Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

བོད་ཀྱི་མ་འོངས་པའི་མདུན་ལམ་འཚོལ་ཞིབ་ཀྱི་ལྷན་ཚོགས་ཐེངས་གཉིས་པ་ཚོགས་པ།

ཕྱི་ཟླ་ ༡༡ ཚེས་ ༢༥ ནས་ ༢༧ བར་ཉིན་གྲངས་གསུམ་རིང་ཕ་རན་སིའི་རྒྱལ་ས་པེ་རིས་ནང་ཨ་རི་དང་ཁེ་ན་ཌ། ཡོ་རོབ་སོགས་ནས་གནད་ཡོད་མི་སྣ་དང་བོད་རིགས་གཞོན་སྐྱེས་ལྔ་བཅུ་ལྷག་འདུ་འཛོམས་ཐོག་བོད་ཀྱི་མ་འོངས་པའི་མདུན་ལམ་འཚོལ་ཞིབ་ཀྱི་བགྲོ་གླེང་ལྷན་ཚོགས་ཐེངས་གཉིས་པ་ཚོགས་ཡོད་པ་རེད།བོད་ཀྱི་མ་འོངས་པའི་མདུན་ལམ་འཚོལ་ཞིབ་ཅེས་པའི་བགྲོ་གླེང་ལྷན་ཚོགས་ནི། ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་དང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་དབུ་བརྙེས་ཏེ་ལོ་ངོ་ ༥༠ འཁོར་བའི་དུས་ཚིགས་དང་བསྟུན། བཙན་འབྱོལ་སྤྱི་ཚོགས་ནང་གི་བོད་མི་ལས་འགུལ་བ་འགས་དང་དུ་བླངས་ནས་གཙོ་བོ་རྒྱ་ནག་དང་རྒྱལ་སྤྱི། བོད་ཀྱི་གནས་སྟངས་བཅས་ལ་གཞིགས་ཏེ་རྒྱལ་སྤྱིའི་སྟེང་མ་འོངས་པའི་བོད་དོན་འཐབ་རྩོད་ཁ་ཕྱོགས་དང་ནུས་སྟོབས་གོང་སྤེལ་ལ་དམིགས་ནས་དབུ་འཛུགས་གནང་བའི་ལྷན་ཚོགས་ཤིག་ཡིན་པ་རེད།པེ་རིས་ནང་ཚོགས་པའི་ལྷན་ཚོགས་ཐེངས་གཉིས་པའི་ཐོག་ཡོ་རོབ་བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་དང་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག བོད་མིའི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས། གཞོན་སྐྱེས་བོད་དོན་ལས་འགུལ་བ་འཆེ་མེད་ལྷ་མོ་ལགས། གཞུང་ཞབས་ཟུར་པ། བོད་དོན་མཁས་དབང་། དེ་བཞིན་བོད་དོན་ལས་འགུལ་བ་སོགས་གནད་ཡོད་མི་སྣ་དང་བོད་རིགས་གཞོན་སྐྱེས་ལྔ་བཅུ་ལྷག་འདུ་འཛོམས་གནང་བའི་ཐོག་མ་འོངས་པའི་བོད་ཀྱི་འཐབ་རྩོད་ནུས་སྟོབས་གོ་སྤེལ་ལ་དམིགས་པའི་གཏམ་བཤད་དང་གོ་བསྡུར་སྦྱང་བཤད་སོགས་གནང་ཡོད།བོད་ཀྱི་མ་འོངས་པའི་མདུན་ལམ་འཚོལ་ཞིབ་ཀྱི་ཚོགས་འདུ་ཐེངས་དང་པོ་འདི་ལོའི་ཕྱི་ཟླ་བཞི་པ་ནང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ལ་ཚོགས་ཡོད་པ་དང་ཚོགས་འདུ་གོ་སྒྲིག་པས་འཆར་གཞི་སྔོན་སྒྲིག་ལྷར་བགྲོ་གླེང་ལྷན་ཚོགས་ཐེངས་གཉིས་པ་འདི་བཞིན་ཡོ་རོབ་རྒྱལ་ཁབ་ཕ་རན་སི་དང་རྗེས་མའི་བགྲོ་གླེང་ཚོགས་འདུ་རྒྱ་གར་ནང་བསྐོང་ཚོགས་གནང་རྒྱུ་ཡིན་པ་རེད།

བོད་མིའི་འཚེ་མེད་ཞི་བའི་ལས་འགུལ་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་བ།  

ཡོ་རོབ་བོད་མི་མང་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་སུ་ད་བར་ཁོང་གིས་ས་གནས་ཁག་ཏུ་སྤེལ་བཞིན་པའི་བོད་མིའི་འཚེ་མེད་ཞི་བའི་ལས་འགུལ་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཞིག་ཕུལ་འདུགསེ་པཱེན་གྱི་གྲོང་ཁྱེར་སྦར་སོ་ལོ་ནང་རྟེན་གཞི་བྱས་པའི་ Arca de Noe ཞེས་སྤྱི་ཚོགས་བདེ་དོན་ཚོགས་པས་ད་བར་སྤྱི་ཚོགས་ལ་ཕན་བདེའི་ལས་དོན་སྒྲུབ་མཁན་མི་སྣ་ཁག་ལ་ཆེ་བསྟོད་ཀྱི་ཚུལ་དུ་གཟེངས་རྟགས་ཁག་ཅིག་གནང་སྲོལ་ཡོད་པ་ལྟར། ཚོགས་པ་དེའི་ངོས་ནས་འདི་ལོའི་ Paparra རྟགས་ཡོ་རོབ་བོད་མི་མང་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ལ་ཕུལ་འདུགཚོགས་པའི་ངོས་ནས་གཟེངས་རྟགས་འདི་ཉིད་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ལ་ཕུལ་དམིགས་གཙོ་བོ་ནི་སྐུ་ཞབས་ཁོང་གིས་ས་གནས་ཁག་ཏུ་སྤེལ་བཞིན་པའི་བོད་དོན་འཚེ་མེད་ཞི་བའི་ལས་འགུལ་བརྒྱུད་ནས་ས་གནས་མང་ཚོགས་ལ་མིག་དཔེ་དང་ཤུགས་རྐྱེན་བཟང་པོ་ཞིག་བསྐྲུན་ཡོད་པར་ངོས་འཛིན་གནང་སྟེ་ཕུལ་བ་ཞིག་ཆགས་ཡོད།སྤྱིར་སེ་པཱེན་གྱི་གྲོང་ཁྱེར་སྦར་སོ་ལོ་ནང་རྟེན་གཞི་བྱས་པའི་ Arca de Noe ཚོགས་པ་ནི། ཕྱི་ལོ་ ༡༩༢༧ གསར་འཛུགས་གནང་ནས་ད་བར་ལོ་ངོ་ ༩༠ ལྷག་གི་ལོ་རྒྱུས་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ཆགས་ཡོད་ཅིང། ཚོགས་པའི་ངོས་ནས་ལོ་ལྟར་ས་གནས་སུ་སྤྱི་ཚོགས་ཀྱི་རིན་ཐང་དང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སྲུང་སྐྱོབ་སོགས་ཀྱི་ལས་དོན་གཉེར་བ་བརྒྱུད་མང་ཚོགས་ལ་མིག་ལྟོས་བཟང་པོ་བསྟན་མཁན་གྱི་མི་སྣ་ཁག་གཅིག་ལ་གཟེངས་རྟགས་ཕུལ་སྲོལ་ཡོད་པ་རེད།

རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་ཞི་ཅིན་ཕིང་དང་དམར་ཤོག་གཞུང་ལ་ངོ་རྒོལ་བྱེད་བཞིན་པ། 

རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་གྲོང་ཁྱེར་ཆེ་ཤོས་ Shanghai གཙོས་རྒྱ་ནག་གི་གྲོང་ཁྱེར་མང་པོ་ནང་མི་མང་སྟོང་ཕྲག་དུ་མ་འདུ་འཛོམས་ཀྱིས་རྒྱ་ནག་དམར་ཤོག་སྲིད་གཞུང་དང་སྲིད་འཛིན་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་ཆེས་ཆེར་སྤེལ་བཞིན་འདུགརྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་དང་སྤྱི་ཚོགས་དྲ་རྒྱར་ཁྱབ་བཞིན་པའི་བརྙན་ཐུང་ཁག་ལ་གཞིགས་ན། རྒྱ་ནག་གཞུང་གིས་རིམས་ནད་ཀླ་ཀོར་གྱི་སྲིད་བྱུས་ཞེས་པ་མུ་མཐུད་རྒྱ་ནག་གིས་གཙོས་པའི་བོད་དང་ཤིན་ཅང་སོགས་གྲངས་ཉུང་མི་རིགས་ཀྱི་ས་གནས་ཡོངས་སུ་ལག་བསྟར་གྱིས་ཁྱོན་མི་སེར་སྟོང་ཕྲག་མང་པོ་ཟུར་བཀག་ཏུ་ཆེད་བཞག་བྱས་པ་མ་ཚད་པར་རིམས་ནད་དང་འབྲེལ་བའི་ཁྱིམ་སྡོད་བཀའ་རྒྱ་བསྡམས་པ་སོགས་ཀྱི་དམ་དྲག་ཧ་ཅང་ནན་པོ་བྱེད་བཞིན་ཡོད་པར་ལྟོས་མེད་ད་ཆ་རྒྱ་ནག་ནང་ཉིན་རེ་ལས་མ་འདས་པར་ཏོག་དབྱིབས་གཉན་རིམས་ཕོག་པའི་གྲངས་འབོད་ཇེ་མང་དུ་འགྲོ་མུས་ཁྲོད་འདས་པའི་གཟའ་འཁོར་ནང་ཤིན་ཅང་གི་གྲོང་ཁྱེར་ལྟེ་བ་ Wulumuqi ནང་གི་ཐོག་བརྩེགས་ཅན་གྱི་ཁང་པ་ཞིག་ལ་མེ་སྐྱོན་ཕོག་པར་བརྟེན་མི་བཅུ་རྐྱེན་འདས་སུ་གྱུར་བ་དང་མི་དགུ་ལ་རྨས་སྐྱོན་ཕོག་ཡོད་སྟབས་ Shanghai གྲོང་ཁྱེར་དུ་ཡོད་པའི་ Wulumuqi ཞེས་པའི་སྲང་ལམ་དུ་མི་ཚོགས་འགའ་ཤས་འདུ་འཛོམས་ཀྱིས་མྱ་ངན་གྱི་མཆོད་མེ་ལས་འགུལ་ཞིག་སྤེལ་ཡོད་པ་དེ་རིམ་བཞིན་རྒྱ་ནག་རྒྱལ་ཡོངས་སུ་རྒྱ་ནག་དམར་པོའི་གཞུང་དང་ཞི་ཅིན་ཕིང་གཉིས་ལ་ངོ་རྒོལ་གྱི་ལས་འགུལ་ཆགས་པའི་ཁྲོད་འདིར་རེས་གཟའ་སྤེན་པའི་མཚན་མོར་ Shanghai གྲོང་ཁྱེར་གྱི་ Wulumuqi སྲང་ལམ་དུ་མི་མང་འཛོམས་ཏེ་རིམ་བཞིན་མི་ཚོགས་དེ་དག་གིས་རྒྱ་ནག་དམར་ཤོག་ཚོགས་པ་དང་ཞི་ཅིན་ཕིང་གཏོར་ཕམ་གཏོང་དགོས་པ་སོགས་ཀྱི་འབོད་སྒྲ་སྒྲོག་བཞིན་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་འདུགལྷག་པར་དུ་ Shanghai གྲོང་ཁྱེར་གྱི་གཞི་རྒྱ་ཆེ་བའི་མི་མང་གི་ངོ་རྒོལ་ལ་བརྟེན་ནས་རྒྱ་ནག་གྲོང་ཁྱེར་སོ་སོར་ནད་ཡམས་བརྟག་དཔྱད་བྱེད་སའི་ས་ཚིགས་གཏོར་བ་དང་ནད་ཡམས་ཀྱི་སྲིད་བྱུས་ལག་བསྟར་བྱེད་མཁན་འབྲེལ་ཡོད་མི་སྣར་མི་མང་གིས་ཕར་རྒོལ་བྱས་པར་མ་ཟད་སྲང་ལམ་དུ་ཐོན་ནས་ང་ཚོར་སྨྲ་བརྗོད་རང་དབང་དང་མང་གཙོ་དགོས། རྒྱ་ནག་སྒོ་ཕྱེ་ནས་ཞོག་དགོས་སོགས་ཀྱི་འབོད་སྒྲ་སྒྲོག་སྐབས་རྒྱ་ནག་གི་སྤྱི་བདེ་མི་སྣ་དང་ཉེན་རྟོག་པ། དེ་བཞིན་གྱོན་ཆས་དཀར་པོ་གྱོན་པའི་ནད་ཡམས་དང་འབྲེལ་བའི་ལས་བྱེད་མི་སྣ་སོགས་ཕོན་ཆེ་འགྲེམས་འཇོག་གིས་མང་ཚོགས་ཐོག་ཟེགས་ཆུ་ Pepper Spray བཏོར་ནས་ངོ་རྒོལ་བ་འཛིན་བཟུང་བྱས་པ་དང་མི་མང་བཀག་སྡོམ་བྱས་པ་སོགས་ཟིང་འཁྲུག་ཆེན་པོ་ལངས་ཡོད་པར་མ་ཟད་སྲིད་གཞུང་གི་སྣ་ཡོང་ནས་མི་མང་ལ་འཇིགས་སྐུལ་བྱེད་བཞིན་པ་སོགས་མངོན་རྒྱུ་འདུགShanghai གྲོང་ཁྱེར་ནང་དུ་གཟའ་སྤེན་པའི་མཚན་མོར་ཉེན་རྟོག་པས་མི་མང་མང་པོ་འཛིན་བཟུང་བྱས་པ་སོགས་ཀྱི་གནས་ཚུལ་ཐོན་རྗེས་ཁ་སང་གཟའ་ཉི་མའི་ཞོགས་པར་མི་མང་གིས་མུ་མཐུད་དེ་ངོ་རྒོལ་ལས་འགུལ་སྤེལ་ཏེ་རྒྱ་ནག་གིས་འཛིན་བཟུང་བྱས་པའི་མི་རྣམས་འཕྲལ་མར་གློད་བཀྲོལ་གཏོང་དགོས་པའི་དགོས་འདུན་ཆེད་བཏོན་གནང་བ་མ་ཚད་པར་དེ་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་ Tsinghua སློབ་ཆེན་གྱི་བུ་མོ་ཞིག་གིས་སྣེ་ཁྲིད་འོག་གཞི་རྒྱ་ཆེ་བའི་སློབ་ཕྲུག་གི་ངོ་རྒོལ་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་དང་སྐབས་དེར་བོུ་དེས་སློབ་ཕྲུག་ཚོར་གཏམ་བཤད་གནང་བར་ང་ཚོ་ད་དུང་ཁ་མ་གྲག་ནས་བསྡད་ཚེ་མི་མང་ཚོའི་ངོས་ནས་ང་ཚོར་ཡིད་ཐང་ཆད་ངེས་རེད་ལ། སོ་སོའི་མི་ཚེ་ཧྲིལ་པོར་བློ་འགྱོད་ཆེན་པོ་འབྱུང་ངེས་རེད་ཅེས་གསུངས་ཏེ་རྒྱ་ནག་ནང་མང་གཙོ་ཁྲིམས་མཐུན་དང་སྨྲ་བརྗོད་རང་དབང་དགོས་ཞེས་རྔམ་སྟོན་ཁྲོམ་སྐོར་གནང་ཡོད་པ་རེད།རྒྱ་ནག་དམར་ཤོག་གཞུང་དང་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་བ་ལྟར་ཁྲིན་ཏུ་དང་ཝུ་ཧན། ཤིན་ཅང་། Guangzhou ལ་སོགས་པའི་གྲོང་ཁྱེར་མང་པོར་མང་ཚོགས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཐོག་ནས་གནང་བ་ཞིག་ཆགས་ཡོད། པར་བདག་དབང་། reuters

ཇར་མ་ནིས་རྒྱ་ནག་ཐོག་སྲིད་བྱུང་མཁྲེགས་ཏུ་གཏང་རྒྱུའི་ཡིག་ཆ་ཕྱིར་འདོན།

ཇར་མ་ནི་གཞུང་གིས་རྒྱ་ནག་ཐོག་སྲིད་བྱུས་མཁྲེགས་ཏུ་གཏོང་རྒྱུའི་ཡིག་ཆ་ཞིག་ཕྱིར་འདོན་བྱུང་ཡོད་པའི་ནང་རྒྱ་ནག་གིས་བོད་དང་ཤིན་ཅང་ཁུལ་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་ཡོད་པར་སྐྱོན་བརྗོད་ནན་པོ་གནང་འདུགདེ་ཡང་ཁ་སང་ཕྱི་ཚེས་ ༢༣ ཉིན་ Politico གསར་ཤོག་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། གསར་ཁང་དེར་ཇར་མ་ནིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་ཐོག་འཛིན་པའི་ཐབས་བྱུས་དང་འབྲེལ་ཤོག་གྲངས་ ༦༡ ཅན་གྱི་ཡིག་ཆའི་འདྲ་བཤུས་རག་སོན་བྱུང་བའི་ནང་། ཇར་མ་ནིའི་ངོས་ནས་རྒྱ་ནག་ཐོག་སྲིད་བྱུས་མཁྲེགས་ཏུ་བཏང་སྟེ་རིམ་པས་ཡུལ་དེའི་བཟོ་གྲྭ་དང་ཚོང་སྡེ་ཁག་ནས་རྒྱ་ནག་ལ་རྒྱབ་རྟེན་བྱ་རྒྱུ་ཇེ་ཉུང་དུ་གཏང་འཆར་ཡོད་པ་དང་ཆབས་གཅིག ཡོ་རོབ་མཐུན་ཚོགས་ནས་ཐའེ་ཝན་དང་ལྷན་དུ་མ་རྩ་འཛུགས་རྒྱུའི་གྲོས་མཐུན་ཐད་ཤུགས་སྣོན་རྒྱག་དགོས་སྐོར་བཀོད་ཡོད་པ་དང་། དེ་བཞིན་རྒྱ་ནག་གིས་བོད་དང་ཤིན་ཅང་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་གི་ཡོད་པ་སྐྱོན་བརྗོད་ནན་པོ་གནང་འདུག རྩ་བའི་ཟིན་བྲིས་ཡིག་ཆ་དེ་ཉིད་ཇར་མ་ནིའི་ཕྱི་སྲིད་ལས་ཁུངས་ཀྱིས་བཀོད་ཡོད་པ་དང་། དེར་སྲིད་འཛིན་གཙོས་པའི་བློན་ཆེན་གཞན་རྣམ་པས་གོ་བསྡུར་སྦྱང་བཤད་གནང་རྗེས་ལོ་རྗེས་མའི་འགོ་སྟོད་ཙམ་ལ་གཞུང་འབྲེལ་གྱི་ཐོག་ནས་གཏན་འབེབས་བྱ་རྒྱུ་ཡིན་སྟབས། ཡིག་ཆ་དེའི་ནང་དོན་ཐོག་ད་དུང་འགྱུར་བ་འགྲོ་སྲིད་པ་ཞིག་རེད་འདུགཇར་མ་ནིའི་ཕྱི་སྲིད་ལས་ཁུངས་ཀྱི་ཡིག་ཆ་དེའི་ནང་གཞན་ཡང་རྒྱ་ནག་གིས་རྒྱལ་ཁབ་གཞན་དང་ལྷན་དུ་ཚོང་འབྲེལ་གྱི་ཆག་ཡང་ཐོབ་ཆེད་རྒྱལ་ཁབ་སོར་སོར་རྔམ་འདོད་ཀྱི་ཁོར་ཡུག་བསྐྲུན་པའི་བརྒྱུད། རྒྱ་ནག་རང་ཉིད་ལ་ཁེ་ཕན་ལེན་རྒྱུའི་འདུན་པ་ཡོད་པའི་སྐོར་ཉེན་བརྡ་བཏང་འདུག་པ་དང་འབྲེལ། ཚོང་འབྲེལ་གྱི་ཁྲིམས་སྒྲིག་ལག་བསྟར་བརྒྱུད་ཇར་མ་ནིའི་ཚོང་གི་སྡེ་ཁག་ནས་རྒྱ་ནག་ལ་རྒྱབ་རྟེན་བྱ་རྒྱུ་ཇེ་ཉུང་དུ་བཏང་རྒྱུ་དང་ཆབས་ཅིག ལྷག་པར་དུ་རྒྱ་ནག་དང་རྒྱབ་ཀྱི་ཕྱོགས་པའི་ཇར་མ་ནིའི་ཚོང་སྡེ་ཁག་དང་ལྷན་དུ་གྲོས་མོལ་བརྒྱུད་མ་འོངས་པར་རྒྱ་ནག་དང་འབྲེལ་ལམ་ཇི་ལྟར་བྱ་དགོས་གལ་སོགས་འཁོད་ཡོད། ཇར་མ་ནིའི་གཞུང་གིས་རྒྱ་ནག་ཐོག་སྲིད་བྱུས་མཁྲེགས་པོ་འཛིན་རྒྱུའི་ཡིག་ཆ་ནང་གི་གནད་དོན་དང་འབྲེལ་ནས་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་ཇར་མ་ནིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་བེད་སྤྱོད་ཀྱིས་རྒྱ་ནག་ལ་ནག་པོའམ་མིང་ཆད་བཟོ་གི་འདུག་ཞེས་སྐྱོན་བརྗོད་བྱས་འདུག གཞི་རྩའི་རྒྱ་ནག་ནང་ཇར་མ་ནིའི་མ་འཛུགས་ཤུགས་ཆེ་ཡོད་པར་བརྟེན། ཇར་མ་ནི་ནི་དེ་སྔ་ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་དང་ཁ་གཏད་དུ་འཛིན་པའི་སྲིད་བྱུས་ལ་འགག་པ་རྒྱབ་མཁན་གཙོ་གྲས་ཤིག་ཡིན་པ་དང་འབྲེལ། ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་ནག་ཡོ་རོབ་མཐུན་ཚོགས་ཀྱི་མ་འཛུགས་སྲུང་སྐྱོབ་ཆེད་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་ལ་ཡ་ལེན་བྱས་མེད་པ་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ཇར་མ་ནིས་རྒྱ་ནག་དང་ལྷན་དུ་ལོ་མང་རིང་འབྲེལ་ལམ་ཡོད་པ་དེ་ལ་ཇར་མ་ནིའི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་ཐོག་སྲིད་བྱུས་མཁྲེགས་པོ་འཛིན་རྒྱུ་དེ་ཉིད་ཇི་ཙམ་གྱི་ལམ་ལྷོང་བྱུང་རྒྱུ་ཡིན་པ་འདྲི་རྟགས་ཅིག་ཡིན་པ་གནས་ཚུལ་ནང་བཀོད་འདུག

ཡོ་རོབ་མཐུན་ཚོགས་ནས་རྒྱ་ནག་གི་དཔོན་རིགས་བཞིར་སྲིད་དོན་ཉེས་ཆད་དུས་འགྱངས་གནང་རྒྱུ།

ཡོ་རོབ་མཐུན་ཚོགས་ནས་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་ཕྱིན་མེད་པའི་གནད་དོན་དང་འབྲེལ་ནས་དེ་སྔ་རྒྱ་ནག་གི་དཔོན་རིགས་བཞིར་སྲིད་དོན་ཉེས་ཆད་བཏང་ཡོད་པ་དེ་དག་གི་ཉེས་ཆད་དུས་ཡུན་འཕར་འགྱངས་གནང་རྒྱུའི་གྲ་སྒྲིག་གནང་བཞིན་པ་རེད་འདུགཤིན་ཅང་ནང་གི་ཡུ་གུར་དང་ཁ་ཆེའི་མང་ཚོགས་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་དང་དེ་དག་གི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་བའི་གནད་དོན་དང་འབྲེལ། དེ་སྔ་ཕྱི་ལོ་ ༢༠༢༠ ལོར་ཡོ་རོབ་མཐུན་ཚོགས་གཙོས་ཨ་རི་དང་ཁེ་ན་ཌ། དབྱིན་ཡུལ་བཅས་ཀྱིས་ཤིན་ཅང་སྤྱི་དམངས་བདེ་འཇགས་ལས་ཁུངས་ཀྱི་འགན་འཛིན་ Chen Mingguo དང་ཤིན་ཅང་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་ཟུར་པ་ Zhu Hailun གཙོས་ལས་བྱེད་བགྲེས་པ་གཉིས་བཅས་ཁྱོན་རྒྱ་ནག་གི་དཔོན་རིགས་བཞི་དང་ Xinjiang Production and Construction Corps Public Security Bureau ཞེས་ཤིན་ཅང་བཟོ་སྐྲུན་དང་འཛུགས་སྐྲུན་སྤྱི་བདེ་ལས་ཁུངས་བཅས་ཀྱི་སྒྲིག་འཛུགས་ལ་སྲིད་དོན་ཉེས་ཆད་བཏང་སྟེ་རྒྱ་ནག་གི་དཔོན་རིགས་དང་སྒྲིག་འཛུགས་དེར་ཡོ་རུབ་མཐུན་ཚོགས་ཀྱི་ས་ཁོངས་ནང་འགྲུལ་བཞུད་མི་ཆོག་པ་དང་རྒྱུ་དངོས་གང་ཡོད་པ་དེ་དག་སྤྱོད་མི་ཆོག་པའི་ཉེས་ཆད་བཏང་ཡོད་པ་ལྟར། དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་དེ་འབྲེལ་གནས་ཚུལ་སྤེལ་བར་ཕྱི་ལོ་ ༢༠༢༠ ལོར་ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གི་དཔོན་རིགས་བཞིར་ཤིན་ཅང་གནད་དོན་དང་འབྲེལ་བའི་སྲིད་དོན་ཉེས་ཆད་བཏང་བ་ནས་བཟུང་ད་བར་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་ཡར་རྒྱས་ཕྲན་བུ་ཙམ་ཡང་ཕྱིན་མེད་པར་འགྲེལ་བརྗོད་གནང་སྟེ་མཐུན་ཚོགས་དེ་ཉིད་ཀྱི་ངོས་ནས་ཟླ་བ་རྗེས་མའི་ནང་རྒྱ་ནག་གི་དཔོན་རིགས་དེ་དག་གི་སྲིད་དོན་ཉེས་ཆད་ཐོག་བགྲོ་གླེང་གང་ཡང་མི་གནང་བར་དུས་ཡུན་འཕར་འགྱངས་གནང་འཆར་འདུག སྤྱིར་ཟླ་ ༡༡ ཚེས་ ༣༠ ཉིན་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཉེས་ཆད་སྤྱི་ཡོངས་དང་འབྲེལ་ཏེ་རྒྱ་ནག་གི་དཔོན་རིགས་ཁག་གཅིག་གི་སྲིད་དོན་ཉེས་ཆད་ཐོག་བགྲོ་གླེང་གནང་གི་ཡོད་པ་དང་། དེ་རྗེས་ཟླ་བ་རྗེས་མའི་ཚེས་ཤར་ལ་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གི་བློན་ཆེན་དབར་འཚོགས་རྒྱུའི་ཚོགས་འདུ་ཐོག་ནས་སྲིད་དོན་ཉེས་ཆད་འཕར་འགྱངས་གནང་རྒྱུའི་ཐག་གཅོད་བྱས་ཏེ་ལོ་རྗེས་མའི་ཕྱི་ཟླ་གསུམ་པར་ལག་བསྟར་གནང་གི་ཡོད་སྐོར་གསུངས་ཡོད། ཁ་སང་ཡོ་རོབ་གྲོས་ཚོགས་སུ་ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་དང་བདེ་སྲུང་བློན་ཆེན་སྐུ་ཞབས་ Josep Borell ལགས་དབུ་བཞུགས་ཐོག་བགྲོ་གླེང་ལས་རིམ་ཞིག་གནང་ཡོད་པ་དང་གྲོས་ཚོགས་ཀྱི་ངོས་ནས་ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གི་འགོ་ཁྲིད་ལ་སྲིད་དོན་ཉེས་ཆད་འགེལ་རྒྱུའི་ཁོངས་སུ་རྒྱ་ནག་གི་དཔོན་རིགས་གཞན་ཁག་གཅིག་ཀྱང་བཅུག་དགོས་པའི་གནོན་ཤུགས་སྤྲད་འདུག Photo: Reuters

ཨོ་སི་ཊི་ལི་ཡ་གཞུང་ནས་༸སྐུའི་ཡང་སྲིད་གནད་དོན་ཐོག་སྲིད་བྱུས་གཏན་འབེབས་གནང་དགོས།

ཨོ་སི་ཊི་ལི་ཡ་ནང་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ལ་རྒྱ་ནག་གཞུང་གི་ཐེ་བྱུས་མི་ཡོང་སླད་ཨི་གླིང་གཞུང་ནས་སྲིད་བྱུས་གཏན་འབེབས་གནང་སྐྱོང་ཡོང་བ་སོགས་ཀྱི་དོན་ཚན་གསུམ་ཅན་གྱི་དགོས་འདུན་ཆེད་བཏོན་གནང་འདུགཨོ་གླིང་ནང་ལོ་ལྟར་ཨོ་སི་ཊོ་ལི་ཡ་བོད་དོན་ལྷན་ཁང་དང་ས་གནས་བོད་རིགས་མཐུན་ཚོགས་ཁག་ཟུང་སྦྲེལ་ཐོག་བོད་དོན་ཞུ་གཏུག་ཉིན་མོ་ཞེས་གོ་སྒྲིག་གནང་གི་ཡོད་པ་ལྟར་ཐེངས་འདིའི་བོད་དོན་ཞུ་གཏུག་ཉིན་མོ་ཐེངས་བཅིུག་པའི་ནང་ཨོ་གླིང་གི་སྤྱི་འཐུས་ལས་ཐོག་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་གཙོས་རྒྱལ་ས་ Canberra དང་སིཌ་ཎི། Queensland Victoria དེ་བཞིན་ Nowra བཅས་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པ་ནས་བོད་མི་གྲངས་ ༡༦ ཙམ་ Canberra ལ་ཚང་འཛོམས་ཀྱིས་ཡུལ་དེའི་སྲིད་དོན་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་གོང་འོག་གི་འཐུས་མི་ ༣༠ ཉེ་བར་མཇལ་འཕྲད་གནང་སྟེ་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་གནད་དོན་དང་འབྲེལ་བའི་དེ་སྔ་ཨ་རིས་གཏན་འབེབས་གནང་བའི་ཨ་རིའི་བོད་དོན་ཁྲིམས་འཆར་དང་བོད་ནང་འདྲ་མཉམ་ཐོག་འགྲུལ་སྐྱོད་ཆོག་པའི་ཁྲིམས་འཆར་གཉིས་ཨོ་གླིང་གཞུང་གིས་ཀྱང་དེ་ལྟར་གཏན་འབེབས་གནང་གལ་ཡིན་སྐོར་ཞུས་པར་མ་ཟད། ཨོ་གླིང་གཞུང་གིས་དེ་སྔ་སྤྱི་མོས་གཏན་འབེབས་གནང་བའི་ Magnitsky Act ཞེས་པའི་ཁྲིམས་གཞི་དངོས་སུ་ལག་བསྟར་གནང་དགོས་པ་བཅས་ཀྱི་དགོས་འདུན་ཁག་གཅིག་ཆེད་བཏོན་གནང་བ་དང་ཆབས་ཅིག བོད་མི་རྣམས་ཚོགས་ཆུང་ལྔར་ཆ་བགོས་ཀྱིས་ཨོ་གླིང་གྲོས་ཚོགས་ཀྱི་ཉན་ཞིབ་ཚོགས་འདུ་ཁག་གཅིག་ལ་ཟུར་ཉན་ངོ་བོའི་ཐོག་ནས་མཉམ་ཞུགས་གནང་འདུགཁ་སང་བོད་དོན་ཞུ་གཏུག་ལས་འགུལ་དེའི་ཁྲོད་ཨོ་གླིང་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ Janet Rice ལགས་ཀྱིས་སྐབས་དེའི་གྲོས་ཚོགས་སུ་ཨོ་གླིང་གི་སྐུ་ཚབ་དོན་གཅོད་དང་སྤྱི་འཐུས་ལས་ཐོག་རྣམ་གཉིས་ཀྱིས་གཙོས་པའི་བོད་མིའི་སྐུ་ཚབ་རྣམས་ལ་ཆེ་མཐོང་ངོས་འཛིན་གནང་བ་སྦྲགས་ཏེ། བོད་མིའི་སྐུ་ཚབ་རྣམས་ཀྱིས་སྤེལ་བཞིན་པའི་བོད་དོན་ཞུ་གཏུག་ཉིན་མོ་དེ་ཧ་ཅང་གནད་འགག་ཆགས་ཀྱི་ཡོད་ཅེས་དང་ད་ཆ་རྒྱ་གཞུང་གིས་དབང་བསྒྱུར་འོག་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་དང་ཆོས་རིག ལེགས་བྱང་། སྐད་ཡིག་བཅས་པ་ཉེན་ཁའི་གནས་སུ་ལྷུང་ཡོད་པར་འགྲེལ་བརྗོད་གནང་སྟེ་ཨོ་གླིང་གཞུང་གི་ངོས་ནས་རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ལམ་སྲོལ་ལ་ཐེ་བྱུས་བྱས་དང་བྱེད་བཞིན་པར་དགག་པ་གནང་དགོས་པ་དང་། དེའི་ཚབ་ཏུ་མགོན་པོ་༸གང་ཉིད་མཆོག་ཁོ་ནར་ངོས་འཛིན་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་པ་དང་གྲོས་གཞི་དེ་ཉིད་ཁོང་གིས་མུ་མཐུད་གྲོས་ཚོགས་སུ་ཐབས་ལམ་ཇི་ཡོད་ཀྱི་སྒོ་ནས་གླེང་སློང་གནང་རྒྱུ་ཡིན་ཞེས་གསུངས་འདུག

བཅའ་སྡོད་སློབ་གྲྭའི་བོད་ཕྲུག་ཚོའི་གནས་སྟངས་མངོན་གསལ་གྱིས་འཛམ་གླིང་བྱིས་པའི་ཉིན་མོ་སྲུང་བརྩི།  

འཛམ་གླིང་བྱིས་པའི་ཉིན་མོར་ Free Tibet ཞེས་བོད་རང་དབང་ཚོགས་པ་དང་དབྱིན་ཡུལ་བོད་རིགས་ཚོགས་པ་གཉིས་ཀྱིས་རྒྱ་ནག་གཞུང་གིས་བོད་མིའི་ངོ་བོ་རྩ་མེད་གཏོང་ཐབས་ཆེད་བོད་ནང་གི་བོད་ཕྲུག་རྣམས་བཙན་གྱིས་བཅའ་སྡོད་སློབ་གྲྭར་ཆེད་གཏོང་བྱེད་བཞིན་ཡོད་སྟབས་བོད་ཕྲུག་ཚོར་ཤེས་ཡོན་གྱི་ཐོབ་ཐང་དགོས་ཞེས་པའི་ལས་འགུལ་སྤེལ་འདུགཁ་སང་ཕྱི་ཚེས་ ༢༠ ཉིན་བོད་རང་དབང་ཚོགས་པ་དང་དབྱིན་ཡུལ་བོད་རིགས་ཚོགས་པ་གཉིས་ཀྱིས་དབྱིན་ཡུལ་རྒྱལ་ས་ལོན་ཌོན་གྱི་གྲོས་ཚོགས་མདུན་ཐང་དུ་བཅའ་སྡོད་སློབ་གྲྭའི་བོད་ཕྲུག་ཚོའི་གནས་སྟངས་མངོན་གསལ་གནང་སྟེ། Victory for Tibet ཞེས་བོད་ལ་རྒྱལ་ཁ་ཅེས་འཁོད་པའི་ཤོག་བུ་བཏགས་ཏེ་བོད་ནང་གི་བོད་ཕྲུག་ཚོ་རྒྱ་གཞུང་གི་བྱུས་ངན་སྲིད་བྱུས་ལས་སྲུང་སྐྱོབ་དགོས་པ་དང་བོད་ཕྲུག་ཚོར་ཤེས་ཡོན་གྱི་ཐོབ་ཐང་སྤྲོད་དགོས་པའི་དགོས་འདུན་འོག་བོད་ནང་གི་བོད་ཕྲུག་ཚོའི་གནས་བབ་དྲན་གསོ་གནང་བའི་ཐོག་ནས་རྒྱལ་སྤྱིའི་བྱིས་པའི་ཉིན་མོ་སྲུང་བརྩི་ཞུས་འདུག ལས་འགུལ་ནང་དབྱིན་ཡུལ་གནས་སྡོད་བོད་ཕྲུག་ཁག་གཅིག་དང་ཕ་མ་བཅས་མཉམ་ཞུགས་གནང་འདུགམཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱི་ལོ་ ༡༩༥༤ ལོར་ Universal Children's Day ཞེས་གཏན་འབེབས་གནང་ཡོད་པ་དང་ལོ་ལྟར་ཕྱི་ཟླ་ ༡༡ ཚེས་ ༢༠ ཉིན་མོར་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་དང་བྱིས་པའི་བདེ་དོན་གོང་སྤེལ་ལ་དམིགས་ཏེ་འཛམ་གླིང་བྱིས་པའི་ཉིན་མོ་སྲུང་བརྩི་གནང་གི་ཡོད། འདི་ལོའི་འཛམ་གླིང་བྱིས་པའི་ཉིན་མོ་བརྗོད་བྱ་ནི་འདྲ་མཉམ་དགོས་ཞེས་པ་དེ་ཆགས་ཡོད། འོན་ཀྱང་བོད་ནང་ད་ཆ་རྒྱ་ནག་གཞུང་གིས་བཅའ་སྡོད་སློབ་གྲྭ་མང་པོ་གསར་རྒྱག་བྱས་ཏེ་བྱིས་པ་ལོ་ ༤ ཡན་ཆད་ཕ་མ་དང་ཁ་བྲལ་བཏང་སྟེ་བཙན་གྱིས་སློབ་གྲྭ་དེར་བཅུག་ནས་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་དང་ཉེ་ཆར་གནས་ཚུལ་ཐོན་ཁག་ལ་གཞིགས་ན་རྒྱ་གཞུང་གི་བཅའ་སྡོད་སློབ་གྲྭར་བོད་ཕྲུག་ཁྱོན་ས་ཡ་གཅིག་མན་ཙམ་ཡོད་པར་གསུངས་ཡོད།

ལི་ཐོ་ནི་ཡའི་གྲོས་ཚོགས་འཐུས་མི་དང་ཕྱི་སྲིད་ལས་དོན་མི་སྣར་མཇལ་མོལ།

བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ནས་ཡོ་རོབ་ Lithuania རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་དང་ཕྱི་སྲིད་ལས་དོན་མི་སྣ་ཁག་གཅིག་ལ་མཇལ་འཕྲད་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུས་འདུགབོད་མི་མང་སྤྱི་འཐུས་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་དབུ་དཀར་ཚང་གཡུ་སྒྲོན་ལགས། སྤྱི་འཐུས་དབང་འདུས་རྡོ་རྗེ་ལགས་བཅས་སྤྱི་འཐུས་གསུམ་ལས་གྲུབ་པའི་ཚོགས་ཆུང་ཞིག་ཟླ་ ༡༡ ཚེས་ ༡༣ ནས་དབུ་འཛུགས་ཀྱིས་ཡོ་རོབ་རྒྱལ་ཁབ་ཁག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་ལྟར། ཟླ་བ་འདིའི་ཚེས་ ༡༣  ནས་ ༡༨ བར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས་གནང་སྟེ་ཅེཀ་གྲོས་ཚོགས་སུ་ཚོགས་པའི་བོད་དོན་ལྷན་ཚོགས་ཐོག་མཉམ་ཞུགས་ཀྱིས་བོད་དོན་གཏམ་བཤད་དང་། ཅེཀ་གྲོས་ཚོགས་གོང་འོག་གཉིས་ཀྱི་ཚོགས་གཙོ་ཚོགས་གཞོན་དང་ཅེཀ་ཕྱི་སྲིད་ལས་ཁུངས་ཀྱི་བློན་ཆེན་གཞོན་པས་གཙོས་པའི་གཞུང་འབྲེལ་གནད་ཡོད་མི་སྣ་སོགས་དང་མཇལ་མོལ་གནང་ཡོད་པར་མ་ཟད། རྒྱལ་ས་པྲ་རག་ཏུ་རྟེན་གཞི་བྱས་པའི་ཐེ་ཝན་གཞུང་ཚབ་ཆེན་མོ་སྐུ་ཞབས་ Liang Ruey Ke མཆོག་དང་མཇལ་འཕྲད་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། ཁོར་ཡུག་བཅས་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་ངང་གནས་ཡོད་སྐོར་འགྲེལ་བརྗོད་ཞིབ་རྒྱས་ཞུས་པ་དང་ཆབས་ཅིག ཐེ་ཝན་གཞུང་མང་གཉིས་ཀྱི་ངོས་ནས་བོད་དོན་ཐོག་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུས་འདུག ཁ་ཉིན་སྐུ་ཚབ་ཚོགས་ཆུང་དེ་ཉིད་ལི་ཐོ་ནི་ཡའི་རྒྱལ་ཁབ་ནང་ཕེབས་འབྱོར་གྱིས་ཁ་སང་སྔ་དྲོ་ཡུལ་དེའི་གྲོས་ཚོགས་སུ་ལི་ཐོ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག་གསར་འགོད་ལྷན་ཚོགས་གནང་སྟེ་གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་རྣམ་གཉིས་ཀྱིས་དབུས་པའི་གྲོས་ཚོགས་འཐུས་མི་དང་ཕྱི་སྲིད་ལས་དོན་མི་སྣ། བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་བཅས་དང་མཇལ་མོལ་གནང་འདུག སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཆུང་ལི་ཐོ་ནི་ཡ་ནང་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་རིང་གཞུང་འབྲེལ་ཕྱོགས་ཕེབས་གནང་སྟེ་ཕྱི་ཚེས་ ༢༣ ཉིན་སུད་ཌེན་དུ་ཆེད་ཕེབས་ཀྱིས་གྲོས་ཚོགས་འཐུས་མི་གཙོས་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་རྒྱུའི་ལས་རིམ་སོགས་ལེགས་གྲུབ་རྗེས་ཕྱི་ཚེས་ ༢༧ ཉིན་ནི་ཐར་ལན་ཌིར་ཕེབས་ཐོན་གནང་སྟེ་ཉིན་གྲངས་གསུམ་རིང་འཚམས་གཟིགས་གནང་གཏན་ཁེལ་ཡོད།

ཨ་རིའི་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་རྣམ་པས་བོད་རྒྱའི་དཀའ་རྙོག་སེལ་བར་འབད་བརྩོན་གནང་དགོས་པར་གསུངས།

CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་འདི་ལོའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལུགས་དབང་འཛིན་གྱི་གནས་སྟངས་ཐོག་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བར་རྒྱ་ནག་གི་དབང་བསྒྱུར་འོག་ཏུ་བོད་དང་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཧ་ཅང་ཛ་དྲག་གི་ངོ་བོར་གནས་ཡོད་པ་དང་རྒྱ་ནག་གཞུང་གི་ངོས་ནས་བོད་མིའི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་བྱ་རྒྱུའི་འདུན་པ་གང་ཡང་ཆེད་བཏོན་གནང་མེད་པ་སོགས་གསལ་འདོན་གནང་འདུག ཁ་ཉིན་ཚེས་ ༡༦ ཉིན་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Jeff Merkley ལགས་དང་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim McGovern ལགས་རྣམ་གཉིས་དབུས་ཚོགས་ཆུང་གི་ཚོགས་མི་གྲོས་ཚོགས་འཐུས་མི་རྣམ་པ་དང་ལས་བྱེད་བཅས་ཀྱིས་ཕྱོགས་སྒྲིག་གནང་བའི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་ཡོད་པ་དང་། དེའི་ནང་སྔ་ལོར་རྒྱ་ནག་གཞུང་གིས་རྒྱ་ནག་སྤྱི་དང་ལྷག་པར་དུ་ཤིན་ཅང་རང་སྐྱོང་གི་ས་ཁུལ། ཧོང་ཀོང་། བོད་ཀྱི་ས་ཁུལ་བཅས་སུ་ལྟ་སྲུང་དང་འཇིགས་སྐུལ། དེ་བཞིན་འཛིན་བཟུང་དོ་དམ་སོགས་ཀྱི་ལས་དོན་རྒྱ་ཆེར་སྤེལ་ཏེ་ས་ཁུལ་དེ་དག་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཇེ་སྡུག་ཏུ་བཏང་བར་ཐེར་འདོན་གནང་ཡོད་པ་རེད། བོད་ཁུལ་དུ་མཚོན་ན་རྒྱ་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་རྩ་མེད་གཏོང་བཞིན་པའི་ཁར་བོད་མིའི་ཡུལ་གོམས་གཤིས་ལུགས་དང་འགྲོ་འདུག་སྤྱོད་གསུམ་བཅས་ལ་དམ་དྲག་བྱས་དང་བྱེད་བཞིན་རྐྱེན་གྱིས་ད་བར་བོད་མི་ ༡༥༤ ཙམ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་ཆེས་ཡ་ང་བའི་གནས་སྟངས་དང་ལྷག་པར་རྒྱ་གཞུང་གིས་བོད་མགོ་ལོག་ཁུལ་གྱི་སེང་འབྲུག་སྟག་རྩེ་སློབ་གྲྭ་གཙོས་རྨ་ཆེན་རྫོང་དང་དགའ་བདེ་རྫོང་གི་བོད་པའི་སྒེར་གཉེར་དང་ཕྱེད་སྒེར་གཉེར་གྱི་སློབ་གྲྭ་ཁག་གཅིག་བཙན་གྱིས་སྒོ་རྒྱག་བཅུག་ནས་བོད་ས་ཁྱོན་གྱི་སློབ་གྲྭ་ཁག་ཏུ་རྒྱ་ཡིག་སློབ་ཀྱི་ཡོད་པ་སོགས་མངོན་གསལ་གནང་འདུག དེ་བཞིན་སྙན་ཐོ་ནང་གཞིས་བཞུགས་རྩོམ་པ་པོ་དྷི་ལྷ་ལྡན་ལགས་དང་སེང་འབྲུག་སྟག་རྩེ་སློབ་གྲྭའི་དགེ་རྒན་ཟུར་པ་རིན་ཆེན་སྐྱིད་ལགས། དེ་བཞིན་གྲྭ་བློ་བཟང་འཕྲིན་ལས་སོགས་ཀྱི་མཚོན་པའི་བོད་ཁུལ་དུ་གྲགས་ཆེ་བའི་ཤེས་ལྡན་མི་སྣ་དང་རྩོམ་པ་པོ་ཁག་གཅིག་གི་ལོ་རྒྱུས་སྙིང་བསྡུས་ཆེད་བཀོད་ཀྱིས་ཁོང་རྣམས་ལ་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་ཡོད་པ་གསལ་འདོན་གནང་བར་མ་ཟད་བོད་ས་ཁྱོན་ཡོངས་ཀྱི་སྔོན་འགྲོའི་སློབ་གྲྭའི་སློབ་ཕྲུག་བརྒྱ་ཆ་བརྒྱད་ཅུ་ཙམ་བཙན་གྱིས་གཏན་སྡོད་སློབ་གྲྭར་བཅུག་ནས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པར་ཆ་རྒྱུས་མེད་པའི་བོད་མི་ཞིག་བཟོ་ཐབས་བྱེད་བཞིན་སྐོར་བཀོད་འདུག བོད་སྐོར་འཁོད་པའི་ཤོག་གྲངས་ ༡༨ ཅན་གྱི་ལོ་འཁོར་སྙན་ཐོ་ནང་ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་སྟེ་ད་བར་རྒྱ་ནག་གཞུང་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དབར་གཞུང་འབྲེལ་གྱི་གྲོས་མོལ་ཞིག་གནང་ཐུབ་མེད་པ་དང་གནད་དོན་དེའི་ཐད་ད་ལྟའི་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་འབད་བརྩོན་གནང་བཞིན་ཡོད་ཅེས་གསུངས་ཡོད་ཀྱང་། རྒྱ་ནག་ཕྱོགས་ནས་ད་བར་བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཡོང་ཐབས་ཀྱི་འདུན་པ་ཙམ་ཡང་མངོན་གསལ་བྱས་མེད་པའི་ཁར་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་ལྷག་པར་དུ་བོད་མིའི་ཆོས་ཕྱོགས་ཀྱི་ལས་དོན་ལ་ཐེ་བྱུས་ཀྱིས་༸གོང་ས་མཆོག་གིས་དབུས་པའི་བོད་མིིའི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཀྱི་བདག་དབང་རྒྱ་ནག་ལ་ཡོད་སྐོར་བརྗོད་བཞིན་པ་དང་། བོད་ཀྱི་དགོན་སྡེ་གྲྭ་ཚང་ཁག་གིས་རྒྱ་ནག་གི་ནང་པའི་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་སྒྲིལ་གཞི་རྣམས་ལག་བསྟར་དགོས་པའི་གནོན་ཤུགས་ཆེན་པོ་སྤྲད་ཡོད་པར་ནན་བརྗོད་གནང་འདུག ཐེངས་འདིའི་སྙན་ཐོ་བརྒྱུད་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ཨ་རིའི་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་དང་གྲོས་ཚོགས་འཐུས་མི་ཡོངས་ཀྱིས་དེ་སྔ་ཨ་རིའི་གྲོས་ཚོགས་ནང་འདོན་སྤེལ་གནང་བའི་ Promoting a Resolution to the Tibet-China Conflict Act ཞེས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་གཏན་འབེབས་ཐོག་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པ་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་དེའི་མཐུན་ཕྱོགས་རྒྱལ་ཁབ་ཁག་ནས་བོད་ནང་རང་དབང་ལྡན་པའི་རྟོག་ཞིབ་མི་སྣ་དང་འགྲོ་བ་མིའི་ཐོབ་ཐང་གི་ཆེད་མཁས་པ་སོགས་ཕེབས་བཅུག་དགོས་པ། རྒྱ་ནག་གིས་ཆེད་མངགས་བཙུགས་པའི་གཏན་སྡོད་སློབ་གྲྭ་ཁག་ལ་རྟོག་ཞིབ་ཀྱིས་དམིགས་བསལ་སྙན་ཐོ་འདོན་སྤེལ་གནང་སྟེ་བོད་མིའི་ཆོས་རིག་དང་སྐད་ཡིག་བཅས་པ་སྲུང་སྐྱོབ་གཙོས་བོད་མི་ཚོར་རང་ཉིིད་ཀྱི་འདོད་མོས་ལྟར་མ་འོངས་པར་ཆོས་ཕྱོགས་ཀྱི་དབུ་ཁྲིད་གདམ་རྒྱུའི་ཐོབ་ཐང་སྤྲོད་དགོས་པར་མ་ཟད་རྒྱ་གཞུང་ལ་བོད་རྒྱའི་དཀའ་རྙོ་སེལ་རྒྱུར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་བསྐྱར་གསོ་དགོས་པ། ༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེས་དབུས་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་དགོས་པ་སོགས་སྐུལ་མ་གནང་དགོས་པའི་དགོས་འདུན་བཏོན་ཡོད། ཐེངས་འདིའི་སྙན་ཐོ་དང་འབྲེལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་རྒྱུའི་ཐབས་ལམ་གཅིག་པོ་དེ་ཉིད་ཕྱོགས་གཉིས་དབར་ཞི་བའི་གྲོས་མོལ་གྱི་ལམ་ནས་བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབས་ཤིག་འབྱུང་རྒྱུ་དེ་ཡིན་པར་ནན་བརྗོད་གནང་སྟེ་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཚོགས་གཞོན་གཉིས་ཀྱིས་གཙོས་པའི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ Uzra Zeya ལགས་དང་ཚོགས་ཆུང་གི་ཚོགས་མི་བཅས་ཀྱིས་བོད་ཐོག་ཛ་དྲག་གི་སྙན་ཐོ་འདོན་སྤེལ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་དེ་འབྲེལ་ཚོགས་ཆུང་ལ་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་འཐུས་མི་དང་ཨ་རི་གཞུང་འཛིན་གྱི་ངོས་ནས་བོད་ཀྱི་གནད་དོན་ཐོག་གང་གསུངས་པ་ལྟར་དོན་དམ་པར་ཕྱག་ལེན་དོན་འཁྱོལ་གནང་དགོས་ཞེས་གསུངས་འདུག

Latest news