གཏམ་དེའི་ནང་རྒྱ་ནག་གཞུང་གིས་སྤྱི་ལོ་ ༢༠༠༨ ལོར་བོད་ནང་དུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་རྗེས་བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁུལ་ཙམ་མིན་པར་བོད་མདོ་སྨད་བར་གསུམ་དུ་རྒྱ་རིགས་ལས་བྱེད་མང་དུ་བཏང་པ་མ་ཟད། བོད་མི་རྣམས་ཀྱི་ཉིན་རེའི་འཚོ་བའི་ཁྲོད་དུ་དམ་དྲག་དང་། གསང་བའི་ལྟ་སྲུང་གི་ལས་གཞི་རྒྱ་བསྐྱེད་གཏོང་བཞིན་པ་རྣམས་ལུང་འདྲེན་དང་སྦྲགས། རྒྱ་གཞུང་གིས་ཐོག་བོད་འཛིན་བཞིན་པའི་སྲིད་བྱུས་དེ་དག་ནི་བོད་མིར་ཆེད་དམིགས་བྱས་པ་ཞིག་དང་། དེ་ནི་ཆེས་སྡུག་རྩུབ་ཅན་གྱི་སྲིད་བྱུས་ཤིག་ཡིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག དེ་མཚུངས་སུ་ཚོགས་པ་གཉིས་པོས་རྒྱ་ནག་གཞུང་གིས་བོད་རིགས་མང་ཚོགས་རྣམས་ཀྱི་གཞི་རྩའི་རང་དབང་དག་ལ་བརྩི་སྲུང་བྱ་རྒྱུ་གཙོས་པའི་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་དང་།  གནད་ཡོད་མི་སྣ་རྣམས་བོད་ནང་བསྐྱོད་ནས་བོད་མི་ཚོའི་དངོས་ཡོད་ཀྱི་གནས་སྟངས་ལ་དཔྱད་ཞིབ་བྱ་རྒྱུའི་གོ་སྐབས་བསྐྲུན་དགོས་གལ་ཡིན་པའང་བརྗོད་ཡོད། གཞི་རྩའི་རྒྱ་ནག་གཞུང་གིས་སྤྱི་ལོ་ ༢༠༠༨ ལོར་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་བོད་ཀྱི་ས་ཁུག་ཁག་ཏུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བར་བརྟེན། བོད་གནམ་ལོ་གསར་ཚེས་དང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སོགས་ཀྱི་སྐབས་ལ་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་དང་གནད་ཡོད་མི་སྣ་རྣམས་བོད་ནང་བསྐྱོད་རྒྱུར་དམ་དྲག་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་ཐེངས་འདིའི་བཀག་སྡོམ་གྱི་ལས་གཞི་དེ་ནི་ཁ་སང་ཚེས་ ༢༥ ནས་མགོ་ཚུགས་ཀྱིས་ཟླ་རྗེས་མའི་ཟླ་མཇུག་བར་ཡིན་འདུག  

མགོ་ལོག་འཇིགས་མེད་ལགས་ཀྱིས་ Geneva ལྷན་ཚོགས་ཐོག་བོད་ནང་འགྲོ་བ་མིའི་རང་དབང་གང་ཡང་མེད་ཅེས་གསུངས་འདུག

སུད་སི་གྲོང་ཁྱེར་ཇི་ནི་ཝ་ Geneva ནང་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལྷན་ཚོགས་ཐེངས་ ༨ པའི་ཐོག་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་བོད་ནང་བོད་མི་ཚོར་འགྲོ་བ་མིའི་རང་དབང་གང་ཡང་མེད་ཅེས་གསུངས་འདུག     དེ་ཡང་ཟླ་འདིའི་ཚེས་ ༢༣ དང་ ༢༤ བཅས་ཉིན་གཉིས་རིང་ Geneva ནང་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལྷན་ཚོགས་ཐེངས་ ༨ པ་འདི་བཞིན་འཚོགས་བཞིན་པར་གོ་ལའི་ཁྱོན་ལས་རྒྱལ་ཁབ་ ༢༥ འི་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་སྐུ་ཚབ་གནད་ཡོད་མི་སྣ་ ༢༤ ལྷག་ལྷན་ཞུགས་ཀྱིས་གསུང་བཤད་གནང་ཡོད་པ་རེད། སྐབས་དེར་མགོ་ལོག་འཇིགས་མེད་ལགས་ཀྱིས་ཁོང་ནས་ཕྱི་ལོ་ ༢༠༠༨ ལོར་རྒྱལ་སྤྱིའི་ Olympic རྩེད་འགྲན་སྐབས་བོད་ཀྱི་ས་ཁུལ་ཁག་ཏུ་སྐོར་བསྐྱོད་གནང་ནས་ས་གནས་བོད་མིའི་མངོན་འདོད་མཚོན་པར་བྱེད་པའི་དངོས་འབྱུང་གློག་བརྙན་འཇིགས་བྲལ་ཞེས་པ་དེ་བཟོ་སྐྲུན་ཞུས་སྐོར་དང་།  དེའི་རྗེས་རྒྱ་ནག་གཞུང་གིས་ཁོང་སྔ་རྗེས་ཐེངས་གསུམ་འཛིན་བཟུང་གིས་བཙོན་འཇུག་བྱས་པ། ལྷག་དོན་བཙོན་འཇུག་རིང་ཁོང་ལ་རྒྱ་གཞུང་གིས་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་ལུགས་སོགས་ཚོགས་བཅར་བ་རྣམས་ལ་པར་རིས་ལམ་ནས་ངོ་སྤྲོད་གནང་ཡོད། ད་དུང་ཁོང་གིས་ཉེ་ཆར་རྒྱ་གཞུང་གིས་ཞོགས་ལྗང་ལགས་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་མཚོན་ཁོང་གི་ལོ་རྒྱུས་དང་བཅས་པ་ངོ་སྤྲོད་གནང་པ་མ་ཟད། དེ་བཞིན་ད་བར་རྒྱ་གཞུང་གིས་ཞོགས་ལྗང་ལགས་ལྟ་བུ་རྩོམ་ཡིག་གྱི་ལམ་ནས་བོད་མིའི་རང་དབང་རྩོད་མཁན་མང་པོ་ཞིག་བཙོན་འཇུག་བྱས་སྟབས། ད་ལྟ་རྒྱ་ནག་གཞུང་གི་བྱ་སྤྱོད་དེ་དག་ནི་འཇིགས་སྐུལ་བ་ཁྱད་མེད་གཅིག་མཚུངས་རེད་ཅེས་སྐྱོན་བརྗོད་ཤུགས་ཆེ་གནང་འདུག རྩ་བའི་ལྷན་ཚོགས་དེའི་ཐོག་གོ་ལའི་ཁྱོན་ལས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གཞུང་འབྲེལ་མིན་པའི་ཚོགས་ཁག་༢༠ ལྷག་ཟུང་སྦྲེལ་གྱིས་མཉམ་ལས་ནུས་པ་གོང་མཐོ་གཏོང་ཆེད་ཡིན་པ་རེད་འདུག

ཡུ་རོབ་གྲོས་ཚོགས་ནང་དུ་བོད་དོན་གྱི་ཚོགས་འདུ་ཞིག་ཚོགས་འདུག

ཡུ་རོབ་རྒྱལ་ཁབ་ Brussels ནང་དུ་རྟེན་གཞི་བྱས་པའི་ཡུ་རོབ་གྲོས་ཚོགས་ནང་དུ་བོད་པའི་མང་གཙོ་འཕེལ་རིམ་ཐོག་ཚོགས་འདུ་ཞིག་ཚོགས་ཡོད་པ་རེད། དེ་ཡང་ཁ་སང་ཟླ་ ༢ ཚེས་ ༡༦ ཉིན་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་ཁང་དུ་ Tibet Interest Group ཞེས་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་འོག བོད་པའི་མང་གཙོ་འཕེལ་རིམ་ཐོག་གྲོས་བསྡུར་གྱི་ལས་རིམ་ཞིག་བསྐོང་ཚོགས་གནང་འདུག་པ་དང་། སྐབས་དེར་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་གཙོས། Brussels སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་ཁག་ཅིག་དང་། དེ་བཞིན་ Swiss ནང་དུ་བཅའ་བཞུགས་གནང་མཁན་ཡུ་རོབ་སྤྱི་འཐུས་དབང་པོ་བཀྲས་མཐོང་ལགས་མཉམ་ཞུགས་གནང་འདུག གཞི་རྩའི་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཟླ་བ་གཉིས་རེ་གསུམ་རེ་མཚམས་སུ་བོད་དོན་སྐོར་གྱི་ཚོགས་འདུ་དེ་གོ་སྒྲིག་གནང་གི་ཡོད་པ་དང། ཚོགས་འདུ་དེའི་ཐོག་ནས་བོད་དོན་དང་འབྲེལ་བའི་གནད་དོན་མང་དག་ཞིག་གི་ཐོག་ལ་གྲོས་བསྡུར་དང་། བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐད་གྲོས་བསྡུར་གནང་གི་ཡོད་པ་རེད། ད་ལན་གྱི་ཚོགས་འདུའི་ཐོག་སྔ་ལོའི་ནང་ཡུ་རོབ་གྲོས་ཚོགས་ཀྱིས་འདོན་སྤེལ་གནང་པའི་ཡུ་རོབ་དང་རྒྱ་ནག་གི་འབྲེལ་ལམ་ཐོག་སྙན་ཐོ་ཞིག་འདོན་སྤེལ་གནང་པའི་ནང་དུ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་འཁོད་པ་དེའི་ཐོག་གྲོས་བསྡུར་ལྷུག་པོ་གནང་པ་མ་ཟད། ལྷག་དོན་བོད་པའི་མང་གཙོའི་འཕེལ་རིམ་བཅས་ཀྱི་ཐོག་གྲོས་བསྡུར་གནང་པའི་ཁྲོད། ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Thomas Mann མཆོག་ནས་རིང་མིན་བསླེབ་ལ་ཉེ་བའི་སྲིད་སྐྱོང་དང་སྤྱི་འཐུས་གཉིས་ཀྱི་འོས་བསྡུ་ཆེན་མོ་དང་འབྲེལ་བའི་ཚོགས་པའི་ཉམས་ཞིབ་ལས་དོན་སྐོར་ངོ་སྤྲོད་གནང་པ་དང་སྦྲགས། འདི་ལོའི་འོས་བསྡུ་ཆེན་མོ་གནང་བའི་སྐབས་སུ་འཐུས་མི་ཁག་ཅིག་བཞུགས་སྒར་རྡ་རམ་ས་ལ་དང་ཁག་ཅིག་ཡུ་རོབ་ནང་གི་ས་གནས་ཁག་ཏུ་གཟིགས་སྐོར་ཕེབས་རྒྱུ་ཡིན་སྐོར་གསུངས་འདུག འདི་ག་རླུང་འཕྲིན་ཁང་གིས་སྤྱི་འཐུས་དབང་པོ་བཀྲས་མཐོང་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་ཚོགས་འདུ་དེའི་ཐོག་བོད་པའི་མང་གཙོའི་འགྲོ་སྟངས་དང་རིང་མིན་བསླེབ་ལ་ཉེ་བའི་འོས་བསྡུ་དེའི་གལ་འགངས་བཅས་ཀྱི་སྐོར་ལ་སྙན་སེང་ཞུས་ཡོད་པ་གསུངས་སོང་།  ད་དུང་ཁོང་གིས་མང་གཙོའི་ལམ་སྲོལ་དེ་བོད་མི་གཅིག་པོ་མིན་པར་འཛམ་གླིང་ཡོངས་ལ་གལ་ཆེན་པོ་ཆགས་ཀྱི་ཡོད་སྟབས། མང་གཙོའི་འཕེལ་རིམ་ཐོག་ཟུང་སྦྲེལ་གྱིས་ཕྱག་ལས་གནང་དགོས་གལ་སྐོར་གསུངས་པར་ཚོགས་བཅར་བ་རྣམས་ནས་རྒྱབ་སྐྱོར་ཡང་གནང་ཡོད་སྐོར་སོགས་གསུངས་ཀྱི་འདུག

རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཚོར་དམ་དྲག་བྱ་རྒྱུ་མཚམས་འཇོག་དགོས་པའི་ཞུ་འབོད།

  རིང་མིན་ཟླ་བ་འདིའི་ཟླ་མཇུག་ཙམ་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་འཚོགས་གཏན་འཁེལ་བ་དང་བསྟུན།  རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཁག་གིས་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་རྣམས་ལ་དམིགས་བཀར་གྱིས་དམ་དྲག་བྱ་རྒྱུ་མཚམས་འཇོག་དགོས་པའི་ཞུ་འབོད་གནང་འདུག དེ་ཡང་ཁ་སང་ཚེས་ ༡ ཉིན་རྒྱལ་སྤྱི་བོད་དོན་འབྲེལ་མཐུད་ལས་ཁང་གིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ ༡༧༥ མཐུན་མོང་གིས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་སྐུ་ཞབས་ Zeid Ra'ad Al Hussein ལགས་ཀྱི་མཚན་ཐོག་ཏུ་ཕྱག་བྲིས་ཤིག་ཕུལ་བའི་ནང་།  རིང་མིན་ Swiss གྱི་གྲོང་ཁྱེར་Geneva ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་སུ་འཚོགས་གཏན་འཁེལ་བའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གཙོས་པའི་ཛ་དྲག་གི་གནས་སྟངས་སྤྱི་དང་། ཁྱད་པར་དུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་རྣམས་ལ་དམ་དྲག་བྱེད་བཞིན་པའི་གནད་དོན་ཐད་ངེས་པར་དུ་གླེང་སློང་གནང་དགོས་པ་འཁོད་འདུག དེ་བཞིན་ཚོགས་པ་དེ་དག་ནས་ཉེ་ཆར་ཨ་རིའི་རང་དབང་ཁང་པས་འདོན་སྤེལ་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོའི་ནང་གསལ་བཏོན་གནང་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། སྔ་ལོའི་ནང་རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ཚོགས་ཆུང་ནས་རྒྱ་ནག་གི་མནར་གཅོད་ལས་དོན་ལ་བསྐྱར་ཞིབ་ཞེས་པའི་ཚོགས་ཐུན་གྱི་སྙན་ཐོ་ནང་འཁོད་དོན་ལྟར། བོད་ནང་གི་གནས་སྟངས་སོགས་ལུང་འབྲེན་དང་སྦྲགས།  རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་མཆོག་ནས་རྒྱ་གཞུང་ལ་གནས་ཚུལ་དེའི་ཐད་ངེས་པར་དུ་འདྲི་བརྩད་གནང་དགོས་པ་མ་ཟད།  རྒྱ་གཞུང་གི་བཙོན་འཇུག་འོག་བཀག་ཉར་བྱེད་བཞིན་ཡོད་པའི་བོད་རིགས་ཞི་རྒོལ་བ་རྣམས་ངེས་པར་དུ་གློད་བཀྲོལ་ཡོང་བའི་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་པ་རེད། གཞན་ཡང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་འགན་འཛིན་ Alison Reynolds ལགས་ཀྱིས་ཐེངས་འདིའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐད་བསྐྱར་ཞིབ་བྱེད་བཞིན་པ་དང་དུས་མཉམ་འཁེལ་གྱི་ཡོད་པ་གསལ་བཤད་དང་སྦྲགས། དེ་སྔ་རྒྱ་གཞུང་གི་སྐུ་ཚབ་ནས་རྒྱལ་ཚོགས་ལ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བསྐྱར་ཞིབ་བྱེད་སྐབས། རྒྱ་གཞུང་ནས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་སྐུ་ཞབས་ Zeid Ra'ad Al Hussein མཆོག་རྒྱ་ནག་ནང་གདན་ཞུ་བྱ་རྒྱུ་ཡིན་པ་ལས་ད་དུང་ཡང་ཚེས་གྲངས་སོགས་ཁ་གསལ་བྱེད་མེད་པར་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག    

རྒྱ་གཞུང་གིས་བོད་ཀྱི་གཞི་རིམ་མི་དམངས་ཁྲོད་གསང་སྟབས་ཀྱིས་ལྟ་སྲུང་བྱེད་བཞིན་པར་སྐྱོན་བརྗོད།

ཨ་རི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་གཞུང་གིས་བོད་ཀྱི་གཞི་རིམ་མི་དམངས་མི་ཁྲོད་གསང་བའི་ལྟ་སྲུང་གི་ལས་གཞི་རྒྱ་སྐྱེད་བཏང་བཞིན་པ་གསལ་བཏོན་གནང་འདུག     དེ་ཡང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ World Report 2016 ཞེས་པའི་སྙན་ཐོའི་ནང་བོད་དོན་དང་འབྲེལ་བའི་ཚན་པར། སྤྱི་ལོ་ ༢༠༡༥ ལོར་རྒྱ་གཞུང་གིས་བོད་ནང་གཞི་རིམ་མི་དམངས་ཀྱི་ས་ཁུལ་ཁག་ཏུ་གསང་བའི་ལྟ་སྲུང་གི་ལས་གཞི་གཞི་རྒྱ་ཆེ་རུ་བཏང་ཡོད་པར་འགྲེལ་བརྗོད་བྱས་པ་དང་སྦྲགས། ལས་གཞི་འདིའི་རྐྱེན་པས་ས་གནས་བོད་རིག་འགོ་ཁྲིད་དང་ལས་བྱེད། དེ་བཞིན་ལས་འགུལ་བ་རྣམས་ཀྱི་ལས་དོན་གནང་ཕྱོགས་ཐད་ལ་ཚད་འཛིན་དང་མི་དམངས་ཀྱི་འཚོ་བའི་གནས་སྟངས་ལ་དོ་ཕོག་ཤུགས་ཆེ་བཏང་བཞིན་ཡོད་པ་གསལ་གཏོན་གྱིས་སྐྱོན་བརྗོད་བྱེད་འདུག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་ལོ་འཁོར་སྙན་ཐོ་འདིའི་ནང་སྔ་ལོ་རྒྱ་གཞུང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་སྐབས། རྒྱ་གཞུང་ནས་བོད་ཀྱི་ས་ཁུལ་ཁག་ཏུ་མི་དམངས་ཀྱི་བདེ་འཇགས་སྤྱི་ཚིགས་སྲ་བརྟན་ཡོངས་ཐབས་བྱེད་རྒྱུར་ནན་བརྗོད་བྱས་ཀྱང། བོད་ཀྱི་ས་ཁུལ་ཁག་གི་ནང་ལ་ཆོས་དད་རང་དབང་གཙོས་པའི་སྤྱི་ཚོགས་དང་དཔལ་འབྱོར་གྱི་རང་དབང་། དེ་བཞིན་མི་རིགས་དབྱེ་འབྱེད་སོགས་ཀྱི་དཀའ་ཚེགས་སེལ་ཐུབ་མེད་པར་སྐྱོན་བརྗོད་བྱས་འདུག        གཞི་རྩའི་ད་ལན་གྱི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་དེ་ནི་ཐེངས་ ༢༥ དེ་ཆགས་ཡོད་པ་དང། དེའི་ནང་རྒྱ་གཞུང་གིས་རྒྱ་ནག་ཁྱོན་ཡོངས་སུ་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྡོག་རོལ་བཏང་བ་མ་ཟད། མི་དམངས་ཀྱི་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་སོགས་རྡོག་རོལ་བཏང་བཞིན་པའི་གནས་སྟངས་ཁག་གསལ་བཏོན་གྱིས་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག  

ཨུ་རུ་སུ་ནང་བོད་མིར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ།

ཨུ་རུ་སུའི་ནང་རྟེན་གཞི་བྱས་པའི་བོད་ཀྱི་སྐུ་ཚབ་དོན་ནང་གིས་ཡུལ་དེའི་རྒྱལ་ས་ Moscow གཙོས་པའི་ས་གནས་ཁག་ཏུ་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་ཀྱི་རྒྱབ་སྐྱོར་འཚོལ་བསྒྲུབ་ཆེད་ལག་དེབ་སྔོན་པོ་རྒྱ་སྐྱེད་ཀྱི་ལས་འགུལ་སྤེལ་ཡོད།            དེ་ཡང་ཨུ་རུ་སུ་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་ད་ལན་ཨུ་རུ་སུའི་ནང་དེབ་སྔོན་པོ་ལས་གཞི་དེའི་དགོས་དམིགས་གཙོ་བོ་ནི། བོད་དོན་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དཔལ་འབྱོར་འདུ་འགོད་གནང་རྒྱུ་ཁོ་ན་མིན་པར། བོད་ནང་གི་བོད་མིའི་ཛ་དྲག་གནས་སྟངས་གཙོས་པའི་དབུས་བོད་མིའི་སྒྲིག་འཛུགས་ནས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཕྱོགས་དང་། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གལ་གནད། ལྷག་དོན་གོ་ལའི་ཁྱོན་ཡོངས་སུ་༸གོང་ས་མཆོག་གི་མཛད་འཕྲིན་རྒྱས་བཞིན་པ་དེ་དག་ཨུ་རུ་སུའི་མང་ཚོགས་ཀྱིས་ཤེས་རྟོགས་ཡོང་ཐབས་སུ་དམིགས་པ་ཡིན་སྐོར་གསུངས་སོང་།  ད་དུང་ཁོང་གིས་ལག་དེབ་སྔོན་པོ་རྒྱ་སྐྱེད་ཀྱི་ལས་འགུལ་སྤེལ་འགོ་བརྩམས་པ་མ་ཟད། དེར་ཨུ་རུ་སུའི་མི་དམངས་ཁྲོད་ནས་གདུང་སེམས་མཉམ་བསྐྱེད་ཀྱི་རྒྱབ་སྐྱོར་གང་ལེགས་གནང་སྐོར་གསུངས་ཡོད།      གཞི་རྩའི་ལག་དེབ་སྔོན་པོའི་ལས་གཞི་དེ་ནི། དབུས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ནས། ཕྱི་ལོ་ ༡༩༩༧ ལོར་དབུ་ཚུགས་ཀྱིས་རང་རེའི་རྩ་དོན་བསྒྲུབ་ཐབས་སུ་མི་རིགས་གཞན་གྱིས་བོད་མིའི་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་མཚོན་སླད་དཔལ་འབྱོར་འདུ་འགོད་ཀྱི་ལས་གཞི་ཞིག་ཡིན་པ་དང་། དེ་ཡང་ཨུ་རུ་སུ་ཙམ་མ་ཟད། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་ཁང་གིས་ས་གནས་སོ་སོའི་མང་ཚོགས་ཁྲོད་ལས་གཞི་དེ་ལྟར་སྤེལ་བཞིན་ཡོད་པ་རེད།

Latest news