རྒྱལ་སྤྱི།

Chile གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གསར་འཛུགས་ཞུ་རྒྱུ་ཡིན་གསུངས་སོང་།

  ལྷོ་ཨ་རིའི་རྒྱལ་ཁབ་ཆི་ལེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་Vlado Mirosevic ལགས་དང་ཆི་ལེ་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་མི་Fernando Salinas རྣམ་གཉིས་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་མཇལ་ཁ་ཞུས་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གཟིགས་སྐོར་ཕེབས་འདུག  དེ་ཡང་ཟླ་སྔ་མའི་ཕྱི་ཚེས་ ༢༩ ནས་ ༤ བཅས་སུ་བཞུགས་སྒར་དུ་འཚམས་གཟིགས་ལ་ཕེབས་པའི་ཆི་ལེ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་Vlado Mirosevic ལགས་དང་ ཆི་ལེ་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་མི་Fernando Salinas རྣམ་གཉིས་ལ་འདི་ག་རླུང་འཕྲིན་ཁང་ནས་མགོན་པོ་མཆོག་གིས་ལྷན་མཇལ་ཞུ་སྐབས་བཀའ་སློབ་ཇི་ཕེབས་ཐད་བཅར་འདྲི་ཞུས་པར།     ཁོང་གིས་བོད་ཀྱི་གྲོགས་པོ་ཚོགས་པའི་འཐུས་མི་དང་ང་གཉིས་ད་ལན་བཞུགས་སྒར་དུ་འཚམས་གཟིགས་དང་འབྲེལ། ཁ་ཉིན་༸གོང་ས་མཆོག་དང་ལྷན་མཇལ་ཞུ་རྒྱུའི་གོ་སྐབས་བཟང་པོ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་བ་མ་ཟད། ༸གོང་ས་མཆོག་གི་དགོངས་པ་དེ་བོད་མི་གཅིག་པོ་མིན་པར་འགྲོ་བ་ཀུན་ལ་ཕན་བདེ་བསྒྲུབ་རྒྱུའི་དགོངས་བཞེས་རླབས་ཆེན་བཞེས་ཀྱི་ཡོད་པར་བསྔགས་བརྗོད་ཞུས་ཀྱི་ཡོད་ཅེས་དང་། ལྷག་པར་༸གང་ཉིད་མཆོག་དང་ལྷན་མཇལ་ཞུས་ཡུན་དེའི་ནང་༸གོང་ས་མཆོག་ནས་གཙོ་བོ་ཡ་རབས་བཟང་སྤྱོད་ཀྱི་གལ་གནད་ཆེ་བའི་ཐད་བཀའ་སློབ་གཟབ་ནན་ཕེབས་པ་དེ་སེམས་ལ་འཇུག་པོ་བྱུང་ཞེས་གསུངས་སོང་། ད་དུང་གྲོས་ཚོགས་ཀྱི་འཐུས་མི་ Vlado Mirosevic  ལགས་ཀྱིས་ཁོང་ད་ལན་བཞུགས་སྒར་དུ་ཕེབས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་སྐོར་དང་། འདིར་ཕེབས་དགོས་དོན་ནི་སྐྱབས་བཅོལ་བོད་མིའི་གནས་སྟངས་དང་བོད་ཀྱི་གནད་དོན་སྐོར་ཤེས་རྟོགས་ཟབ་མོ་ཡོད་པའི་ཐོག་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་ཆེད་ཡིན་པ་མ་ཟད་ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་མཇལ་འཕྲད་ཀྱིས་བོད་ནང་གི་གནས་སྟངས་དང་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཅས་ཀྱི་ཞིབ་ཁྲའི་གནད་དོན་ཁག་ཤེས་པའི་ཐོག་ནས་རྒྱ་གཞུང་དང་ལྷན་གྲོས་བསྡུར་གྱིས་རྒྱལ་ཁབ་གཉིས་པོའི་དབར་འབྲེལ་བ་བཟང་དུ་འགྲོ་རྒྱུར་དམིགས་པ་ཞིག་ཡིན་པ་གསུངས་སོང་།   གྲོས་ཚོགས་འཐུས་མི་ Vlado Mirosevic ལགས་ནས་ཁོང་རང་ཡུལ་དུ་ཕྱིར་འཁོར་རྗེས་བོད་ཀྱི་གནད་དོན་ཁག་ཡུལ་མི་ཚོར་གོ་རྟོགས་སྤེལ་འཆར་ཡོད་པ་དང་ལྷག་དོན་རྒྱལ་ཁབ་དེའི་ནང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་ཞིག་གསར་འཛུགས་བྱ་རྒྱུ་ཡིན་པའི་ཁས་ལེན་ཡང་གནང་ཡོད་པ་རེད།

པེ་རི་སི་ནང་དུ་ COP 21 ཚོགས་ཆེན་དབུ་འཛུགས་དང་བསྟུན་བོད་ཀྱི་ཁོར་ཡུག་གནད་དོན་གླེང་དགོས་པ་གསུངས་འདུག

ཕ་རན་སིའི་རྒྱལ་ས་པེ་རི་སིའི་ནང་དུ་ COP21 ཞེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཚོགས་པ་དང་བསྟུན། བོད་མི་དང་བོད་དོན་རྒྱབ་སྐྱོར་བའི་རུ་ཁག་ཞིག་ནས་བོད་ཀྱི་ཁོར་ཡུག་གི་གནད་དོན་ཐད་ལས་འགུལ་སྤེལ་བཞིན་འདུག   དེ་རིང་ཟླ་ ༡༡ ཕྱི་ཚེས་ ༣༠ ཉིན་ཡོ་རོབ་རྒྱལ་ཁབ་ France ཡི་རྒྱལ་ས་ Paris ཉེ་ཁུལ་ Le Bourget ནང་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ COP21 ཞེས་པའི་ཁོར་ཡུག་གི་ལྷན་ཚོགས་དབུ་འཛུགས་གནང་པ་དང་བསྟུན། དེ་མཚུངས་སུ་རྒྱལ་ས་པེ་རི་སི་ནང་དུ་འཛམ་གླིང་ཕྱོགས་ཡོངས་ནས་ཁོར་ཡུག་ཚོགས་པ་དང་ལས་འགུལ་བ། དེ་བཞིན་མང་ཚོགས་བཅས་ནས་ཐེངས་འདིའི་ཚོགས་འདུའི་ཐོག་དོན་ཕན་ལྡན་པའི་གྲོས་ཆོད་ཁག་ཅིག་གཏན་འབེབས་གནང་དགོས་པའི་རེ་འབོད་གནང་པ་མ་ཟད།  གཞི་རྒྱ་ཆེ་བའི་ལས་འགུལ་སྣ་མང་ཞིག་སྤེལ་བཞིན་ཡོད་པ་རེད།  བོད་དེ་འཛམ་གླིང་གི་སྣེ་མོ་གསུམ་པ་ཞེས་པའི་ལས་འགུལ་དང་སྦྲགས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་དང། བོད་ཀྱི་བེུད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཟུང་འབྲེལ་གྱིས་གོ་སྒྲིག་འོག་ལས་འགུལ་བའི་རུ་ཁག་ཞིག་ནས་འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་སྟེ། བོད་ནང་གི་ཁོར་ཡུག་གནས་སྟངས་དེ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཁོར་ཡུག་གི་གནད་དོན་ཐད་ལས་འགུལ་ཞིག་སྤེལ་ཡོད་པ་རེད་འདུག  དེ་བཞིན་ཁ་ཉིན་ཚེས་ ༢༨ ཉིན་རུ་ཁག་དེའི་ངོས་ནས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཁོང་རྣམས་ནས་ད་ལན་པེ་རི་སི་ནང་དུ་འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཐད་རྒྱལ་ཁབ་ཁྱོན་ཡོངས་ཀྱི་ནུས་པ་མཉམ་སྤུངས་དགོས་པའི་གྲོས་ཆོད་བཞག་དགོས་པའི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང། ལྷག་པར་དུ་ལྷོ་བྱང་གི་སྣེ་གཉིས་ལྟར། བོད་སྣེ་གསུམ་པ་ཞེས་པའི་གོ་རྟོགས་ཀྱི་ལས་འགུལ་བརྒྱུད་བོད་ནང་གི་གནམ་གཤིས་འགྱུར་ལྡོག་དེའི་རྐྱེན་པས་འཛམ་གླིང་ཁོར་ཡུག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་དང། རྒྱ་ནག་གཞུང་གིས་འབྲོག་པ་གནས་སྤོ་དང་ཆུ་བོ་ཁ་བསྒྱུར། ཆུ་མཛོད་གསར་བརྒྱག དེ་བཞིན་གཏེར་ཁ་སྔོག་འདོན་སོགས་མཚོན་པའི་བོད་མཐོ་སྒང་གི་འཚོ་བའི་བརྟེན་གཞི་ཁོར་ཡུག་ལ་དོ་ཕོག་འགྲོ་བའི་ལས་འཆར་མང་དག་ཞིག་སྤེལ་སྟབས།   ཤར་གླིང་ཨེ་ཤི་ཡ་དང་འཛམ་གླིང་ཁྱོན་ཡོངས་ཀྱི་ཁོར་ཡུག་གི་གནས་སྟངས་ལ་དོ་ཕོག་ཚབས་ཆེན་འགྲོ་ངེས་ཡིན་པའི་གོ་རྟོགས་རྒྱ་གང་ཆེ་སྤེལ་ཐུབ་པ་བྱ་རྒྱུ་ཡིན་སྐོར་འཁོད་འདུག བོད་ཀྱི་ཁོར་ཡུག་ལས་འགུལ་བའི་རུ་ཁག་གི་མི་སྣ་གཙོ་བོ་གསུམ་པོ་ནས་འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་ནང་དངོས་སུ་མཉམ་ཞུགས་ཀྱིས་དེའི་ནང་ལྷན་ཞུགས་གནང་མཁན་འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་གནད་ཡོད་མི་སྣ་ཁག་གི་ལྷན་དུ་བཀའ་མོལ་གྱི་ལམ་ནས། བོད་ཀྱི་ཁོར་ཡུག་གི་གལ་གནད་ཀྱི་གོ་རྟོགས་སྤེལ་བ་མ་ཟད།  གནད་དོན་དེའི་ཐད་ལ་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཡང་ཞུས་འདུག  ཐེངས་འདིའི་  France ཡི་རྒྱལ་ས་ Paris ནང་དུ་ COP21 ཞེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་དེ་མ་གྲོལ་གྱི་བར་གཟའ་འཁོར་གཉིས་ཙམ་རིང་ལས་འགུལ་མུ་མཐུད་སྤེལ་འཆར་ཡོད་པ་རེད་འདུག  

ཡུ་རོབ་མཐུན་ཚོགས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐེར་བཏོན་བྱེད་དགོས་པ་གསུངས་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཡོ་རོབ་དང་རྒྱ་ནག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གླེང་མོལ་ཐོག་ཡོ་རོབ་མཐུན་ཚོགས་ཀྱི་གཙོས་པའི་འཐུས་མི་རྒྱལ་ཁབ་ ༢༨ ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐེར་བཏོན་བྱ་དགོས་པ་དང་། གླེང་མོལ་དེའི་ཐོག་ནས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་དགོས་པ་གསུངས་འདུག  དེ་ཡང་གཟའ་འཁོར་རྗེས་མའི་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གཉིས་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་ཐེངས་ ༣༤ པ་དེ་ཚོགས་ཀྱི་ཡོད་པ་རེད།   གྲོས་མོལ་དེའི་སྔ་རོལ་དང་བསྟུན། ད་ལན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་བའི་ནང་འཁོད་དོན་ལ།  འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ངོས་ནས་འདས་པའི་ལོ་ཡུན་ནང་རྒྱལ་ཁབ་ཕྱོགས་གཉིས་ཀའི་དབར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་གླེང་མོལ་རིམ་པར་བསྐོང་ཚོགས་གནང་པའི་བརྒྱུད་ད་བར་དོན་ཕན་སོན་པའི་གླེང་མོལ་གང་ཡང་བྱུང་མེད་སྐོར་ལུང་འདྲེན་དང་སྦྲགས། ཡུ་རོབ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ངེས་སྟོན་པ་ལྕམ་ Lotte leicht ལགས་ཀྱིས་ད་ལན་གྱི་གླེང་མོལ་དེའི་ཐོག ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་ལངས་ཕྱོགས་དང་ལྟ་གྲུབ་གཞི་བརྟན་གཏན་པོ་ཞིག་བཟུང་ནས་རྒྱ་ནག་ལྷན་དུ་དོན་ཕན་སོན་པའི་གླེང་མོལ་གནང་པའི་བརྒྱུད་ཆེས་སྡུག་ཏུ་འགྲོ་བཞིན་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་བཟང་དུ་གཏང་རྒྱུའི་འགན་ཡོད་ཅེས་གསུངས་འདུག དེ་བཞིན་ལྕམ་ Lotte leicht ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་རྣམས་པས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་གཙོས་པའི་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་དབར་མཇལ་མོལ་དང་ལྷན་འཛོམས་འདྲ་མིན་ཐོག རྒྱ་ནག་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གླེང་སློང་གནང་པ་དང་། ཐུགས་འཚབ་ཡོད་པའི་གསུང་བཤད་སྤེལ་བ་ཁོ་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་འགྲོ་རྒྱུ་ཞིག་མེད་པར་འགྲེལ་བརྗོད་གནང་པ་དང་སྦྲགས་ཏེ།  ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་གཏན་འབེབས་གནང་པའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལྟ་གྲུབ་གཞི་བཟུང་གིས་དངོས་ཡོད་གནས་སྟངས་ཇི་ཡིན་ཕྱི་གསལ་ནང་གསལ་ཐོག་ནས་རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་ཚད་གཞི་བསྐྲུན་དགོས་པ་མ་ཟད།  ད་བར་རྒྱ་གཞུང་ནས་འཛིནབཟུང་བྱས་པའི་གསར་འགོད་པ་དང་།  ཆོས་ལུགས་ཀྱི་དབུ་ཁྲིད། གྲངས་ཉུང་མི་རིགས་ཀྱི་འཐབ་རྩོད་པ་སོགས་འཕྲད་དུ་ཆ་རྐྱེན་གང་ཡང་མེད་པར་གློད་གཏོང་དགོས་པའི་རེ་འདུན་སྟོན་དགོས་པ་གསུངས་འདུག

ཁེ་ན་ཌའི་གཞུང་ལ་བོད་ཀྱི་ཁོར་ཡུག་གནད་དོན་དེ་གལ་གནད་ཆེ་ཤོས་སུ་འཛིན་དགོས་པའི་འབོད་སྐུལ་ཞུས་འདུག

རིང་མིན་ France ཡི་རྒྱལ་ས་ paris ནང་ COP21 ཞེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཚོགས་འཆར་ཡོད་པ་དང་བསྟུན། ཁེ་ན་ཌ་བོད་དོན་རྒྱབ་སྐྱོར་ཚོགས་པ་ནས་ཡུལ་དེའི་ཁོར་ཡུག་བློན་ཆེན་ལྕམ་ Catherine McKenna མཆོག་ལ་བོད་མཐོ་སྒང་གི་ཁོར་ཡུག་གནད་དོན་དེ་གནད་ཆེར་ངོས་འཛིན་པའི་ཐོག་ནས་གླེང་སློང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།  དེ་ཡང་ཁེ་ན་ཌ་བོད་དོན་རྒྱབ་སྐྱོར་ཚོགས་པས་ཁ་སང་ཕྱི་ཚེས་ ༢༣ ཉིན་སྤེལ་བའི་བསྒྲགས་གཏམ་དེའི་ནང་། འཚོགས་ལ་ཉེ་བའི་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་དང་འབྲེལ། ཚོགས་པ་དེས་ཁེ་ན་ཌའི་གཞུང་ལ་བོད་ནི་གོ་ལའི་ཡང་སྟེང་དུ་ཆགས་ཡོད་པ་དང་། འཛམ་གླིང་གི་གནས་གསུམ་པར་གྲགས་པའི་བོད་དེ་ཡང་ལྷོ་བྱང་གི་སྣེ་གཉིས་ལྟར་གལ་གནད་ཆེན་པོ་ཡིན་པ་མ་ཟད། ལྷག་པར་དུ་འཛམ་གླིང་འཁྱགས་རོམ་གྲངས་མང་ཤོས་གསུམ་པར་གྲགས་ཤིང་ཨེ་ཤི་ཡའི་གླིང་ཆེན་ཆེ་ཤོས་དྲུག་གི་ཆུ་སྒོ་སོགས་ཆགས་ཏེ་མཐོ་སྒང་ཆེ་ཤོས་དང་མཐོ་ཤོས་ཡིན་པ་གསལ་སྟོན་གནང་པ་དང་སྦྲགས། རྒྱལ་ཚོགས་ཀྱི་དབུ་ཁྲིད་ཚོའི་ཁོར་ཡུག་ལྷན་ཚོགས་དེའི་ནང་བོད་དེ་གོ་ལའི་གནམ་གཤིས་ཀྱི་ངལ་བ་སེལ་རྒྱུར་གནད་དོན་གལ་འགངས་ཅན་ཞིག་ཡིན་སྟབས། མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ཆེད་ཤུགས་གནོན་རྒྱབ་དགོས་པའི་རེ་འདུན་བཏོན་འདུག ལྷག་པར་དུ་ཚོགས་པ་དེའི་སྤྱི་ཁྱབ་འགན་འཛིན་ Carole Samdup ལགས་ཀྱིས་ཁེ་ན་ཌའི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་གི་བློན་ཆེན་ McKenna མཆོག་ལ་རྒྱ་ནག་གཞུང་གིས་བོད་ནང་སྤེལ་བཞིན་པའི་དཔལ་འབྱོར་འཛུགས་སྐྲུན་གྱི་སྲིད་བྱུས་དེ་དག་གིས་བོད་གི་གནམ་གཤིས་འགྱུར་ལྡོག་དང་། ལྷག་པར་དེ་ལ་བརྟེན་མཁན་གྱི་ཨེ་ཤི་ཡའི་ཆུ་རྒྱུན་ཁག་ལ་ཤུགས་རྐྱེན་ཇི་ཙམ་སྤྲད་ཀྱི་ཡོད་མེད་ཐད་བསྐྱར་ཞིབ་དགོས་པ་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་དགོས་འདུན་བཏོན་ཡོད་པ་མ་ཟད། སྤྱིར་བོད་ནང་བྱུང་བཞིན་པའི་གནམ་གཤིས་འགྱུར་ལྡོག་གི་རྒྱུ་རྐྱེན་དེ་རྒྱ་ནག་གཅིག་པུ་ལ་རག་ལུས་ཀྱི་མེད་ཀྱང་།  བོད་ཀྱི་ཁོར་ཡུག་ལ་དོ་ཕོག་འགྲོ་གཞི་ཆུ་མཛོད་གསར་རྒྱགས་དང་གཏེར་ཁ་བསྔོག་འདོན། དེ་བཞིན་བཙན་དབང་གིས་འབྲོག་པ་གཞིས་སྤོས་ཀྱི་ལས་གཞི་དེ་དག་རྒྱ་གཞུང་གིས་མཚམས་འཇོག་བྱ་དགོས་པའི་འོས་འགན་ཡོད་པ་ནན་བརྗོད་གནང་འདུག  མ་ཟད་ཁེ་ན་ཊ་བོད་རིགས་ཚོགས་པས་གལ་ཆེའི་རང་བཞིན་ལྡན་པའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་དེ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ཡོད་བསྙད་ནས་རྒྱ་གཞུང་གིས་བོད་མིའི་སྨྲ་བརྗོད་དང་གནས་ཚུལ་རྒྱུས་ལོན་བྱ་རྒྱུའི་རང་དབང་སོགས་ཀྱི་ཐད་ལ་དམིགས་བསལ་ཚད་འཛིན་བྱས་ཀྱི་ཡོད་པར་སྐྱོན་བརྗོད་དང་སྦྲགས། དེས་བོད་ནང་གི་མང་ཚོགས་ཚོའི་རང་དབང་སྲུང་སྐྱོབ་བྱ་རྒྱུར་དོ་ཕོག་ཆེན་པོ་གཏོང་བཞིན་ཡོད་པར་སེམས་འཚབ་གནང་བ་མ་ཟད། ཁེ་ན་ཌའི་གཞུང་ནས་རིང་མིན་རྒྱལ་སྤྱིའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐོག་ཆེད་ཕེབས་གནང་མཁན་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་ལྷན་དུ་འབྲེལ་བ་གནང་དགོས་པའི་དགོངས་འཆར་ཡང་ཕུལ་འདུག

རྒྱ་གར་གཞུང་ནས་བོད་ཐོག་འཛིན་པའི་ཆབ་སྲིད་ཀྱི་བཞེངས་ཕྱོགས་ལ་འགྱུར་བ་གཏང་རྒྱུ་མེད་སྐོར་གསུངས་འདུག

རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ Kiren Rijiju མཆོག་གིས་རྒྱ་གར་གཞུང་ནས་འཕགས་བོད་རྒྱལ་ཁབ་གཉིས་དབར་གྱི་དུས་ཡུན་རིང་པོའི་རིག་གཞུང་གི་འབྲེལ་བ་ལ་གཞིགས་ནས། བོད་ཐོག་འཛིན་པའི་ཆབ་སྲིད་ཀྱི་བཞེངས་ཕྱོགས་ལ་འགྱུར་བ་གཏང་རྒྱུ་མེད་པ་གསུངས་འདུག  དེ་ཡང་ཁ་ཉིན་རེས་གཟའ་སྤེན་པ་སྟེ་བོད་ཟླ་༡༠ཚེས་༡༠ཉིན་བཞུགས་སྒར་ཉེ་འཁྲིས་དཔལ་སྤུངས་ཤེས་རབ་གླིང་དགོན་དུ་འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་བསྟན་བདག་བྱམས་མགོན་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་དབུ་བཞུགས་ཐོག དཔལ་སྤུངས་ལུགས་ཀྱི་ཚེས་བཅུའི་གུ་རུའི་གར་འཆམ་ཐེངས་བཅུ་པ་གཟིགས་འབུལ་ཞུས་ཡོད་པ་ལྟར། མཛད་སྒོའི་སྐུ་མགྲོན་དུ་རྒྱ་གར་གྱི་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ Kiren Rijiju མཆོག་གིས་དབུས་པའི་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ Shanta Kumar མཆོག་སོགས་ཆེས་མཐོའི་དཔོན་རིགས་ཁག་ཅིག་ཕེབས་འདུག  སྐུ་ཞབས་ Kiren Rijiju མཆོག་གིས་སྐབས་དེར་རྒྱ་གར་དང་བོད་གཉིས་ཀྱི་ལོ་རྒྱུས་ཐོག་གི་འབྲེལ་བའི་གལ་གནད་སྐོར་ལ་གསུངས་ཏེ། དབུས་གཞུང་ནས་བོད་ཐོག་འཛིན་པའི་ཆབ་སྲིད་ཀྱི་བཞེངས་ཕྱོགས་ལ་འགྱུར་གཏང་རྒྱུ་མེད་པ་དེ་ལྟར་ཡང། རྒྱ་གར་དང་བོད་ནི་ནང་པ་སངས་རྒྱས་པའི་རྗེས་འབྲང་པ་དང་། སྟོན་པ་དེའི་ཆོས་ཉམས་ལེན་གནང་མཁན་གཅིག་པ་ཞིག་ཆགས་ཡོད་ཅིང་། ཁྱད་པར་དུ་འཕགས་བོད་གཉིས་དབར་ལ་བླ་སློབ་ཀྱི་འབྲེལ་བ་རྩ་ཆེ་ཞིག་གྲུབ་ཡོད་པ་མ་ཟད། ཆོས་ཕྱོགས་ཀྱི་འབྲེལ་བ་འདི་ནི་ཕྱོགས་གཉིས་ཀྱི་མཐུན་སྒྲིལ་གྱི་གཞི་རྟེན་ཞིག་ཀྱང་ཆགས་ཡོད་པ་གསུངས་འདུག  གུ་རུའི་གར་འཆམ་ཐེངས་བཅུ་པ་གཟིགས་འབུལ་ཞུས་པ་དེའི་ཐོག་ནས་འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་བསྟན་བདག་བྱམས་མགོན་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུ་དང་སྦྲགས། རྒྱ་གར་གཞུང་གིས་རོགས་རམ་འོག་བཙན་བྱོལ་དུ་འབྱོར་རྗེས་དཔལ་སྤུངས་ཤེས་རབ་གླིང་དགོན་གསར་འཛུགས་ཐུབ་པ་བྱུང་ཡོད་པ་སོགས་བླང་དོར་བཀའ་སློབ་གནང་འདུག

རྒྱ་གཞུང་གིས་རྒྱལ་སྤྱིའི་གསར་འགོད་པ་ཚོར་བོད་ནང་ཡར་རྒྱས་ཕྱིན་ཡོད་སྐོར་གྱི་གནས་ཚུལ་ཁག་རྒྱལ་སྤྱིའི་ཐོག་གསལ་བཤད་གནང་དགོས་པ་བཤད་འདུག

རྒྱ་གཞུང་ནས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཀྱི་གོ་འཁྲིད་ཀྱིས་བོད་ཀྱི་ས་ཁུལ་ཁག་གི་ནང་ལྟ་སྐོར་དུ་ཕེབས་པའི་རྒྱལ་སྤྱིའི་གསར་འགོད་པ་རྣམས་ལ་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁྱོན་ཡོངས་ལ་བཟོ་ལས་ཀྱི་འཛུགས་བསྐྲུན་རྒྱ་ཆེ་སྤེལ་ཡོད་པ་མ་ཟད། བོད་མི་རིགས་གཙོ་བོ་འགྱུར་པའི་གྲངས་ཉུང་མི་རིགས་རྣམས་ལ་ལས་གནས་དང་མཐུན་འགྱུར་སོགས་ཀྱི་གོ་སྐབས་འདྲ་མཉམ་ཡོད་པས། གསར་འགོད་པ་རྣམས་ནས་རྒྱལ་སྤྱིའི་ཐོག་བོད་ནང་ཡར་རྒྱས་ཕྱིན་པའི་གནས་ཚུལ་ཁག་གསལ་བཤད་གནང་དགོས་པ་བཤད་འདུག  ཟླ་བ་འདིའི་ཕྱི་ཚེས་༡༦ཡས་མས་ཙམ་ནས་རྒྱལ་སྤྱིའི་ཐོག་དར་ཁྱབ་ཆེ་བའི་ Bloomberg Businessweek, Financial Times, Reuters, Spanish Daily དེ་བཞིན་France དང་ Germany གྱི་གསར་ཁང་སོགས་རྒྱལ་སྤྱིའི་ཐོག་ཆེས་དར་ཁྱབ་ཆེ་བའི་གསར་ཁང་བཅུ་བཞིའི་གསར་འགོད་པ་ཁག་ཅིག་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་ཉེ་འཁོར་ས་གནས་ཁག་གི་ནང་ལ་སྐོར་བསྐྱོད་གནང་པཞིན་པའི་ཁྲོད། ཁ་ཉིན་ཕྱི་ཚེས་༡༩ཉིན་རྒྱབ་ཏུ་རྒྱ་ནག་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཀྱི་གོ་འཁྲིད་གཞོན་པ་སྐལ་བཟང་ཚེ་རིང་དང་དྲུང་ཆེ་Deng Xiaogang རྣམ་གཉིས་གཙོས་པའི་ལས་བྱེད་ཁག་ཅིག་ནས་རྒྱལ་སྤྱིའི་གསར་འགོད་པ་རྣམས་དང་ཐུག་འཕྲད་བྱས་ཡོད་པ་མ་ཟད།  སྐབས་དེར་ Deng Xiaogang གྱི་གསར་འགོད་པ་རྣམས་ལ་བོད་འདི་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་རྒྱ་ནག་རྒྱལ་ཁབ་ཆེན་པོའི་ཆ་ཤས་ཤིག་ཡིན་པ་དང་། འདས་པའི་ལོ་ངོ་དྲུག་ཅུའི་ནང་བོད་ཀྱི་ས་ཁྱོན་ཡོངས་ལ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བདེ་འཇགས་སོགས་ཀྱི་ཐད་ལ་ཡར་རྒྱས་སྔར་ལྷག་རྒྱ་ཆེ་བཏང་ཡོད་པ་བཤད་འདུག གཞི་རྩའི་རྒྱལ་སྤྱིའི་གསར་འགོད་པ་ཁག་ནས་བོད་ཀྱི་རྒྱལ་ས་ལྷ་ས་དང་གནམ་ཚོ། དེ་བཞིན་སེ་ར་དགོན་པ་བཅས་སུ་ཆེད་ཕེབས་གནང་ཡོད་པ་མ་ཟད། རྒྱལ་སྤྱའི་ཐོག་དར་ཁྱབ་ཆེ་བའི་ Bloomberg Businessweek གསར་ཁང་གི་གསར་འགོད་པ་ Dexter Roberts ལགས་དང་། Finalcial Times གསར་ཁང་གི་གསར་འགོད་པ་ Lucy Hornby ལགས་རྣམ་གཉིས་ཀྱིས་རང་ཉིད་ཀྱི་འཕྲུལ་སྒྲའི་ཐོག་རྒྱ་ནག་གཞུང་ལ་ཟུར་ཟ་དང་སྦྲགས་ཏེ་རྒྱ་གཞུང་གིས་བོད་ནང་དམ་དྲག་དང་བསམ་བློའི་སློབ་གསོ་དྲིལ་བསྒྲགས་བྱེད་མུས་ཡིན་པ་སོགས་ཀྱི་གནད་དོན་ཁག་ཅིག་པར་རིས་དང་ལྷན་འདོན་སྤེལ་གནང་འདུག དེ་བཞིན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Hong Lei ཡིས་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ཚོས་རྒྱ་གཞུང་གི་སྒྲིག་ཁྲིམས་སྟངས་འཛིན་བྱེད་ཕྱོགས་ཐད་ལ་འགྲེལ་བརྗོད་གནང་པ་མ་ཟད། ལྷག་དོན་རྒྱ་ནག་གཞུང་གི་ནང་སྲིད་གནད་དོན་ཐོག་ལ་ཐེ་བྱུས་བྱས་པ་དང་། ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་རྣམ་པ་ངེས་པར་དུ་ལྟ་རྟོག་བྱ་དགོས་པ་ནི་རྒྱ་ནག་ནང་ད་བར་ཡར་རྒྱས་ཕྱིན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་དག་རེད་ཅེས་བརྗོད་ཡོད་པ་རེད། གཞི་རྩའི་ཡོ་རོབ་མཐུན་ཚོགས་གཙོས་པའི་རྒྱལ་སྤྱིའི་ཚོགས་པ་མང་པོ་ཞིག་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ལ་ཆེས་བློ་ཚབ་ཆེན་པོ་གནང་མུས་ཡིན་ཀྱང་། རྒྱ་ནག་གཞུང་གིས་རང་སྐྱོན་རྣམས་བཟང་ཕྱོགས་ཀྱི་ཐོག་ནས་ངོས་ལེན་གང་ཡང་མི་བྱེད་པའི་ཁར། རྒྱ་ནག་རང་གི་ཁྲིམས་སྒྲིག་ཁག་ཁྱད་ཆོས་དང་ལྡན་པའི་ཁྲིམས་སྒྲིག་ཞིག་གི་ཐོག་ནས་མི་དམངས་ལ་སྟངས་འཛིན་བྱེད་བཞིན་ཡོད་སྐོར་བཤད་བཞིན་ཡོད་པ་རེད།

དབྱིན་ཡུལ་ནང་བོད་ཀྱི་གསང་བའི་ལྷ་ཁང་ཞེས་པའི་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་འདུག

ཡོ་རོབ་རྒྱལ་ཁབ་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌན་དུ་བོད་ཀྱི་གནའ་བོའི་ཆོས་རྫས་དང་ལྡེབས་རིས་ཁག་ཅིག་འགྲེམས་སྟོན་གནང་ཡོད་པ་རེད། ཁ་སང་ཕྱི་ཚེས་༡༩ཉིན་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌན་ནང་རྟེན་གཞི་བྱས་པའི་Wellcome Collectionའགྲེམས་སྟོན་ཚོགས་ཁང་ནང་གོ་སྒྲིག་གནང་ཐོག་ནང་པའི་གསང་སྔགས་ཀྱི་ཉམས་ལེན་གནང་ཕྱོགས་དང་འབྲེལ་བའི་ཆོས་རྫས་ཁྱོན་༡༢༠ལྷག་འགྲེམས་སྟོན་གནང་ཡོད་པ་རེད། བོད་ཀྱི་གསང་བའི་ལྷ་ཁང་(Tibet’s Secret Temple) གི་འགྲེམས་སྟོན་དེ་ལྟར་གནང་དོན་གཙོ་བོ་ནི་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏཱ་ལའི་རྒྱབ་ངོས་སུ་དུས་རབས་བཅུ་བདུན་པའི་ནང། རྒྱལ་མཆོག་སྐུ་ཕྲེང་དྲུག་མཆོག་གིས་ཕྱག་བཏབ་པའི་རྫོང་རྒྱབ་ཀླུ་ཁང་གི་སྐོར་ཡིན་པ་རེད། ད་ལན་གྱི་འགྲེམས་སྟོན་དེ་ཡང་ཟླ་བ་གསུམ་གྱི་རིང་ཚོགས་ཀྱི་ཡོད་པ་དང། འགྲེམས་སྟོན་དེའི་ནང་བོད་ཀྱི་རྗོང་རྒྱབ་ཀླུ་ཁང་གི་སྔ་རྗེས་པར་རིས་དང། ལོ་རྒྱུས་ཀྱི་རྒྱབ་ལྗོངས་གཙོས་པའི་འཛམ་གླིང་ས་ཕྱོགས་གང་ས་ནས་བསྡུ་རུབ་ཞུས་པའི་བོད་ཀྱི་ཐང་ཁ་རྙིང་པ་དང། སྐུ་འདྲ། བོད་ཀྱི་ཡིག་གཟུགས། གནའ་རྫས། དེ་བཞིན་བོད་སྔ་རྗེས་ཀྱི་བརྙན་པར་སོགས་བོད་མི་རིགས་ཀྱི་གནའ་བོའི་རིག་གནས་ཀྱི་སྒྱུ་སྩལ་འདྲ་མིན་ལས་གྲུབ་པའི་ལྕ་དངོས་རྙིང་པ་རིན་ཐང་བྲལ་༡༢༠ལྷག་འགྲེམས་སྟོན་གནང་འདུག ལྷག་པར་དུ་དེ་སྔ་དུས་བདུན་པའི་ནང་རྫོང་རྒྱབ་ཀླུ་ཁང་དུ་བཞེངས་པའི་རིན་བྲལ་ལྡེབས་རིས་ཀྱི་པར་རིས་རྙིང་པ་ཁག་གསུམ་ཡང་འགྲེམས་སྟོན་ཞུས་ཡོད་པ་རེད། ལྡེབས་རིས་རྙིང་པ་དེ་ནི། ཨ་རིའི་པར་ལེན་གསར་འགོད་པ་སྐུ་ཞབས་Thomas lardལགས་ཀྱིས་དེ་སྔ་བོད་དུ་བསྐྱོད་པའི་སྐབས་རྫོང་རྒྱབ་ཀླུ་ཁང་ནང་ནས་པར་ལེན་ཞུས་ནས་དེང་དུས་ཀྱི་འཕྲུལ་ཆས་ཐོག་བསྐྱར་བཟོ་གནང་པ་ཞིག་ཡིན་པ་རེད། རྩ་བའི་ད་ལན་གྱི་འགྲེམས་སྟོན་དེ་ནི་ཁ་སང་ཚེས་ ༡༩ ནས་དབུ་བཙུགས་གནང་ཐོག་ལོ་རྗེས་མའི་ཕྱི་ཟླ་ ༢ ཚེས་༢༨བར་ཚོགས་ཀྱི་ཡོད་པ་རེད་འདུག  

ཡོ་རོབ་མཐུན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་མཆོག་རྒྱ་ནག་ནང་གཟིགས་སྐོར་དུ་ཕེབས་འདུག

ཡོ་རོབ་མཐུན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ Stavros Lambrinidis མཆོག་རྒྱ་ནག་ནང་དུ་གཟིགས་སྐོར་ལེགས་གྲུབ་རྗེས། ཡོངས་ཁྱབ་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་གནང་སྟེ། རྒྱ་གཞུང་གིས་ཉེ་ཆར་ཁྲིམས་རྩོད་པ་བརྒྱ་སྐོར་ཁ་ཤས་འཛིན་བཟུང་བྱས་ཡོད་པ་གཙོས། གནད་དོན་ཁག་ཅིག་གི་ཐོག་ལ་ཡོ་རོབ་མཐུན་ཚོགས་ལ་སེམས་འཚབ་ཆེན་པོ་ཡོད་པ་གསུངས་པ་དང་དུས་མཚུངས། ཕྱོགས་གཞན་ཞིག་ནས་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་འབྲེལ་བ་ཇེ་བཟང་དུ་སོང་ནས། ད་ཆ་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གནད་དོན་ཛ་དྲག་སྐོར་ལ་རྒྱ་ནག་དང་ཐད་ཀར་གླེང་སློང་གནང་ཐུབ་པའི་གནས་སྟངས་ཆགས་ཡོད་པ་གསུངས་འདུག  ཡོ་རོབ་མཐུན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་མཆོག་གི་གཟིགས་སྐོར་དེ་ནི་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག ཟླ་བ་འདིའི་ཚེས་༩ནས་༡༤བར་གནང་འདུག་པ་དང་། དེ་ཡང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་གོ་ཝང་ཀྲའོ་གྲོང་ཁྱེར། ཤན་ཀྲན་གྲོང་ཁྱེར་དང་ཧོང་ཀོང་ཁུལ་བཅས་སུ་ཕེབས་འདུག  ཐེངས་འདིའི་གཟིགས་སྐོར་སྤྱིའི་སྐོར་དང་འབྲེལ་ཡོ་རོབ་མཐུན་ཚོགས་ཀྱི་འགྲོ་བ་མིི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་ཀྱི་ཡོངས་ཁྱབ་གསར་འགོད་བསྒྲགས་གཏམ་དེ་བཞིན་ཚེས་༡༦སྟེ། ཡོ་རོབ་གྲོས་ཚོགས་སུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་བསྐྱར་ཞིབ་ལས་རིམ་མ་ཚོགས་པའི་ཉིན་གཉིས་སྔ་སྣུར་དུ་གནང་པ་ཞིག་ཆགས་ཀྱི་འདུག  རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་ཐེངས་འདིའི་གཟིགས་སྐོར་གྱི་ལས་རིམ་འདི་ནི་གཙོ་བོ་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གོ་བསྡུར་ཚད་མཐོ་པོ་ཡོང་ཆེད་ཡིན་པ་གསུངས་ཡོད་པ་ལྟར། ཡོ་རོབ་མཐུན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ Stavros Lambrinidis མཆོག་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་གོ་ཝང་ཀྲའོ་གྲོང་ཁྱེར། ཤན་ཀྲན་གྲོང་ཁྱེར་སོགས་ས་ཁུལ་བཞིའི་ནང་དུ་ཉིན་གྲངས་དྲུག་རིང་གཟིགས་སྐོར་སྐབས། རྒྱ་ནག་དབུས་གཞུང་ཆོས་རིག་དང་བདེ་འཇགས། དམངས་ཀྱི་བདེ་དོན་ལྷན་ཁང་སོགས་ཀྱི་ཆེས་མཐོའི་དཔོན་རིགས་མཇལ་འཕྲད་ཚོགས་འདུ་དང། གཞན་ཡང་རྒྱ་ནག་རྒྱལ་ཡོངས་ཁྲིམས་རྩོད་པའི་ཚོགས་པ་དང་རྒྱལ་ཡོངས་བེུད་ལྷན་ཚོགས། འཚོང་འབྲེལ་ལྷན་ཚོགས་དང་གཙུག་ལག་སློབ་གཉེར་ཁང་སོགས་སྡེ་ཚན་མི་འདྲ་བ་༡༧ཙམ་ནས་ཆེད་ཕེབས་ཀྱིས་གནས་ཚུལ་རྒྱུས་ལོན་གནང་པ་དང་ཆབས་ཅིག་ཏུ། སྨྲ་རང་དབང་དང་ཁྲིམས་ལུགས་དབང་འཛིན། ཁྱད་པར་དུ་ཡོ་རོབ་མཐུན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཕྱི་འབྲེལ་སྲིད་བྱུས་སྐོར་ལ་གསུངས་བཤད་གནང་པ་མ་ཟད། ཡོ་རོབ་མཐུན་ཚོགས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་ཐུགས་སྣང་དང་། སྒོས་སུ་ཁྲིམས་མཐུན་ཡར་རྒྱས་ཡོང་རྒྱུར་དགོངས་བཞེད་གནང་གི་ཡོད་པའི་གནད་དོན་མང་དག་ཐོག་གསུངས་བཤད་གནང་ཡོད་པ་རེད་འདུག  ཡོ་རོབ་མཐུན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ Stavros Lambrinidis མཆོག་གིས་རྒྱ་ནག་ནང་གི་གཟིགས་སྐོར་གྲུབ་བསྟུན། གཞུང་འབྲེལ་གསར་འགོད་བསྒྲགས་གཏམ་སྤེལ་གནང་པ་དེའི་ཐོག་ནས་གཙོ་བོ་རྒྱ་གཞུང་ལ་ཉེ་ཆར་ཁྲིམས་རྩོད་པ་དང་ལས་འགུལ་བརྒྱ་སྐོར་ཁ་ཤས་འཛིན་བཟུང་བཀར་ཉར་བྱས་ཡོད་པའི་གནད་དོན་དང་། དེའི་ཁྲོད་མི་སྣ་༢༠སྐོར་ཞིག་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མ་སྤྲད་པར་མུ་མཐུད་དཀའ་ངལ་འོག་ལྷུང་ཡོད་པའི་ཐད་ཧ་ཅང་གི་སེམས་འཚབ་ཡོད་ཅེས་གསུངས་འདུག་པ་མ་ཟད།  ཁྲིམས་རྩོད་པ་རྣམས་ནས་ལྗིད་སྙོམ་སྟངས་འཛིན་དང་ཞེད་སྣང་མེད་པའི་ཐོག་ནས་དྲང་བདེན་ལག་ལེན་དུ་སྐྱེལ་བ་ལ་ཁྲིམས་ལུགས་དབང་འཛིན་ངེས་པར་དུ་དགོས་པ་རེད་ཅེས་གསུངས་འདུག  དུས་མཚུངས་ཡང་སྐུ་ཞབས་ Stavros Lambrinidis མཆོག་གི་ཕྱོགས་གཞན་ཞིག་ནས་ཐེངས་འདིའི་གཟིགས་སྐོར་ཁྲོད་རྒྱ་གཞུང་ནས་ཡོང་རྒྱུ་འདས་པའི་ལོ་གཅིག་གི་ནང་ཉམས་ཐག་དབུལ་ཕོང་ས་ཡ་བདུན་ཅུའི་འཚོ་གནས་ཡར་རྒྱས་གཏོང་རྒྱུ་ཡིན་པ་དང། སྲོག་ཐོག་ཉེས་ཆད་ཉུང་དུ་གཏང་བའི་ཐབས་ཤེས་ལ་བསྔགས་བརྗོད་གནང་པ་དང་། དེ་བཞིན་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་འབྲེལ་བ་ཇེ་བཟང་དུ་སོང་ནས། ད་ཆ་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གནད་དོན་ཛ་དྲག་སྐོར་ལ་རྒྱ་ནག་དང་སྟབས་བདེ་དང་ཐད་ཀར། དེ་བཞིན་དོན་ཕན་ལྡན་པའི་སྒོ་ནས་གླེང་སློང་གནང་ཐུབ་པའི་གནས་སྟངས་ཆགས་ཡོད་པ་གསུངས་འདུག

རྒྱ་གཞུང་གི་སྐུ་ཚབ་ནས་རྒྱལ་ཚོགས་སུ་བོད་ནང་ཆབ་སྲིད་བཙོན་པ་དང་མནར་གཅོད་བཏང་པའི་གནས་ཚུལ་རིགས་གང་ཡང་མེད་ཅེས་བརྗོད་འདུག

རྒྱ་ནག་གི་སྐུ་ཚབ་ཚོས་རྒྱལ་ཚོགས་ཀྱི་སྐུ་ཚབ་རྣམ་པས་འདྲི་རྩད་བྱས་པའི་དོགས་དྲི་ཁག་ལ་ལན་འདེབས་གསལ་བཤད་ཐོག་རྒྱ་གཞུང་གི་སྐུ་ཚབ་ཚོས་བོད་ནང་ཆབ་སྲིད་བཙོན་པ་དང་མནར་གཅོད་བཏང་པའི་གནད་དོན་རིགས་གང་ཡང་མེད་ཅེས་བརྗོད་ཡོད་པ་རེད། དེ་ཡང་ཁ་ཉིན་ཚེས་ ༡༧ ཉིན་ནས་Swiss གྱི་གྲོང་ཁྱེར་Geneva འི་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཆོགས་སུ་ རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ཚོགས་ཆུང་གི་ཚོགས་ཐུན་ཐེངས་ ༥༦ ཐོག་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆབ་སྲིད་བཙོན་པའི་གནད་དོན་སོགས་དང་འབྲེལ། རྒྱ་ནག་གི་མནར་གཅོད་ལས་དོན་ལ་བསྐྱར་ཞིབ་ཞེས་པའི་ཚོགས་ཐུན་ཞིག་ཚོགས་ཡོད་པ་དང་། ཁ་སང་ཉིན་རྒྱབ་ཏུ་རྒྱ་ནག་གི་སྐུ་ཚབ་ཚོས་རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ཚོགས་ཆུང་གི་ཚོགས་མི་ཁག་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་ཆབ་སྲིད་བཙོན་པའི་གནད་དོན། ལྷག་པར་དུ་ལོ་འདིའི་ཟླ་བ་བདུན་པའི་ནང་རྒྱ་གཞུང་གི་བཙོན་ཁང་ནང་སྐུ་འདས་གྲོངས་སུ་འགྱུར་བའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་གནད་དོན་དང། རྒྱ་གཞུང་གི་བཙོན་ཁང་ནང་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་མཁན་པོ་ཀརྨ་ཚེ་དབང་ལགས་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་ཀྱི་འཕྲོད་བསྟེན་གྱི་གནས་སྟངས་དང་སྨན་བཅོས་བཅས་ཀྱི་ཐོབ་ཐང་ཐད་ལ་འདྲི་རྩད་བྱས་པར་ལན་འདེབས་ཞུས་པར་རྒྱ་ནག་གཞུང་གི་སྐུ་ཚབ་ཚོས་རྒྱ་ནག་དང་བོད་ཀྱི་ས་ཁུལ་ནང་ལ་ཆབ་སྲིད་བཙོན་པ་མེད་པ་མ་ཟད། མི་སེར་རྣམས་ལ་མནར་གཅོད་བཏང་པའི་གནས་ཚུལ་རིགས་གང་ཡང་མེད་ཅེས་བརྗོད་འདུག དེ་བཞིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་གནད་དོན་ཐད་ལ་རྒྱ་གཞུང་ངོས་ནས་རིན་པོ་ཆེ་མཆོག་གི་སྐུའི་འཕྲོད་བསྟེན་སླད་སྨན་བཅོས་ཀྱི་རོགས་རམ་གང་ཐུབ་བྱས་ཡོད་པ་མ་ཟད། བཙོན་ཁང་ནང་སྐུ་འདས་གྲོངས་སུ་འགྱུར་བའི་རྗེས་སུ་པུར་ཐལ་རྣམས་ནང་མི་སྤུན་མཆེད་རྣམས་ལ་རྩིས་སྤྲོད་བྱས་ཡོད་སྐོར་དང་། རྒྱ་གཞུང་གི་བཙོན་ཁང་ནང་འདྲི་རྩད་བྱེད་རྒྱུའི་དེང་དུས་འཕྲུལ་རིགས་གང་ཡང་མེད་ཅེས་གསལ་བཤད་བྱས་འདུག གཞན་ཡང་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་། རྒྱལ་སྤྱིའི་ཡུ་གུར་མང་གཙོ་ཚོགས་པ་། ནང་སོག་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། དེ་བཞིན་བོད་དྲང་བདེན་བསྟི་གནས་ཁང་བཅས་ཚོགས་པ་ལྔའི་སྐུ་ཚབ་དང་། བོད་མིའི་ཆབ་སྲིད་གཙོན་ཟུར་གོ་ལོག་འཇིགས་མེད་རྒྱ་མཚོ་ལགས་བཅས་ཀྱིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་དྲང་པོ་ཞུས་མེད་པ་དང། ལྷག་པར་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་གནད་དོན་ཐད་ལ་རྒྱ་གཞུང་གིས་གསལ་བཤད་བྱས་པ་དེ་ནི་བདེན་པ་རྩ་བ་མེད་པ་མ་ཟད། གནད་དོན་འོག་ཁོང་གི་ནང་མི་སྤུན་མཆེད་རྣམས་བཟང་བཙོན་འོག་བཞག་པའི་གནས་ཚུལ་ཁག་ཅིག་གསལ་བཤད་གནང་ཡོད་པ་རེད། དེ་བཞིན་བོད་མིའི་ཆབ་སྲིད་བཙོན་ཟུར་གོ་ལོག་འཇིགས་མེད་རྒྱ་མཚོ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་ཆབ་སྲིད་བཙོན་པ་མེད་པ་དང་། བཙོན་ཁང་ནང་ལྕགས་སོགས་དེང་དུས་འཕྲུལ་རིགས་སྤྱོད་ནས་མཉར་གཅོད་གང་ཡང་བཏང་གི་མེད་ཅེས་པ་དེ་ནི་བདེན་པ་རྩ་བ་ནས་མིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག་ལ། རྒྱ་གཞུང་སྐུ་ཚབ་ཚོས་ལན་འདེབས་བྱས་པ་དེ་དག་ལ་ངོས་ལེན་མེད་པ་མ་ཟད། རྒྱལ་ཚོགས་ནས་མུ་མཐུད་རྒྱ་གཞུང་ལ་གནོན་ཤུགས་སྤྲད་དེ་རྒྱ་ནག་སྤྱི་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་ཐད་ལ་ཞིབ་དཔྱོད་གནང་དགོས་པ་གསུངས་འདུག

Latest news