རྒྱལ་སྤྱི།

ཕ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་རྒྱའི་འབྲེལ་མོལ་བསྐྱར་གསོ་དགོས་པའི་ཞུ་སྐུལ་གནང་འདུག

ཕ་རན་སིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Charles de Courson མཆོག་གིས་ཡུལ་དེའི་ཕྱི་སྲིད་བློན་ཆེན་ Jean‑Noël Barrot མཆོག་ལ།  རྒྱ་ནག་གཞུང་གིས་འཐབ་ཇུས་ལྡན་པའི་ཐོག་བོད་ཀྱི་ཆོས་རིག་སྐད་ཡིག་དང་བཅས་པ་རྩ་མེད་གཏོང་བཞིན་པར་སེམས་འཚབ་དང་འབྲེལ།  ཡིག་ཐོག་ནས་བོད་ཀྱི་གནད་དོན་ཐོག་དྲི་བ་ཕུལ་བ་ལྟར་བློན་ཆེན་མཆོག་གིས་དེ་འབྲེལ་ལྗགས་ལན་གནང་བའི་ནང་།  བོད་ནང་གི་གནས་སྟངས་ལ་ཐུགས་འཚབ་ཀྱིས།  རྒྱ་ནག་གཞུང་གིས་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭ་སྒོ་བརྒྱག་དགོས་པ་དང་།  བོད་རྒྱའི་འབྲེལ་མོལ་བསྐྱར་གསོ་དགོས་པའི་ཞུ་སྐུལ་གནང་འདུག དེ་ཡང་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན།  སྐུ་ཞབས་ Charles de Courson མཆོག་གིས་སྔ་ལོ་ཕྱི་ཟླ་ ༡༠ པའི་ཚེས་ ༡༤ ཉིན་ཡུལ་དེའི་ཕྱི་སྲིད་བློན་ཆེན་མཆོག་ལ་ཡིག་ཐོག་ནས་དྲི་བ་ཞིག་ཕུལ་ཡོད་པ་དེའི་ནང་།   ཉེ་ལམ་རྒྱ་ནག་གཞུང་གིས་བོད་ནང་གི་མཐོ་སློབ་ཁག་ཏུ་འཛུལ་ཞུགས་ཡིག་རྒྱུགས་ཀྱི་ཆ་རྐྱེན་ནང་བོད་ཡིག་ངེས་པར་དུ་མི་དགོས་པ་བཟོས་པའི་མི་རིགས་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་དེ་ཉིད་གཙོ་བོ་མངོན་གསལ་གནང་བ་དང་འབྲེལ།  སྲིད་བྱུས་དེ་ནི་རྒྱ་ནག་སྲིད་གཞུང་གིས་དམིགས་སུ་བཀར་ནས་ལོ་མང་རིང་བོད་ཀྱི་སྐད་དང་ཡི་དེའི་ཐོག་དྲག་གནོན་ཇེ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་བྱ་འགུལ་དེའི་དཔེ་མཚོན་ཙམ་ཞིག་ཡིན་པ་གསུངས་འདུག སྐུ་ཞབས་ཁོང་གིས་ད་དུང་བོད་ནང་རྒྱ་ནག་གཞུང་གིས་བཙན་པོའི་དབང་ཤེད་ཀྱིས་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་འོག་བོད་ཕྲུག་བྱིས་པ་ལོ་ན་ ༤ ཡན་ཆད་ནས་བཅའ་སྡོད་སློབ་གྲྭ་ཟེར་བར་བཅུག་སྟེ་སློབ་མ་བརྒྱ་ཆ་ ༩༠ ཙམ་རང་གི་ནང་མི་ཉེ་འབྲེལ་དང་ཁ་བྲལ་གཏོང་བཞིན་ཡོད་པ་མངོན་གསལ་གནང་བ་དང་སྦྲགས།  འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་གནད་དོན་དེའི་སྐོར་གྱི་སྙན་ཐོ་ལུང་འདྲེན་གྱིས།  བཅའ་སྡོད་སློབ་གྲྭར་བཅུག་པའི་བོད་ཕྲུག་རྣམས་ད་ཆ་རང་གི་ཕ་མ་དང་ཐུག་འཕྲད་སྐབས་བོད་སྐད་བཤད་མི་ཐུབ་པ་བཟོས་ཡོད་པ་དང་།  གལ་ཏེ་ཕ་མ་དང་ནང་མི་དེ་དག་ནས་རྒྱ་གཞུང་གིས་མི་རིགས་མཉམ་བསྲེས་ཀྱི་འཐུབ་ཇུས་ལྡན་པའི་སློབ་གྲྭ་དེ་དག་ལ་བཅུག་འདོད་མེད་ན། འབྲེལ་ཡོད་ཕྲུ་གུ་རྣམས་གཞུང་གིས་ཆེད་འཛུགས་སློབ་གྲྭ་གང་དུ་ཡང་ཤེས་ཡོན་སློབ་གཉེར་བཞེས་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་བཅས་ཀྱི་སྐོར་སེམས་འཚབ་གསལ་སྟོན་གནང་འདུག ཡིག་ཐོག་དྲི་བ་དེའི་ནང་ལྷག་པར་དུ་ཕ་རན་སིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Charles de Courson མཆོག་གིས།  བོད་ཀྱི་ཆོས་དང་རིག་གཞུང་ནི་གནའ་སྔ་བོ་ནས་ཡོད་པ་ཞིག་ཡིན་པ་དེ་ལྟར་ཡང་།  ལོ་ངོ་བཅུ་ཕྲག་འགའ་ཤས་རིང་རྒྱ་ནག་གིས་བྱུང་ངན་དྲག་གནོན་ཡོད་ཚད་བེད་སྤྱོད་ཀྱིས་སྲིད་བྱུས་དེ་དག་ལག་བསྟར་ཇེ་ཤུགས་ཆེ་རུ་གཏོང་ཡོད་པ་གསལ་འདོན་གནང་བ་མ་ཟད།  བྱ་འགུལ་དེ་ནི་རྒྱ་ནག་སྲིད་གཞུང་གིས་རང་གི་ངལ་རྕོལ་སྟོབས་ཤུགས་ཀྱི་དགོས་མཁོ་སྐོང་ཆེད་དུ་རྐང་བཙུགས་སྤེལ་བ་ཞིག་དང་།  དེས་མ་འོངས་བོད་ཀྱི་སློབ་མ་ཚོར་སྤྱི་ཚོགས་ཁྲོད་ལས་ཀའི་གོ་སྐབས་ཤོར་ངེས་དང་མཐོ་སློབ་འགྲིམ་མི་ཐུབ་པའི་ཉེན་ཁ་ཆེན་པོ་ཡོད་པ་མངོན་གསལ་གནང་འདུག སྐུ་ཞབས་ཁོང་གིས་མཐའ་སྡོམ་ཏུ་ཕ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་ལ། ཡུལ་དེའི་ཁས་ལེན་དམ་བཅའ་ཁོངས་སུ་བྱིས་པ་སྲུང་སྐྱོབ་ཀྱི་གནད་དོན་ཡོད་པ་བཞིན།  རྒྱ་ནག་ངོས་ནས་རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་བརྩི་བཀུར་དགོས་པ་དང་བོད་ནང་གི་ཛ་དྲག་གནས་སྟངས་དེ་དག་སེལ་ཆེད་རྒྱལ་སྤྱིའི་སྒྲིག་འཛུགས་དང་ཡུ་རོབ་མཐུན་ཚོགས་ངོས་སུ་ཡུལ་དེའི་སྲིད་གཞུང་ནས་ཐབས་ཤེས་གང་དང་གང་སྐུལ་མ་གནང་འཆར་ཡོད་སྐོར་བཀའ་འདྲི་གནང་འདུག དེ་འབྲེལ་ཕ་རན་སིའི་ཕྱི་སྲིད་བློན་ཆེན་ Jean‑Noël Barrot མཆོག་གིས་ལྗགས་ལན་ནང་།  བོད་མིའི་ཚོགས་སྒེར་ཁག་གཙོས་པའི་ཞིབ་འཇུག་ལྟེ་གནས་དང་ཉམས་ཞིབ་པ་མང་དག་ཅིག་གིས་བོད་ནང་བཅའ་སྡོད་སློབ་གྲྭ་ཟེར་བ་གཙོས་སྤྱི་ཡོངས་ཀྱི་ཛ་དྲག་གནས་སྟངས་སྐོར་སྙན་ཐོ་རིམ་པ་འབྱོར་བ་དེ་དག་རྒྱལ་ཚོགས་ཀྱི་གཏན་ལ་ཕབ་པའི་ Convention on the Rights of the Child (CRC) ཞེས་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ཀྱི་གྲོས་མཐུན་དང་འགལ་ཡོད་པ་ངོས་ལེན་གྱིས་ཐུགས་འཚབ་ཡོད་ཅེས་འགྲེལ་བརྗོད་དང་འབྲེལ།  ཕ་རན་སིའི་ངོས་ནས་རྒྱ་ནག་དང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གླེང་སྟེགས་འདྲ་མིན་ཐོག་གླེང་སློང་གནང་ཡོད་པ་གསལ་འདོན་གནང་འདུག་པ་མ་ཟད།  རྒྱ་ནག་གི་ཕྱི་ལོ་ ༢༠༢༤ ལོའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་ཚོགས་འདུའི་ཐོག་བོད་མི་གཙོས་ཡུ་གུར་དང་རྒྱ་ནག་གི་མནར་གཅོད་འོག་མྱོང་བཞིན་པ་ཀུན་གྱི་ཆེད་དུ་རྒྱ་ནག་གཞུང་ལ་བརྡ་ལན་སྤྲད་ཡོད་པ་བརྗོད་འདུག  ལྷག་པར་དུ་བློན་ཆེན་མཆོག་གིས་ཕ་རན་སི་ནས་རྒྱལ་ཁབ་གཞན་ཁག་དང་ལྷན་དུའང་མཉམ་རུབ་ཀྱིས་འགྲོ་བ་མིའི་ཐོིབ་ཐང་སྲུང་སྐྱོབ་དགོས་པའི་རྒྱལ་སྤྱིའི་བསྒྲགས་གཏམ་ལ་རྒྱབ་སྐྱོར་གནང་དང་གནང་མུས་ཡིན་པ་མ་ཟད།  བོད་ནང་རྒྱ་ནག་གཞུང་གིས་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭ་སྒོ་བརྒྱག་དགོས་པ་དང་།  བོད་དོན་བདེན་མཐའ་གསལ་ཆེད་དུ་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་དཔོན་རིགས་དབར་བོད་རྒྱའི་འབྲེལ་མོལ་བསྐྱར་གསོ་དགོས་པའི་སྐུལ་མ་གནང་འདུག

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དབུ་འཛུགས་དང་བསྟུན་བོད་མིས་ཞི་བའི་སྐད་འབོད་གནང་བ།

སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༡ དབུ་འཛུགས་དང་བསྟུན། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་གོ་སྒྲོག་འོག་རྒྱལ་ཚོགས་ཀྱི་མདུན་དུ་བོད་མི་རྣམས་ནས་ཞི་བའི་སྐད་འབོད་དང་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་འདུག དེ་ཡང་སུད་སི་ཇི་ནི་ཝ་གྲོང་ཁྱེར་དུ་ཁ་ཉིན་ཚེས་ ༢༣ ནས་ཟླ་བ་རྗེས་མའི་ཚེས་ ༣༡ བར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༡ འཚོག་བཞིན་པ་དང་བསྟུན། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱིས་གོ་སྒྲིག་འོག་ཁུལ་དེར་ཞི་བའི་ངོ་རྒོལ་ལས་འགུལ་ཞིག་སྤེལ་ཡོད་པའི་ནང་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་དོན་གཅོད་ལས་ཁུངས་ཀྱི་ལས་བྱེད་གཙོས་ཡུ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ཀྱི་རྒྱུན་ལས་དང་། གྲངས་ཉུང་མི་རིགས་ཁག་གི་སྐུ་ཚབ། གཞན་ཡང་རྒྱ་རིགས་ཡེ་ཤུ་ཆོས་ལུགས་ཀྱི་ཚོགས་པ་དང་བོད་རིགས་སོགས་བསྡོམས་པའི་མི་གྲངས་བརྒྱད་ཅུ་ལྷག་འདུ་འཛོམས་གནང་ཐོག་གསར་འགོད་བསྒྲགས་གཏམ་དང་ཞུ་ཡིག་ཞིག་ཕུལ་བའི་བརྒྱུད་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་གཞུང་གིས་འཛིན་བཟུང་དོ་དམ་འོག་ཡོད་པའི་དགེ་བཤེས་བློ་བཟང་ལུང་རིག་ལགས་དང་མཆོག་སྤྲུལ་རྡོ་རྗེ་བརྟན།  དེ་བཞིན་བོད་མི་བཙོན་པ་གཞན་དག་གི་གནས་ཡུལ། འཕྲོད་བསྟེན། ཁྲིམས་ལུགས་ཀྱི་གནས་སྟངས་བཅས་ཀྱི་ཐད་ཕྱི་གསལ་ནང་གསལ་བཟོ་དགོས་པ་དང་དེ་བཞིན་དུ་ཞི་བའི་ཆོས་ལུགས་དང་། རིག་གཞུང་། སྒྱུ་རྩལ། ཁོར་ཡུག་བཅས་ཀྱི་བྱེད་སྒོ་ཁག་ལ་བརྟེན་ནས་འཛིན་བཟུང་བྱས་པའི་མི་སྣ་ཚང་མ་འཕྲལ་དུ་དང་ཆ་རྐྱེན་མེད་པར་གློད་གྲོལ་གཏོང་དགོས་པ། ལྷག་པར་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱལ་ཚོགས་ཀྱི་ཆེད་མཁས་མི་སྣ་གཙོས་རང་དབང་སྡེ་ཚན་གྱི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་པ་རྣམས་ཚོད་འཛིན་མེད་པར་འགྲོ་འོང་བྱེད་པའི་མཐུན་རྐྱེན་སྦྱོར་རྒྱུ་སོགས་ཀྱི་དོན་ཚན་བདུན་ཅན་གྱི་དགོས་འདུན་ཆེད་འདོན་གནང་འདུག གཞི་རྩའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་བསྟུན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཞབས་ཞུ་ཚོགས་པ་ ISHR གཙོས་སྤྱི་མང་ཚོགས་པ་ཉི་ཤུ་རྩ་དྲུག་མཉམ་སྦྲེལ་གྱི་ཐོག་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་སྐུ་ཞབས་ Volker Türk ལགས་སུ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་རིགས་ལ་སྡུག་རྩུབ་ཀྱི་བྱ་སྤྱོད་སྤེལ་བཞིན་པའི་ཉེས་འཛུགས་ལ་གདོང་ལེན་བྱ་དགོས་པའི་སྐུལ་མ་གནང་ཡོད་འདུག མ་ཟད་ཚོགས་པ་དེ་དག་གིས་གཙོ་འཛིན་མཆོག་ལ་ཟླ་བ་གཉིས་པའི་ཚེས་ཉེར་བདུན་ཉིན་གྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག འཛམ་གླིང་གི་གནས་ཚུལ་གསར་གནས་འགྲེལ་བརྗོད་དང་སྦྲགས། སྐུ་ཞབས་ཁོང་གི་ལས་ཁུངས་ནས་རྒྱ་ནག་ནང་གི་གནས་སྟངས་ཐད་ཞིབ་འཇུག་བྱེད་བཞིན་པའི་འབད་བརྩོན་སྐོར་ངོ་སྤྲོད་དགོས་པའི་དྲན་སྐུལ་གནང་བ་མ་ཟད། ཁོང་ཚོས་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་ལ་པེ་ཅིང་གིས་མུ་མཐུད་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པ་མཚམས་འཇོག་དང་། དེ་དག་ཡར་རྒྱས་གོང་འཕེལ་གཏོང་དགོས་པའི་སྐོར་རེ་སྐུལ་གསལ་པོ་ཞུ་དགོས་ཞེས་ནན་སྐུལ་གནང་འདུག ལྷག་པར་དུ་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་མཉམ་འབྲེལ་འགན་འཛིན་གཞོན་པ་ལྕམ་ Sophie Richardson ལགས་ཀྱིས། ཐེངས་འདིའི་ལྷན་ཚོགས་བརྒྱུད་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་ལ་པེ་ཅིང་གིས་ཚབས་ཆེ་བའི་ནག་ཉེས་ལ་ཞིབ་འཇུག་ནན་ཏན་བྱ་རྒྱུ་ཡིན་པ་གསལ་པོར་བཤད་པའི་གོ་སྐབས་ཡོད་ལ། དེའི་ནང་ནས་གལ་ཆེ་བའི་གནད་དོན་ཞིག་ལ་ཉེས་འགལ་དེ་དག་དང་གཞན་ཞིག་གི་རྐྱེན་པའི་དུས་རབས་མང་པོར་གནོད་འཚེ་ཕོག་མཁན་དང་འཚོ་གནས་གནང་མཁན་ཚོར་བརྗེད་མེད་པ་སྟོན་ཐུབ་པའི་གོ་སྐབས་ཡོད་ཅེས་གསུངས་འདུག

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་བྱས་པ་དེ་ནི་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་གཏོགས་ཡིན་ཚུལ་བརྗོད་འདུག

ཉེ་ལམ་ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་གིས་ཡུལ་དེའི་ཕྱི་སྲིད་ལས་ཁུངས་ཁྱབ་ཁོངས་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་བཅས་ཀྱི་དྲུང་གཞོན་ Riley M. Barnes རི་ལི་མེ་རུ་བྷ་ནི་སི་ལགས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་བའི་གཞུང་འབྲེལ་གསལ་བསྒྲགས་སྤེལ་བ་ལྟར། ཁ་སང་རྒྱ་ནག་གཞུང་གིས་དེར་སྐྱོན་བརྗོད་ཤུགས་ཆེ་བྱས་པ་དང་ཆབས་གཅིག ཨ་རིའི་ངོས་ནས་བོད་ཀྱི་གནད་དོན་དེ་ཉིད་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་བྱུས་སླད་བེད་སྤྱོད་བྱ་རྒྱུ་མཚམས་འཇོག་དགོས་སྐོར་བརྗོད་འདུག དེའང་ཨ་རིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Marco Rubio མཆོག་གིས་བོད་ཀྱི་གནམ་ལོ་གསར་ཚེས་དང་བསྟུན་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་རྣམས་ལ་འཚམས་འདྲི་དང་འབྲེལ། ཨ་རིའི་ངོས་ནས་བོད་མི་ཚོའི་ཁ་བྲལ་ཐབས་མེད་པའི་ཐོབ་ཐང་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་བཅས་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་གསུངས་བ་མ་ཟད། སྐུ་ཞབས་ Riley M. Barnes རི་ལི་མེ་རུ་བྷ་ནི་སི་ལགས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་ཡོད་པའི་གཞུང་འབྲེལ་གསལ་བསྒྲགས་གནང་ཡོད་པ་རེད། དེ་འབྲེལ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་དྲྭ་གནས་ཐོག་ཁ་སང་ཐོན་པའི་གནས་ཚུལ་ནང་གསལ་ལྟར་ན། ཡུལ་དེའི་ཕྱི་སྲིད་མགྲིན་ཚབ་པ་ Lin Jian ལིན་ཅན་གྱིས་ཉིན་རེའི་གསར་འགོད་ལྷན་ཚོགས་ཐོག་གནད་དོན་འདི་དང་འབྲེལ་བའི་དྲི་བར་ལན་འདེབས་ཁྲོད། ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཟེར་བ་བཙུགས་པ་དེས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་གོ་གནས་དེ་འདྲ་ཞིག་ངོས་འཛིན་བྱས་མྱོང་མེད་ཅེས་བརྗོད་འདུག ལིན་ཅན་གྱིས་ད་དུང་བོད་དང་འབྲེལ་བའི་གནད་དོན་ཐད་རྒྱ་ནག་གཞུང་གི་ལངས་ཕྱོགས་ནི་འགྱུར་བ་མེད་པར་གསལ་པོ་ཡིན་པར་ནན་བརྗོད་དང་འབྲེལ། བོད་ཀྱི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ཁོ་ན་ཡིན་པ་དང་། ཕྱི་ཕྱོགས་ཀྱི་དབང་ཤུགས་གང་ཞིག་གིས་ཀྱང་ཐེ་བྱུས་བྱེད་དབང་མེད་ཅེས་བརྗོད་འདུག དེ་བཞིན་ཨ་རིས་བོད་དང་འབྲེལ་བའི་གནད་དོན་ཐད་སྔོན་ཆད་ཁས་ལེན་བྱས་པ་རྣམས་ལ་བརྩི་སྲུང་བྱེད་དགོས་པ་དང་། བོད་དེ་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་རྒྱུའི་ལག་ཆ་ལྟ་བུ་བེད་སྤྱོད་བྱེད་རྒྱུ་མཚམས་འཇོག་དགོས་པ་མ་ཟད། ཨ་རིའི་ངོས་ནས་འདི་ལྟ་བའི་བྱ་སྤྱོད་བརྒྱུད་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་སྟོབས་ཤུགས་ཚོར་ནོར་འཁྲུལ་ཅན་གྱི་བརྡ་ལན་གང་ཡང་གཏོང་མི་རུང་ཞེས་བརྗོད་འདུག གཞི་རྩའི་ཨ་རིའི་སྲིད་འཛིན་ Trump མཆོག་གིས་དེ་སྔའི་གཞུང་འཛིན་སྐབས། ལས་ཡུན་རྫོགས་ལ་རན་པའི་སྐབས་སུ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཁྱབ་ཁོངས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་བཅས་ཀྱི་གནད་དོན་དང་འབྲེལ་བའི་དྲུང་གཞོན་སྐུ་ཞབས་ Robert Destro ལགས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་ཡོད་ཀྱང་ཁོང་གི་ལས་ཡུན་ཟླ་བ་ ༤ ཙམ་ལས་གནང་ལོང་བྱུང་མེད། དེའི་རྗེས་སུ་ Biden སྲིད་གཞུང་སྐབས་སུ་དྲུང་ལས་ལྕམ་སྐུ་ Uzra Zeya ལགས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་ཡོད་པ་རེད། Trump སྲིད་གཞུང་གིས་ད་རེས་གསར་དུ་བསྐོ་བཞག་གནང་བའི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་ Riley M. Barnes ལགས་ནི་ཡུལ་དེའི་ཕྱི་སྲིད་ལས་ཁུངས་ནང་གནས་རིམ་མཐོ་བའི་ལས་གནས་ཁག་ཁ་ཤས་བཞེས་མྱོང་མཁན་ཞིག་ཡིན་པ་མ་ཟད། དེ་སྔ་ཕྱི་ལོ་ ༢༠༡༩ དང་ ༢༠༢༥ བཅས་སུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པ་མཇལ་འཕྲད་སླད་བཞུགས་སྐར་རྡ་རམ་ས་ལར་ཕེབས་མྱོང་ཡོད་པ་རེད་འདུག ཁོང་གིས་ཉེ་ལམ་ཟླ་བ་འདིའི་ཚེས་ ༡༧ ཏེ་བོད་ཀྱི་ལོ་གསར་སྔ་ནུབ་གནམ་སྒང་ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ཨ་རིའི་རྒྱལ་སའི་མངའ་ཁུལ་བོད་རིགས་སྤྱི་མཐུན་ཚོགས་པ་དང་མཉམ་འབྲེལ་ཐོག་ཕྱི་སྲིད་ལས་ཁུངས་སུ་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་པ་མ་ཟད། སྐབས་དེར་ཁོང་གིས་གསུང་བཤད་ཁྲོད་བོད་ཀྱི་གནད་དོན་ནི་ཁོང་གི་ཐུགས་སེམས་དང་ཧ་ཅང་ཉེ་བ་ཞིག་ཡིན་སྟབས། ལས་གནས་དེའི་ཐོག་ཞབས་ཞུ་སྒྲུབ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་སྤོབས་ཆེན་པོ་བྱུང་ཡོད་སྐོར་གསུངས་བ་དང་འབྲེལ། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གཙོས་པའི་ཆོས་ལུགས་གཞན་རྣམས་བཙན་དབང་གིས་རྒྱ་བསྒྱུར་བྱེད་བཞིན་པའི་སྲིད་བྱུས་དང་བོད་ནང་གི་བཅའ་བསྡོད་སློབ་གྲྭའི་གནས་སྟངས་བཅས་ལ་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་གསལ་འདོན་གྱིས། ཁོང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་གནས་བཞེས་པའི་རྗེས་ཐུགས་འགན་གཙོ་བོ་ཞིག་ནི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་བོད་མི་ཚོའི་ཆོས་ལུགས་ཀྱི་དབུ་ཁྲིད་རྣམས་བོད་མི་རང་ཉིད་ཀྱིས་རང་དབང་སྒོ་ནས་འདེམས་ཐོན་ཆོག་པ་གཙོས་བོད་མིའི་རིན་ཐང་བྲལ་བའི་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་འབད་བརྩོན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་གསུངས་ཡོད་པ་རེད། ཁོང་གིས་སྐབས་དེར་ད་དུང་ཨ་རིའི་གཞུང་ངོས་ནས་རྒྱ་ནག་ལ་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་༸གང་ཉིད་ཀྱི་སྐུ་ཚབ། དེ་བཞིན་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་བོད་མིའི་དབུ་ཁྲིད་ཚོ་དང་ལྷན་དུ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་ཐད་ཀར་གྲོས་མོལ་བྱེད་དགོས་པའི་ཞུ་སྐུལ་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ཡིན་སྐོར་གསུངས་བ་དང་འབྲེལ། ད་ནི་བོད་ཀྱི་གནད་དོན་དེ་ཕུགས་རྒྱང་རིང་པོའི་སྒོ་ནས་སེལ་ཐུབ་པ་བྱ་རྒྱའི་དུས་ལ་འབབ་ཡོད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།

G7 ལྷན་ཚོགས་ཐོག་བོད་ངེས་པར་གླེང་སློང་དགོས་པའི་ཞུ་སྐུལ།

རིང་མིན་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༤ ནས་ ༡༦ བཅས་ཉིན་གྲངས་གསུམ་རིང་ཧྥ་རན་སིར་འཛམ་གླིང་ཁྲོད་སྟོབས་ཆེན་རྒྱལ་ཁབ་ ༧ དང་ཡུ་རོབ་མཐུན་ཚོགས་ལས་གྲུབ་པའི་ G7 ལྷན་ཚོགས་ཀྱི་དབུ་ཁྲིད་རྣམ་པའི་ཚོགས་འདུ་འཚོག་གཏན་ཁེལ་བ་དང་བསྟུན། G7 དབུ་ཁྲིད་རྣམས་ལ་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐད་ངེས་པར་དུ་གླེང་སློང་གནང་དགོས་གལ་དང་འབྲེལ། སྔ་ལོའི་ ༢༠༢༥ ལོའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམ་པའི་ཚོགས་འདུ་མཇུག་སྒྲིལ་དང་འབྲེལ་བསྒྲགས་གཏམ་སྤེལ་བའི་ནང་བོད་ཀྱི་ཛ་དྲག་གནས་སྟངས་བཀོད་མེད་པར་བློ་འཚབ་གསལ་སྟོན་དང་ཆབས་ཅི། G7 གྲོས་མོལ་ནང་བོད་ངེས་པར་གླེང་སློང་དགོས་པའི་ཞུ་སྐུལ་གནང་འདུག དེ་ཡང་ཛ་དྲག་གི་ཞུ་སྐུལ་དེ་ནི་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་མ་འཚོག་གོང་ལྷན་ཚོགས་དེ་ཉིད་གོ་སྒྲིག་གནང་མཁན་གྱི་གཞུང་འབྲེལ་མི་སྣར་ཕུལ་བ་ཞིག་ཆགས་ཀྱི་ཡོད་པ་དང་། ཞུ་སྐུལ་དེའི་ནང་གཙོ་བོ་སྔ་ལོའི་ ༢༠༢༥ ལོའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམ་པའི་ཚོགས་འདུ་མཇུག་སྒྲིལ་དང་འབྲེལ་བསྒྲགས་གཏམ་སྤེལ་བའི་ནང་བོད་ཀྱི་ཛ་དྲག་གནས་སྟངས་བཀོད་མེད་པར་བློ་འཚབ་གསལ་སྟོན་དང་འབྲེལ།འདི་ལོའི་ G7 ཚོགས་ཆེན་ཐོག་བོད་དང་འབྲེལ་བའི་གཙོ་གནད་གསུམ་བཏོན་པའི་ནང་། བོད་ཀྱི་གནད་དོན་དེ་ཨེ་ཤ་ཡ་ཙམ་མ་ཟད་རྒྱལ་སྤྱིའི་ས་ཁམས་ཆབ་སྲིད་གཙོས་བདེ་སྲུང་ཀྱི་གནད་དོན་ཐོག་ནས་གལ་ཆེན་ཡིན་པ་དང་། རྒྱ་ནག་གི་དབང་ཆ་རིང་ལུགས་ཀྱི་དམིགས་ཡུལ་མེད་པ་བཟོ་ཐབས་སུ་བོད་ཀྱི་ཛ་དྲག་གི་གནས་སྟངས་དང་བོད་མིའི་རང་དབང་གི་དཀའ་སྡུག་སྐོར་གླེང་སློང་གནང་དགོས་པ་མ་ཟད། རྒྱ་གཞུང་གིས་བོད་ནང་ཆུ་མཛོད་གསར་རྒྱག་དང་གཏེར་ཁ་སྔོག་འདོན་སོགས་ཀྱི་ལས་གཞི་གང་བྱུང་སྤེལ་བ་དེས་མཐོ་སྒང་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་གཏོང་བཞིན་པའི་གནས་སྟངས་སྐོར་ངེས་པར་གླེང་སློང་དགོས་པའི་ཞུ་སྐུལ་གནང་འདུག མ་ཟད། རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམ་པས་བོད་དེ་བཞིན་འཛམ་གླིང་གི་བརྟན་ལྷིང་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་པའི་གལ་ཆེན་རང་བཞིན་རྟོགས་པའི་ཐོག་ནས་འདི་ལོ་དང་མ་འོངས་པའི་རྒྱལ་ཁབ་བདུན་གྱི་ཚོགས་འདུའི་བསྒྲགས་གཏམ་ནང་རྒྱ་གཞུང་འོག་བོད་ཀྱི་ཆེས་ཞན་པའི་གནས་སྟངས་བཀོད་དགོས་པའི་སྐུལ་མ་གནང་བ་དང་འབྲེལ།བོད་ཀྱི་གནད་དོན་དེ་བཞིན་G7 ལྷན་ཚོགས་ཀྱི་དམིགས་ཡུལ་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་པས།འདི་ལོའི་ལྷན་ཚོགས་ཐོག་རྒྱལ་སྤྱིའི་ཁྲོད་རྒྱ་ནག་གི་གནས་བབ་དང་། ལྷག་པར་ཡུལ་དེའི་ཕྱི་འབྲེལ་སྲིད་བྱུས། དེ་བཞིན་རྒྱལ་སྤྱིའི་སྒྲིག་གཞི་དང་མཐུན་མིན་སོགས་ཀྱི་སྐོར་ལ་གླེང་སློང་གནང་སྐབས། རྒྱ་ནག་གིས་བོད་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་མོལ་དང་སྦྲགས་ཏེ་རྒྱ་གཞུང་གིས་ཁུལ་དེར་སྤེལ་བཞིན་པའི་བྱ་ངན་དག་ལ་ངེས་པར་དུ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ཞིག་སྤེལ་དགོས་པའི་ཞུ་སྐུལ་གནང་འདུག དེ་བཞིན་རྒྱ་ནག་གིས་བོད་ནང་དུ་དྲག་གནོན་ཅན་གྱི་སྲིད་བྱུས་འདྲ་མིན་ལག་བསྟར་ཁྲོད་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་མུ་མཐུད་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། ལྷག་དོན་སྲིད་འཛིན་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག་རྒྱ་ནག་གཅིག་གི་སྲིད་བྱུས་བརྒྱུད་བོད་ཀྱི་སྐད་ཡིག་དང་ཆོས་རིག མི་རིགས་ཀྱི་ངོ་བོ་བཅས་པ་རྩ་མེད་བཟོ་བཞིན་པ་གསལ་སྟོན་དང་སྦྲགས། སྟོབས་ཆེན་རྒྱལ་ཁབ་བདུན་ལས་གྲུབ་པའི་རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པས་ཐེངས་འདིའི་ལྷན་ཚོགས་བརྒྱུད་རྒྱ་ནག་ལ་མཉམ་རུབ་ཀྱིས་ཁ་གཏད་གཅོག་པའི་ལས་འགུལ་ནན་པོ་ཞིག་སྤེལ་དགོས་པའི་ནན་སྐུལ་དང། རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཁྲོད་འགན་ཁུར་ཡོད་པའི་རྒྱལ་ཁབ་ཅིག་བྱ་དགོས་ཞེས་སྐུལ་མ་གནང་དགོས་པའི་འབོད་སྐུལ་གནང་འདུག གཞི་རྩའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་དེ་ཉིད་ France ནང་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༤ ནས་ ༡༦ བཅས་ཉིན་གྲངས་གསུམ་རིང་འཚོག་གཏན་ཁེལ་ཡོད་པ་དང་། ད་ལྟའི་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམས་ནི་ཁེ་ན་ཌའི་སྲིད་བློན་ Mark Carney མཆོག་དང་ཕ་རན་སིའི་སྲིད་འཛིན་ Emmanuel Macron ཇར་མ་ནིའི་སྲིད་བློན་ Friedrich Merz ཨི་ཊ་ལིའི་སྲིད་བློན་ Giorgia Meloni ཉི་འོང་གི་སྲིད་བློན་ Sanae Takaichi དབྱིན་ཡུལ་གྱི་སྲིད་བློན་ Keir Starmer དང་ཨ་རིའི་སྲིད་འཛིན་ Donald Trump བཅས་ཡིན།

༸གོང་ས་མཆོག་གིས་ནང་པའི་དགེ་སློང་རྣམ་པའི་ཞི་བའི་གོམ་བགྲོད་མཇུག་སྒྲིལ་ཐོག་གསུང་འཕྲིན་སྩལ་བ།

འཛམ་གླིང་ཞི་བདིའི་སླད་ཨ་རིའི་ནང་གོམ་བགྲོད་གནང་མཁན་གནས་བརྟན་སྡེ་པའི་དགེ་སློང་རྣམས་ཀྱིས་ཁ་སང་ཚེས་ ༡༡ ཉིན། ཨ་རིའི་རྒྱལ་ས་ Washington DC ཝ་ཤིང་ཊོན་ཌི་སི་ནང་རྟེན་གཞི་བྱས་པའི་ Lincoln ལེན་ཁོན་དྲན་རྟེན་གྱི་མདུན་དུ་མཛད་སྒོ་ཞིག་གི་ཐོག་ནས་ཉིན་ ༡༠༨ ཀྱི་ཞི་བའི་གོམ་བགྲོས་མཇུག་བསྒྲིལ་གནང་བ་དང་འབྲེལ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་སློང་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཛད་པ་དང་ཆབས་གཅིག གོམ་བགྲོས་ཀྱི་ལས་འགུལ་དེའི་བརྒྱུད་ཆོས་ཉམས་ལེན་པ་རྣམས་ཀྱིས་སྤྱི་ཚོགས་ཀྱི་མཐུན་སྒྲིལ་དང་མང་ཚོགས་ཀྱི་བགྲོ་གླེང་ནང་ཕན་ཐོགས་དང་ལག་ལེན་དངོས་ཀྱི་ཐོག་ནས་མཉམ་ཞུགས་བྱེད་ཐུབ་པ་གསལ་འདོན་གནང་གི་ཡོད་ཅེས་བཀའ་བསྩལ་འདུག དེའང་ཨ་རིའི་ Texas ཀྲེཀ་སིས་མངའ་སྡེའི་ Fort Worth ཁུལ་དུ་རྟེན་གཞི་བྱས་པའི་ Huong Dao Vipassana Bhavana Center ཞེས་ Vietnam ཝེཊ་ནམ་གྱི་གནས་བརྟན་སྡེ་པའི་ཆོས་ཚོགས་ཀྱི་དགེ་སློང་ Bhikkhu Pannakara པཱ་ནྣཱ་ཀཱ་རཱ་ལགས་ཀྱིས་སྣེ་ཁྲིད་གནང་པའི་ཞི་བའི་གོམ་བགྲོས་དེ་ནི་སྔ་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་ Fort Worth ནས་འགོ་འཛུགས་ཀྱིས། ད་བར་ཉིན་ ༡༠༨ གྱི་དུས་ཡུན་ཁྲོད་དགེ་སློང་རྣམས་ཀྱིས་ཨ་རིའི་མངའ་སྡེ་ཆེ་ཁག་ Louisiana དང་ Mississippi, Alabama, Georgia, Carolina, Virginia བཅས་སུ་ཁྱོན་སྤྱི་ལེ་ ༣༧༠༠ ལྷག་ཙམ་་གོམ་བགྲོད་གནང་རྗེས་ཁ་སང་ཨ་རིའི་རྒྱལ་སའི་ནང་ལས་འགུལ་མཇུག་སྒྲིལ་གནང་འདུག Lincoln ལེན་ཁོན་དྲན་རྟེན་གྱི་མདུན་དུ་གོ་སྒྲིག་གནང་བའི་མཇུག་བསྡོམས་མཛད་སྒོའི་ཐོག་མང་ཚོགས་སྟོང་ཕྲག་འདུ་འཛོམས་ཀྱིས་དགེ་སློང་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་རྗེས་སུ་ཡི་རང་ཞུས་པ་མ་ཟད། ཁ་སང་གོམ་བགྲོད་ཀྱི་མཐའ་མར་ཨ་རིའི་རྒྱལ་སའི་ནང་གི་ Potomac པོ་ཊོ་མེཁ་ཆུ་རྒྱུན་སྟེངས་ཀྱི་ Chain Bridge ཟམ་པ་བརྒལ་བའི་སྐབས་ས་གནས་ཀྱི་དགེ་བཙུན་བརྒྱ་ལྷག་ཙམ་གྱི་ཁོང་རྣམ་པ་དང་ལྷན་གོམ་བགྲོས་གནང་མཉམ་ཞུགས་གནང་འདུག རྒྱལ་སྤྱིའི་ཁྱོན་དུ་སྙན་གྲགས་ཆེན་པོར་གྱུར་བའི་ཞི་བའི་གོམ་བགྲོད་དེ་མཇུག་སྒྲིལ་དང་འབྲེལ། དགེ་སློང་Pannakara པཱ་ནྣཱ་ཀཱ་རཱ་ལགས་ཀྱི་དགེ་རྒན་ Fort Worth དགོན་པའི་མཁན་པོ་ Ratanaguna རཏྣ་གུན་ལགས་ཀྱིས་དབུས་པའི་ཐའེ་ལན་དང་། Myanmar, Cambodia སོགས་ཀྱི་རྒྱལ་སྤྱིའི་རྒྱལ་ཁབ་མང་པོའི་ནང་པའི་སྐུ་ཚབ་ནས་གོམ་བགྲོད་པ་རྣམས་ལ་འཚམས་འདྲི་དང་ཡི་རང་བསྔགས་བརྗོད་གནང་བ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགེ་སློང་རྣམས་ལ་དམིགས་བསལ་གསུང་འཕྲིན་ཞིག་མཛད་པ་ལྟར། ཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་མང་ཚོགས་སྟོང་ཕྲག་མདུན་གསུང་འཕྲིན་དེ་སྒྲོག་སྦྱངས་ཞུས་པ་དང་འབྲེལ། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་དགོན་བདག་ཤིང་བཟའ་རིན་པོ་ཆེས་གསུང་འཕྲིན་དེ་ཉིད་ Bhikkhu Pannakara དགེ་སློང་པཱ་ནྣཱ་ཀཱ་རཱ་ལགས་ཀྱི་ཕྱག་ཏུ་འབུལ་བཞེས་གནང་འདུག ༸གོང་ས་མཆོག་གིས་གསུང་འཕྲིན་དེའི་ནང་། ངོས་ནས་རྒྱལ་ཁབ་ཀྱི་གསོ་བཅོས་དང་། མཐུན་སྒྲིལ། སྙིང་རྗེ་བཅས་གོང་འཕེལ་གཏོང་རྒྱུའི་དམིགས་ཡུལ་འཛིན་ཏེ། ཞི་བའི་གོམ་བགྲོད་གནང་མཁན་གྱི་ནང་པའི་དགེ་སློང་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད་ཅེས་བཀའ་སྩལ་བ་དང་། གོམ་བགྲོད་ཀྱི་ལས་འགུལ་དེའི་བརྒྱུད་ཆོས་ཉམས་ལེན་པ་རྣམས་ཀྱིས་སྤྱི་ཚོགས་ཀྱི་མཐུན་སྒྲིལ་དང་མང་ཚོགས་ཀྱི་བགྲོ་གླེང་ནང་ཕན་ཐོགས་དང་ལག་ལེན་དངོས་ཀྱི་ཐོག་ནས་མཉམ་ཞུགས་བྱེད་ཐུབ་པ་གསལ་འདོན་གནང་གི་ཡོད་ཅེས་བཀའ་སྩལ་འདུག ༸གོང་ས་མཆོག་གིས་ད་དུང་ཐེངས་འདིའི་གོམ་བགྲོས་ཐོག་དགེ་སློང་རྣམས་ཀྱི་ཆེས་ཉམས་ཆུང་དང་བབས་ལྷིང་གི་སྤྱོད་ལམ་བརྒྱུད་ནས་རྒྱལ་སྤྱིའི་ཁྲོད་ཞི་བདེ་དང་ཕན་ཚུན་གོ་རྟོགས་བསམ་ཤེས་ཀྱི་བརྡ་ལན་གོང་འཕེལ་གནང་བ་དེ་ནི། ཁོང་ཚོ་དང་ལམ་བར་དུ་ཕྲད་པའི་མི་མང་པོའི་སེམས་ལ་བག་ཆགས་འཇོག་ཡོད་ཅིང་། དེའང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གསལ་པོར་རྟོགས་ཐུབ་ཡོད་སྐོར་བཀའ་སྩལ་འདུག གཞི་རྩའི་གནས་བརྟན་སྡེ་པའི་དགེ་སློང་ ༡༩ ལས་གྲུབ་པའི་གོམ་བགྲོད་པ་རྣམ་པས་ལས་འགུལ་དེའི་བརྒྱུད་མང་ཚོགས་ཁྲོད། ནང་སེམས་ཀྱི་ཞི་བདེ་དང་། བྱམས་བརྩེ། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་བློ་གོང་འཕེལ་གཏོང་ཐབས་དང་འབྲེལ། ད་བར་མི་མང་ལ་ཞི་བདེའི་ལག་གདུབ་འབུམ་གཅིག་བཀྲམ་པ་མ་ཟད། དགེ་སློང་རྣམ་པ་དང་ལྷན་ Aloka ཨ་ལོཀ་ཞུ་བའི་ཁྱི་ཞིག་ཀྱང་གོམ་བགྲོད་ནང་མཉམ་ཞུགས་བྱས་པ་དང་བཅས། ད་ལྟའི་བར་གོམ་བགྲོད་དང་འབྲེལ་བའི་ངོ་དེབ་ཐོག་རྒྱལ་སྤྱིའི་ཁྱོན་ནས་རྗེས་འབྲངས་བྱེད་མཁན་མི་མང་ས་ཡ་གཉིས་དང་ཕྱེད་ཀ་ཙམ་སླེབས་ཏེ་སྙན་གྲགས་ཆེན་པོར་གྱུར་ཡོད་པ་རེད། གོམ་བགྲོད་སྣེ་ཁྲིད་གནང་མཁན་ Bhikkhu Pannakara དགེ་སློང་པཱ་ནྣཱ་ཀཱ་རཱ་ལགས་ཀྱིས་མཇུག་བསྡོམས་མཛད་སྒོའི་ཐོག་མང་ཚོགས་ལ་དྲན་པ་ཉེར་བཞག་ཉམས་ལེན་བྱེད་དགོས་པ་དང་། རྟག་ཏུ་བྱམས་བརྩེ་དང་སྙིང་རྗེ། བརྩེ་བ། མཐུན་སྒྲིལ། རེ་བ་བཅས་འདེམས་དགོས་པའི་སྐུལ་མ་གནང་བ་མ་ཟད། ཞི་བདེའི་གོམ་བགྲོད་དེ་ནི་ངོ་རྒོལ་ཞིག་མིན་ལ་ཆོས་ལུགས་འགྱུར་བཅོས་བྱེད་པ་ཞིག་ཀྱང་མིན། དེ་ནི་མི་མང་རྣམས་ཀྱི་ཁྲོད་གཞན་ལ་བྱམས་སྐྱོང་གི་སྐུལ་སློང་ཡོད་པ་དེ་བཞིན་དུ་རེ་བ་ཡང་གནས་ཡོད་པའི་དྲན་སྐུལ་ཞུ་ཆེད་ཡིན། རེ་བ་ནི་མཐའ་མའི་འོད་སྣང་དེ་ཡིན་ལ། དེ་ནམ་ཡང་དོར་རྒྱུ་མེད་ཅེས་གསུངས་འདུག

ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་ནས་བོད་ནང་གི་བཅའ་སྡོད་སློབ་གྲྭ་འཕྲལ་དུ་མཚམས་འཇོག་དགོས་པའི་བསྒྲགས་གཏམ་སྤེལ་འདུག

ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་ནས་བོད་ནང་གི་བཅའ་སྡོད་སློབ་གྲྭ་འཕྲལ་དུ་མཚམས་འཇོག་དགོས་པའི་བསྒྲགས་གཏམ་སྤེལ་འདུག

ཨ་རི་གྲོས་ཚོགས་ཀྱིས་སྔོན་རྩིས་ཁྲིམས་འཆར་ནང་ཆེས་ཐོག་མར་བོད་མིའི་སྒྲིག་འཛུགས་དེ་བཞིན་བཙན་བྱོལ་བོད་གཞུང་ལ་ངོས་འཛིན་གནང་འདུག

ཉེ་ཆར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་རྒྱབ་སྐྱོར་དང་ཟླ་བ་འདིའི་ཟླ་འགོར་སྲིད་འཛིན་ Trump གྱི་མཚན་རྟགས་བཀོད་པའི་ཨ་རི་གཞུང་གིས་རྩིས་ལོ་ ༢༠༢༦ ལོའི་སྔོན་རྩིས་ཁྲིམས་ཡིག་གི་ནང་དུ། ཐེངས་དང་པོར་བོད་མིའི་སྒྲིག་འཛུགས་དེ་བཞིན་ Tibetan Exile Government འམ་བཙན་བྱོལ་བོད་གཞུང་ལ་ངོས་འཛིན་གནང་རྒྱུ་ཡིན་པ་འཁོད་འདུག དེ་ཡང་ཁ་ཉིན་ཚེས་ ༩ ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝ་ནང་དུ་ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝ་བོད་དོན་གླེང་སྟེགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུངས་བཤད་གནང་བའི་ནང་དུ། ཉེ་ཆར་ཨ་རི་གཞུང་གིས་གཏན་འབེབས་གནང་བའི་ཡུལ་དེའི་ཕྱི་ལོ་ ༢༠༢༦ ལོའི་སྔོན་རྩིས་ཁྲིམས་ཡིག་ནང་དུ། ཨ་རི་གཞུང་གིས་ཆེས་ཐོག་མར་ Central Tibetan Administration འམ་བོད་མིའི་སྒྲིག་འཛུགས་དེ་བཞིན་བཙན་བྱོལ་བོད་གཞུང་ལ་ངོས་འཛིན་གནང་རྒྱུ་ཡིན་པའི་ཚིག་བརྗོད་འཁོད་ཡོད་པར་དགའ་ཚོར་ཆེན་པོའི་ཐོག་ཡོངས་གྲགས་གནང་བ་དང་སྦྲགས། ང་ཚོའི་ངོས་ནས་བོད་མིའི་སྒྲིག་འཛུགས་ལ་གཞུང་འབྲེལ་ངོས་འཛིན་ཐོབ་པར་ད་དུང་ལས་ཀ་བྱེད་རྒྱུ་མང་པོ་ཡོད་པའི་ཐོག་འབད་བརྩོན་གནང་མུས་དང་། མུ་མཐུད་ད་རེས་དེར་ཕེབས་པའི་བོད་དོན་རྒྱབ་སྐྱོར་བ་ཚོས་ཡུ་རོབ་ཀྱི་ནང་དུ་དེ་མཚུངས་ཀྱི་ངོས་འཛིན་ཐོབ་ཐབས་ཐོག་ཕྱག་ལས་གནང་དགོས་པ་གསུངས་འདུག རྩ་བའི་ཕྱི་ལོ་ ༡༩༨༨ ལོར་ཨ་རིའི་བོད་མིའི་སློབ་ཡོན་ལས་གཞི་ནས་འགོ་བཙུགས་རྗེས་རིམ་པས་ཨ་རི་གཞུང་གིས་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་རྣམས་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་དཔལ་འབྱོར་ཡར་རྒྱས། དེ་བཞིན་ཁོར་ཡུག་དང་ཆོས་རིག་སྲུང་སྐྱོབ། ཤེས་ཡོན་དང་འཕྲོད་བསྟེན་བཅས་ཀྱི་སླད་དུ་རོགས་དངུལ་གནང་རྒྱུ་དབུ་འཛུགས་གནང་བ་དང་། ཕྱི་ལོ་ ༢༠༠༢ ལོའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་བ་དང་འབྲེལ་ནས་ལོ་ལྟར་ཡུལ་དེའི་སྔོན་རྩིས་ནང་དུ་བོད་མིར་རོགས་དངུལ་གཏན་འབེབས་གནང་གི་ཡོད་པ་ལྟར། ཐེངས་འདིའི་སྔོན་རྩིས་གཏན་འཏེབས་ཁྲིམས་ཡིག་གི་ནང་དུའང་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག སྐད་ཡིག་དང་འཚོ་གནས་སོགས་སྲུང་སྐྱོབ་སླད་ཨ་རི་གཞུང་གིས་ཁྱོན་ཨ་སྒོར་ས་ཡ་ ༢༣ ཞིག་གནང་གཏན་ཁེལ་བའི་ནང་ནས་ཨ་སྒོར་ས་ཡ་ ༡༣ ཞིག་རྒྱ་གར་དང་བལ་ཡུལ་ནང་གི་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག འཕྲོས་བསྟེན། ཤེས་ཡོན། འཚོ་གནས། དེ་བཞིན་ནུས་པ་གོང་འཕེལ་བཅས་ཀྱི་ལས་དོན་སླད་དུ་བོད་མིའི་སྒྲིག་འཛུགས་ལ་གནང་རྒྱུ་ཡིན་པ་དང་། ཨ་སྒོར་ས་ཡ་ ༡༠ ཞིག་བོད་ནང་གི་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་དང་ཁོར་ཡུག་བཅས་སྲུང་སྐྱོབ་བཅས་ཀྱི་ལས་དོན་སླད་བོད་ནང་དུ་ཕྱག་ལས་གནང་མཁན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་སོགས་ལ་གནང་རྒྱུ་ཡིན་སྐོར་དེ་སྔ་ཕྱི་ལོ་ ༢༠༢༤ ལོར་ཨ་རིའི་རོགས་དངུལ་ལོ་གཅིག་ཆད་པའི་སྔོན་གྱི་སྔོན་རྩིས་ཁྲིམས་ཡིག་དང་གཅིག་མཚུངས་སུ་འཁོད་ཡོད་པ་རེད། ཁྲིམས་ཡིག་དེ་གའི་ནང་གསལ་རྒྱ་ནག་ལ་གདོང་ལེན་ལས་དོན་གྱི་རོགས་སྐྱོར་ཞེས་པའི་ནང་དུ། ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་གིས་ཡུལ་དེའི་གྲོས་ཚོགས་ཀྱི་འབྲེལ་ཡོད་ཚོགས་ཆུང་ལ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་དང་༸གོང་ས་མཆོག་༸གང་ཉིད་ཀྱི་སྐུ་ཚབ། ཡང་ན་བོད་མིའི་འོས་འདེམས་བྱས་པའི་འགོ་ཁྲིད་དབར་གྲོས་མོལ་ཐོག་ནས་བོད་དོན་ཐག་གཅོད་བྱུང་ཡོད་པ་སྙན་སེང་མ་ཞུས་བར་དུ། ཁྲིམ་ཡིག་དེའི་འོག་རོགས་དངུལ་གནང་བ་དེ་དག་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་བོད་ཀྱི་རང་སྐྱོང་ཁུལ་དང་ས་གནས་ཁག་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་ཚུལ་འཁོད་པའི་ཡིག་ཆ་དང་སྙན་ཐོ། ས་ཀྲ་སོགས་བཟོ་བསྐྲུན་དང་འདོན་སྤེལ་གནང་རྒྱུར་བེད་སྤྱོད་གཏོང་མི་ཆོག་པ་དང་། ཁྲིམས་ཡིག་འདི་ལག་བསྟར་སླད་བོད་མིའི་སྒྲིག་འཛུགས་དེ་བཞིན་བཙན་བྱོལ་བོད་གཞུང་ལ་ངོས་འཛིན་གནང་རྒྱུ་ཡིན་སྐོར་འཁོད་འདུག གཞི་རྩའི་ཨ་རི་གཞུང་གིས་ལོ་ལྟར་སྔོན་རྩིས་ཁྲིམས་ཡིག་ནང་དུ་བོད་མིར་རོགས་དངུལ་གནང་ཕྱོགས་དང་འབྲེལ་བའི་ཚིག་བརྗོད་འཁོད་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་ལ་བཙན་བྱོལ་བོད་གཞུང་དུ་ངོས་འཛིན་གནང་བའི་ཚིག་བརྗོད་བཀོད་མྱོང་མེད་པ་རེད། ཕྱོགས་མཚུངས་དེ་སྔ་ཕྱི་ལོ་་༢༠༠༢ ལོའི་བོད་དོན་རྒྱབ་སྐྱོར་ཀྱི་ཁྲིམས་ཡིག་དང་ཕྱི་ལོ་ ༢༠༢༠ ལོའི་བསྐྱར་བཅོས་ཁྲིམས་ཡིག་ཁག་གི་ནང་དུ་བོད་མིའི་སྒྲིག་འཛུགས་དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་སྐུ་ཚབ་ཡིན་པ་འཁོད་ཡོད་ཀྱང་། བཙན་བྱོལ་བོད་གཞུང་ཞེས་ད་ལན་ནང་བཞིན་གྱི་ཚིག་བརྗོད་བཀོད་མྱོང་མེད་པ་རེད་འདུག

༸གོང་ས་མཆོག་དང་ཇེ་ཧྥི་རི་ཨེབ་སི་ཊིན་བར་འབྲེལ་བ་ཡོད་ལུགས་དེ་རྒྱ་ནག་གི་རྫུན་བཟོ་བྱས་པ་ཞིག་ཡིན་པ་ཐེར་འདོན།  

ཇི་ནི་ཝའི་གླེང་སྟེགས་ཐེངས་ ༦ པའི་མཇུག་བསྡོམས་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་༸གོང་ས་མཆོག་དང་ཇེ་ཧྥི་རི་ཨེབ་སི་ཊིན་བར་འབྲེལ་བ་ཡོད་ལུགས་ཀྱི་འཁྱོག་བཤད་དེ་རྒྱ་ནག་གིས་བྱས་པ་ཞིག་ཡིན་པ་ཐེར་འདོན་གནང་འདུག དེ་ཡང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་སུད་སི་བོད་ཀྱི་སྐུ་ཚབ་དོན་ཁང་གཉིས་ཀྱི་གོ་སྒྲིག་འོག་སུད་སི་ཇི་ནི་ཝ་གྲོང་ཁྱེར་ནང་དུ། འདི་ཚེས་ ༩ དང་ ༡༠ བཅས་ཉིན་གྲངས་གཉིས་རིང་ཇི་ནི་ཝ་གླེང་སྟེགས་ཐེངས་དྲུག་པ་དེ་བསྐོང་ཚོགས་གནང་ཡོད་ཅིང་། ཉིན་གྲངས་གཉིས་རིང་གི་གླེང་སྟེངས་ཐོག་དྲག་གནོན་དང་གདོང་ལེན། རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷུག་པོ་གནང་ཡོད་པ་མ་ཟད། ཁ་སང་ཇི་ནི་ཝའི་གླེང་སྟེགས་ཐེངས་ ༦ པའི་མཇུག་བསྡོམས་མཛད་སྒོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ༸གོང་ས་མཆོག་དང་ཇེ་ཧྥི་རི་ཨེབ་སི་ཊིན་བར་འབྲེལ་བ་ཡོད་ལུགས་ཀྱི་འཁྱོག་བཤད་དེ་རྒྱ་ནག་གིས་བྱས་པ་ཞིག་ཡིན་པ་ཐེར་འདོན་གནང་འདུག  བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་བཞིན་པས་ཞི་བའི་དབུ་མའི་ལམ་གྱི་ཐབས་ལམ་ལ་རྒྱབ་སྐྱོར་གནང་དགོས་པའི་སྐུལ་མ་གནང་འདུག མ་ཟད་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཡོང་རྒྱུར་འབད་བརྩོན་གནང་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་ཕྱོགས་ནས་དབུ་མའི་ལམ་གྱི་ཐབས་བྱུས་ཐོག་གྲོས་མོལ་སླར་གསོ་ཡོང་བར་འབད་བརྩོན་གང་ཡང་བྱེད་ཀྱི་མེད་སྟབས།  གླེང་སྟེགས་དེ་ཉིད་ནང་མཉམ་ཞུགས་གནང་མཁན་རྒྱལ་ཁབ་ཁག་ ༢༦ གི་གཞུང་ཁག་ནས་བོད་རྒྱ་གྲོས་མོལ་སླར་གསོ་ཡོང་བར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་ཞུ་སྐུལ་གནང་འདུག དེ་བཞིན་རྒྱལ་ཁབ་ ༢༦ གྱི་གཞུང་ཁག་ངོས་ནས་ལོ་རྒྱུས་དངོས་ལ་རྒྱབ་སྐྱོར་གྱིས། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་ལོ་ ༡༩༥༡ ལོར་ཁྲིམས་འགལ་གྱིས་བོད་ནང་བཙན་འཛུལ་བྱས་པ་ལས་དེའི་སྔོན་ལ་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་གནང་གལ་ཆེ་བ་ཡིན་པ་དང་། བོད་དོན་ལ་མུ་མཐུད་སྔར་ལྷག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་ཞུ་སྐུལ་གནང་འདུག སྲིད་སྐྱོང་མཆོག་གིས་ད་དུང་། ཉེ་ལམ་རྒྱ་ནག་གཞུང་གི་རྒྱབ་སྐྱོར་ཡོད་པའི་གསར་འགྱུར་བརྒྱུད་ལམ་ཁག་གིས་དམིགས་ཡུལ་ངན་པ་འཛིན་ཏེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ཇེ་ཕི་རི་ཨེབ་སི་ཊིན་བར་འབྲེལ་བ་ཡོད་ལུགས་ཀྱི་གཞི་མེད་ཀྱི་བསྙོན་འཛུགས་བྱས་ཏེ་གནས་ཚུལ་སྤེལ་བཞིན་པ་གསལ་སྟོན་དང་འབྲེལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ད་བར་ཇེ་ཧྥེ་རི་ཨེབ་སི་ཊིན་དང་མཇལ་འཕྲད་གནང་མྱོང་མེད་པ་མ་ཟད། ༸གོང་ས་མཆོག་གི་མཚན་ཐོག་ནས་ཀྱང་ཁོང་དང་མཇལ་འཕྲད་དམ་བཀའ་མོལ་གནང་རྒྱུ་རིགས་གཏན་ནས་བྱུང་མྱོང་མེད་ཅེས་ནན་བརྗོད་གནང་འདུག དེ་འབྲེལ་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཡོངས་ཁྱབ་གསལ་བསྒྲགས་ཞིག་སྤེལ་ཟིན་ཡོད་པ་ལུང་འདྲེན་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་དཀའ་ཉེན་གདོང་ལེན་ཚོགས་ཆུང་དང་བཀའ་ཤག་ལྷན་རྒྱས་གྲོས་བསྡུར་གྱིས། ཨ་རི་ཁྲིམས་དོན་ལྷན་ཁང་ནས་སྤེལ་བའི་ཡིག་ཚགས་ལ་ཞིབ་འཇུག་ནན་པོ་གནང་འབྲས་སུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་དངོས་དང་༸གང་ཉིད་མཆོག་གི་མཚན་ཐོག་ནས་ཇེ་ཕི་རི་ཨེབ་སི་ཊིན་དང་ཐད་ཀར་མཇལ་འཕྲད་དམ་བཀའ་མོལ་བཅས་གནང་མྱོང་བའི་དཔང་རྟགས་གང་ཡང་རྙེད་སོན་བྱུང་མེད་པ་དང་།  ལྷག་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཇེ་ཕི་རི་ཨིབ་སི་ཊིན་བར་མཇལ་འཕྲད་དང་འབྲེལ་ལམ་ཡོད་པའི་གནས་ཚུལ་སྤེལ་བ་རྣམས་གཞི་མེད་རྫུན་བཟོ་བྱས་པ་ཤ་སྟག་ཡིིན་པ་གསུངས་འདུག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ཇེ་ཕི་རི་ཨིབ་སི་ཊིན་བར་མཇལ་འཕྲད་བྱུང་བའི་གཞི་མེད་བསྙོན་འཛུགས་ལ་དགག་ལན་གྱི་གསལ་བསྒྲགས་ཞིག་སྤེལ་ཡོད་པའི་ནང་། དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་ཀམ་པུ་ཊར་སྡེ་ཚན་ནས་ཨེབ་སི་ཊིན་གྱི་ཡིག་ཚགས་ལ་དབྱེ་ཞིབ་དང་ཞིབ་འཇུག་ནན་པོ་གནང་འབྲས་སུ།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མགོན་པོ་༸གང་ཉིད་མཆོག་གི་མཚན་ཐོག་ནས་ཇེ་ཕི་རི་ཨེབ་སི་ཊིན་དང་ཐད་ཀར་མཇལ་འཕྲད་དམ་བཀའ་མོལ་བཅས་གནང་མྱོང་བའི་དཔང་རྟགས་གང་ཡང་རྙེད་སོན་བྱུང་མེད་པ་དང་། ཨེབ་སི་ཊིན་གྱི་ཡིག་ཚགས་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བའི་གནས་ཚུལ་རྣམས་མི་གཞན་ཞིག་གིས་བརྗོད་པ་ཞིག་དང་། གཞུང་འབྲེལ་མ་ཡིིན་པ། ཚོད་དཔག འཕྲོས་བཤད་ཙམ་ཡིན་པས། གནས་ཚུལ་དེ་དག་ལས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཇེ་ཕི་རི་ཨིབ་སི་ཊིན་བར་མཇལ་འཕྲད་དང་བཀའ་མོལ། འབྲེལ་ལམ་བཅས་བྱུང་བའི་ཁུངས་སྐྱེལ་ར་སྤྲོད་བྱས་ཐུབ་ཀྱི་མེད་ཅེས་ཐག་གཅོད་གནང་འདུག ཕྱོགས་མཚུངས་གནས་ཚུལ་དེ་དག་རྫུན་མ་ཡིན་པར་བརྟེན་རྒྱལ་སྤྱིའི་ནང་མིང་གྲགས་ཡོད་པའི་གསར་འགྱུར་བརྒྱུད་ལམ་ཁག་དང་། ལྷག་པར་ཨ་རི་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་ནས་འཁྱོག་བཤད་ཀྱི་གནས་ཚུལ་ལ་རྒྱབ་སྐྱོར་མཚོན་པའི་གནས་ཚུལ་གང་ཡང་སྤེལ་མེད་ཅེས་བཀོད་དེ། གནས་ཚུལ་དག་ལ་རྫུན་བཟོ་དང་འཁྱོག་བཤད་ཤུགས་ཆེ་བྱེད་བཞིན་པའི་དུས་སྐབས་འདིར། རང་དབང་ལྡན་པའི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་ཁག་ལ་ཞིབ་འཇུག་ནན་པོ་གནང་སྟེ། བསམ་སྦྱོར་ངན་པས་དཀྲོག་གཏམ་དང་གཞི་མེད་སྐྱོན་འཛུགས་བྱེད་མཁན་གྱི་ཚོགས་པ་ཁག་གི་ལག་ཆར་མ་སོང་བ་བྱ་དགོས་པའི་འབོད་སྐུལ་ཞུས་འདུག

སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་ཇི་ནི་ཝ་བོད་དོན་གླེང་སྟེགས་ཐེངས་ ༦ བསྐོང་ཚོགས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག་ Geneva ཇི་ནི་ཝ་བོད་དོན་གླེང་སྟེགས་ཐེངས་དྲུག་པ་དེ་ཚོགས་འདུག་པ་དང་། ཐེངས་འདིའི་གླེང་སྟེགས་དེ་བཞིན་དྲག་གནོན་དང་གདོང་ལེན། རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་བོད་སོགས་ས་ཁུལ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཞེས་པའི་བརྗོད་གཞིའི་ཐོག་ཚོགས་ཡོད་ཅིང་། དེའི་ཐོག་འཛམ་གླིང་རྒྱལ་ཁབ་ ༢༦ གི་འཐུས་མི་ལྷན་འཛོམས་གནང་འདུག དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་སུད་སི་བོད་ཀྱི་སྐུ་ཚབ་དོན་ཁང་གཉིས་ཀྱི་གོ་སྒྲིག་འོག་སུད་སི་ཇི་ནི་ཝ་གྲོང་ཁྱེར་ནང་དུ། ཁ་སང་ཚེས་ ༩ དང་དེ་རིང་ཚེས་ ༡༠ བཅས་ཉིན་གྲངས་གཉིས་རིང་ཇི་ནི་ཝ་གླེང་སྟེགས་ཐེངས་དྲུག་པ་དེ་ཚོགས་འདུག་པ་དང་། ཐེངས་འདིའི་གླེང་སྟེགས་ཐོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཟུར་པ་ལྕམ་སྐུ་ Uzra Zeya ཨ་ཛ་ར་ཛིཡ་ལགས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲངས་ཉུང་མི་རིགས་ཀྱི་གནད་དོན་དང་འབྲེལ་བའི་དམིགས་བསལ་ཆེད་མཁས་པ་ Nicolas Levrat ནི་ཁོ་ལསི་ལགས། སུད་སི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Laurence Fehlmann Reille རེ་ལི་ལགས། Mexico མེཁ་སི་ཁོའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Paloma Dominguez པ་ལོ་མ་ལགས། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས Pavel Fischer ཕེ་ཝལ་ལགས། འཇར་མ་ནིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Michael Brand  མེ་ཁལ་ལགས། ཇི་ནི་ཝ་ལྷན་ཚོགས་ཀྱི་ཚོགས་གཞོན་ Dilara Bayrak བྷེ་རཀ་ལགས་སོགས་བོད་མིས་གཙོས་པའི་རྒྱལ་ཁབ་ཁག་ ༢༦ ནས་ཕེབས་པའི་གནད་ཡོད་མི་སྣ་དང་མཁས་པ། ཟུར་ཉན་པ་ཁག་གཅིག་ནས་བརྗོད་གཞི་ཁག་བཞིའི་ཐོག་བགྲོ་གླེང་དང་། དམིགས་བསལ་ཚོགས་འདུ་གཉིས་ནང་མཉམ་ཞུགས་གནང་གི་ཡོད་འདུག ཁ་སང་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བོད་ནང་དུ་བོད་མི་རྣམས་ལ་འཕྲད་བཞིན་པའི་དྲག་གནོན་དང་གདུག་རྩུབ་ཀྱི་དཀའ་ངལ་བཤད་ས་མེད་པ་དང་། རྒྱལ་ཚོགས་ལྟ་བུ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་མིའི་འབོད་སྒྲ་སྒྲོག་ས་མེད་པའི་རྐྱེན་གྱིས་ཇི་ནི་ཝ་གླེང་སྟེགས་འདི་དབུ་འཛུགས་གནང་ཡོད་པ་དྲན་གསོ་དང་སྦྲགས། དེང་སྐབས་རྒྱལ་སྤྱིའི་ཐོག་རྙོག་གླེང་གི་ཁོར་ཡུག་ཁྲོད་རྒྱལ་ཚོགས་ལྟ་བུའི་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་གྲུབ་ཆའི་ཞན་ཆ་གསལ་སྟོན་གྱིས་ད་ལྟའི་རྙོག་གླེང་ཅན་གྱི་རྒྱལ་སྤྱིའི་ཁོར་ཡུག་འདིའི་ཁྲོད་རྒྱལ་ཚོགས་ཀྱི་སྒྲོམ་གཞི་ལ་བཅོས་བསྒྱུར་དགོས་ངེས་ཡིན་པ་གསུངས་འདུག ལྷག་པར་དུ་སྲིད་སྐྱོང་མཆོག་གིས་བོད་དེ་བཞིན་རྒྱ་ནག་གི་ཁྲིམས་འགལ་བཙན་བཟུང་མ་བྱས་གོང་དུ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་སྐོར་དང་འབྲེལ། ཉེ་ལམ་སློབ་དཔོན་ལའོ་ལགས་ཀྱིས་ཨིན་ཡིག་ཐོག་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་དཔེ་དེབ་འདོན་སྤེལ་གནང་བ་ལུང་འདྲེན་དང་། ཁོང་གི་ཕྱག་དེབ་ནང་དུ་རྒྱ་ནག་རང་གི་ལོ་རྒྱུས་ཡིག་ཆ་གཞིར་བཞག་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་བོད་དེ་རྒྱ་ཁོངས་ཡིན་པའི་འཁྱོག་བཤད་ཐེར་འདོན་གནང་གི་ཡོད་པ་གསུངས་འདུག ཁོང་གི་ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་མཛད་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཏན་འབེབས་གནང་བའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཡུན་རིང་ནས་གནས་པའི་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་ཐབས་ལམ་ཡག་ཤོས་དེ་ཡིན་པ་གསུངས་འདུག སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཇི་ནི་ཝ་གླེང་སྟེགས་ཐེངས་དྲུག་པའི་དམིགས་ཡུལ་དང་གལ་གནད་ངོ་སྤྲོད་གནང་བའི་ཁྲོད། ཇི་ནི་ཝ་དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རྙིང་དབུས་སུ་གནས་ཡོད་པ་ལྟར། ཚོགས་འདུ་དེ་དམིགས་བསལ་གལ་ཆེན་པོ་ཆགས་ཀྱི་ཡོད་སྐོར་དང་འབྲེལ། ང་ཚོ་ད་རེས་གློ་བུར་དུ་ཐུག་འཕྲད་བྱུང་བ་མ་ཡིན་པར་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཆོད་སེམས་བརྟན་པོ་ཞིག་གི་ཐོག་ནས་འདིར་འཛོམས་ཡོད་པ་གསུངས་ཏེ། ད་རེས་ཚོགས་ཁང་ནང་དུ་རྒྱལ་ཁབ་འདྲ་མིན་གྱི་འབོད་སྒྲ་ཐོས་རྒྱུ་ཡོད་པ་དེས། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ནི་གོ་ལ་སྤྱི་ལ་ཁྱབ་པའི་གནད་དོན་ཡིན་པ་གསལ་སྟོན་གནང་གི་ཡོད་གསུངས་འདུག

Latest news