Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

དབྱིན་ཡུལ་ནང་རྒྱ་ནག་གིས་བཟོས་བའི་སོ་ལྟའི་བརྙན་མིག་བེད་སྤྱོད་གཏོང་བཞིན་པར་སྐྱོན་བརྗོད།

ཁ་སང་། དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Free Tibet ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། དེ་བཞིན་Big Brother Watch ཞེས་པའི་སྤྱི་མང་རང་དབང་ཚོགས་པ་གཉིས་ཀྱིས་ཉམས་ཞིབ་བྱས་ཏེ་ཤེས་རྟོགས་བྱུང་བ་ལྟར་ན། དབྱིན་ཡུལ་གྱི་གྲོང་སྡེ་ལས་ཁུངས་ཁག་ ༢༧༥ ལྷག་གིས་རྒྱ་ནག་གཞུང་འབྲེལ་གྱི་Hikvision བཟོ་ལས་ཁང་གིས་བཟོ་སྐྲུན་བྱས་པའི་བརྙན་མིག་གི་འཕྲུལ་ལས་རིགས་བེད་སྤྱོད་གཏོང་བཞིན་པར་ཡོང་གྲགས་དང་འབྲེལ། བརྙན་མིག་འཕྲུལ་ལས་ཀྱི་རིགས་དེ་དག་ནི་རྒྱ་ནག་གིས་བོད་མི་དང་ཡུ་གུར་ཁ་ཆེ་མི་རིགས་དྲག་གནོན་བྱེད་པར་བེད་སྤྱོད་གཏོང་བཞིན་པའི་འཕྲུལ་ལས་ཡིན་པར་སྐྱོན་བརྗོད་གནང་འདུགདེ་ཡང་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་Big Brother Watch ཚོགས་པ་གཉིས་ཀྱིས་སྨྲ་བརྗོད་རང་དབང་གི་གནད་དོན་དང་འབྲེལ་དབྱིན་ཡུལ་གྱི་གྲོང་སྡེ་ལས་ཁུངས་ཁག་ཡོངས་ལ་དྲི་བ་རིམ་པ་བཏང་རྗེས་གྲོང་སྡེ་ལས་ཁུངས་མང་ཆེ་བས་རྒྱ་ནག་གི་ Hikvision བཟོ་ལས་ཁང་གིས་བཟོ་སྐྲུན་བྱས་པའི་བརྙན་མིག་གི་འཕྲུལ་ལས་བེད་སྤྱོད་གཏོང་གི་ཡོད་པར་ངོས་ལེན་བྱས་ཡོད་པ་དང་། དེའི་ཁོངས་སུ་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་ནང་གི་གྲོང་སྡེ་ལས་ཁུངས་༣༢ ལས་༡༩ དང་ Scotland ནང་གི་གྲོང་སྡེ་ལས་ཁུངས་ཁག་ཡོང་རྫོགས་ཀྱིས་རྒྱ་ནག་གིས་བཟོ་སྐྲུན་བྱས་པའི་བརྙན་མིག་བེད་སྤྱོད་གཏོང་གི་ཡོད་པ་མངོན་གསལ་གནང་འདུག ལོན་ཊོན་གྱི་Tower Hamlets འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ནས་རྒྱ་ནག་གིས་བཟོ་སྐྲུན་བྱས་པའི་བརྙན་མིག་དེ་དག་བེད་སྤྱོད་བྱེད་ཀྱི་མེད་སྐོར་གསུངས་འདུག སྤྱིར་Tower Hamletsནི་རྒྱ་ནག་གིས་གཞུང་ཚབ་ཁང་གསར་རྒྱག་བྱས་སའི་ས་ཁུལ་ཞིག་ཆགས་ཀྱི་ཡོད་པ་དང་། གྲོང་སྡེ་ལྷན་ཚོགས་དེའི་ངོས་ནས་རྒྱ་ནག་གི་གཞུང་ཚབ་ཁང་གི་ཉེ་འགྲམ་གྱི་སྲང་ལམ་ཁག་ལ་རྒྱ་ནག་གིས་དྲག་གནོན་བྱས་པའི་མི་མང་གི་ཆེ་མཐོང་དང་འབྲེལ་བའི་མཚན་གནས་གསར་བ་ཞིག་འདོགས་རྒྱུར་དགོངས་བཞེས་གནང་བཞིན་ཡོད་པ་རེད། Free Tibet བོད་དོན་རྒྱབ་སྐྱོར་ཚོགས་པས་ངོས་ནས་དབྱིན་ཡུལ་གྱི་ཕྱི་སྲིད་བློན་ཆེན་གྱི་མཚན་ཐོག་ཏུ་རྒྱ་ནག་གཞུང་འབྲེལ་གྱི་Hikvision བཟོ་ལས་ཁང་གིས་བཟོ་སྐྲུན་བྱས་པའི་བརྙན་མིག་དེ་དག་ཡུལ་དེའི་ནང་ཚོང་ལས་བྱ་རྒྱུར་འཕྲལ་དུ་བཀག་སྡོམ་བྱེད་དགོས་བའི་ཞུ་སྙན་ཞིག་ཕུལ་ཡོད་པའི་ནང་དུ། དབྱུལ་ཡུལ་གྱི་ལས་ཁུངས་ཁག་གིས་རྒྱ་ནག་གིས་བཟོ་སྐྲུན་བྱས་པའི་འཕྲུལ་ལས་དེ་དག་བེད་སྤྱོད་བྱས་པ་ཡིན་ན། ཤུགས་ནས་དབྱིན་གཞུང་གིས་མི་མང་གི་ཁྲལ་བསྡུ་བརྒྱུད་ནས་རྒྱ་ནག་གིས་བོད་ཁུལ་དང་ཤིན་ཅང་གི་ནང་དུ་དྲག་གནོན་བྱེད་བཞིན་པ་དེར་རྒྱབ་སྐྱོར་བྱས་པ་ཞིག་ཆགས་ཀྱི་ཡོད་པར་མངོན་གསལ་གྱིས། དབྱིན་ཡུལ་ཁུལ་དུ་གང་མགྱོགས་བཟོ་ལས་ཁང་དེའི་བརྙན་མིག་འཕྲུལ་ཆས་རྣམས་བཀག་སྡོམ་བྱེད་དགོས་བར་རེ་ཞུ་ནན་སྐུལ་གནང་འདུག སྤྱིར་རྒྱ་ནག་གིས་བོད་དང་ཤིན་ཅང་གི་ནང་ཐབས་ཤེས་སྣ་མང་གི་སྒོ་ནས་གསང་ཉུལ་ལྟ་ཞིབ་ཀྱིས་དྲག་གནོན་ཆེས་ཆེར་བྱེད་བཞིན་པའི་ཁྲོད། རྒྱ་ནག་གཞུང་འབྲེལ་གྱི་བཟོ་གྲྭ་Hikvision ཟེར་བ་དེ་ནི་དྲག་གནོན་གྱི་སྲིད་བྱུས་དེར་རྒྱབ་སྐྱོར་ཤུགས་ཆེར་བྱེད་མཁན་གྱི་བཟོ་ལས་ཁང་ཞིག་ཆགས་ཡོད་པ་དང་། བཟོ་ལས་ཁང་དེའི་བརྙན་མིག་འཕྲུལ་ལས་རྣམས་བརྒྱུད་ནས་པར་རིས་དང་བརྙན་ཕབ་རྣམས་མི་མང་གི་ཤེས་རྟོགས་མེད་པའི་སྒང་ནས་རྒྱ་ནག་གི་ནང་དུ་བརྒྱུད་གཏོང་བྱེད་བཞིན་པའི་གནད་དོན་ཕྱིར་གྱུར་བྱུང་བ་ལྟར། ཨ་རིའི་སྲིད་གཞུང་དང་དབྱིན་ཡུལ་གྱི་བདེ་སྲུང་བློན་ཆེན་ལས་ཁུངས་ནས་ཁུལ་དེར་རྒྱ་ནག་གི་བཟོ་ལས་ཁང་དེའི་བརྙན་མིག་རྣམས་བེད་སྤྱོད་གཏོང་མཚམས་འཇོག་དགོས་བར་བསྒྲགས་ཡོད་ཀྱང་། ད་ལྟའང་དབྱུལ་ཡུལ་དུ་གཞུང་འབྲེལ་གྱི་ལས་ཁུངས་ཁག་མང་དག་ཅིག་གིས་བརྙན་མིག་དེ་དག་བེད་སྤྱོད་གཏོང་བཞིན་ཡོད་པ་རེད།

Fight Club ཞེས་པའི་གློག་བརྙན་གྱི་ལེའུ་མཐའ་མའི་དུམ་མཚམས་བསྐྱར་སྒྲིག་བྱེད་དགོས་བྱུང་འདུག

ཟླ་བ་སྔོན་མར་རྒྱ་ནག་གི་ Tencent ཚོང་ལས་ཁང་གིས་མང་ཚོགས་ནས་གཟིགས་རྒྱུ་ཡོད་པའི་སྤྱི་ཚོགས་བདེ་ཐབས་དང་འབྲེལ་བའི་ཨ་རིའི་གློག་བརྙན་གྲགས་ཅན་ Fight Club ཞེས་པའི་ལེའུ་མཐའ་མར་གཅོད་སྒྲིག་བྱས་པའི་ཚབ་ཏུ་དབང་ལྡན་ཉེན་རྟོག་པར་རྒྱལ་ཁ་ཐོབ་ཡོད་ཚུལ་བཀོད་ནས་མཇུག་སྡོམ་བྱས་པར་གློག་བརྙན་ངོ་མ་ལྟ་མྱོང་མཁན་གྱི་མང་ཚོགས་དང་གྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་། གློག་བརྙན་གྱི་སྒྲུང་གཞི་ངོ་མ་རྩོམ་མཁན། དེ་བཞིན་གྲོས་ཚོགས་འཐུས་མི་བཅས་ཀྱིས་སྐྱོན་བརྗོད་ཤུགས་ཆེར་གནང་ཡོད་སྟབས། ད་ཆ་ཚོང་ལས་ཁང་གིས་དེ་སྔ་གཅོད་སྒྲིག་བྱས་པའི་མཐའ་མའི་སྐར་མ་ ༡༢ ཙམ་གྱི་ལེའུ་ནས་ སྐར་མ་ ༡༡ བསྐྱར་སྒྲིག་གིས་མང་ཚོགས་ལ་གཟིགས་རྒྱུ་ཡོད་པ་བཟོས་འདུག ལྷོ་རྒྱ་ནག་གི་ཞོགས་པའི་ཆ་འཕྲིན་ལ་གསལ་བར་ད་ལྟའང་གློག་བརྙན་དེའི་ནང་དམར་ཧྲང་འདོན་པའི་བརྙན་གཟིགས་མ་འོས་པ་ཁག་ཅིག་ཚང་གི་མེད་པར་བཤད་འདུགགློག་བརྙན་དངོས་ཀྱི་ལེའུ་མཐའ་མར་སྤྱི་ཚོགས་བདེ་ཐབས་ཀྱི་གནད་དོན་དང་འབྲེལ་ནས་འབར་རྫས་ཀྱིས་ཁང་པ་མ་གཏོར་གོང་གི་གློག་བརྙན་དེའི་ནང་སྒྲུང་བཤད་མཁན་ Edward Norton གྱིས་ཁོང་རང་ཉིད་ཀྱི་བསམ་བློའི་ནང་གི་མི་སྣ་གློག་བརྙན་ཁྲབ་སྟོན་པ་ Brad Pitt བསད་པའི་རྣམ་པ་ཡོད་ཀྱང་། རྒྱ་ནག་གིས་བཅོས་སྒྲིག་བྱས་པའི་མཐའ་མཇུག་གི་ལེའུ་ནང་དབང་འཛིན་མི་སྣ་ཉེ་རྟོག་པས་འཆར་གཞི་ཡོད་ཚད་ཤེས་ཡོད་ཚུལ་དང་འབར་རྫས་གས་ མ་བཅུག་པར་ནག་ཉེས་ཅན་གྱི་མི་སྣ་རྣམས་འཛིན་བཟུང་གིས་ཁྲིམས་ཐག་བཅད་པ་མ་ཟད། ཁོང་གིས་ཁྲབ་སྟོན་བྱས་པའི་ Tyler Durden དེ་སྨྱོན་ཁང་ཞིག་ཏུ་ནད་གསོའི་སླད་བཏང་སྟེ་ ༢༠༡༢ ལོར་དྲག་སྐྱེད་བྱུང་ཡོད་ཚུལ་གྱི་བརྡ་ལན་ཞིག་ཆེད་བཀོད་ཀྱིས་གློག་བརྙན་མཇུག་སྒྲིལ་ཡོད་པ་རེད་འདུག གློག་བརྙན་ Fight Club གྱི་སྒྲུང་གཞི་ངོ་མ་དེ་ ༡༩༩༦ ལོར་རྩོམ་པ་པོ་ Chuck Palahniuk ཡིས་སྤྱི་ཚོགས་ཀྱི་དངོས་བྱུང་གནས་སྟངས་དང་འབྲེལ་ནས་བྲིས་པའི་བརྩམ་སྒྲུང་ཞིག་ཡིན་པ་དང་། རྩོམ་པ་པོ་ Chuck ལགས་ཀྱིས་རྒྱ་ནག་གིས་བཅོས་སྒྲིག་བྱས་པའི་གློག་བརྙན་ལ་ཧང་སང་ཡོད་པ་མ་ཟད། རྒྱ་ནག་ལ་ཟུར་ཟ་དང་སྦྲགས་ཏེ་རྒྱ་ནག་ནང་དུ་ལེའུ་མཐའ་མ་དེ་དགའ་པོའི་ངང་ནས་མཇུག་སྒྲིལ་ཡོད་པར་བཤད་འདུག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གི་བྱེད་བབ་དེས་རྒྱ་ནག་གི་སྤྱི་ཚོགས་ནང་དུ་དཀའ་ངལ་ཆེན་པོ་དང་མི་དྲང་བའི་ཁྲིམས་ཀྱི་དབང་བསྒྱུར་ཤུགས་ཆེན་པོ་ཡོད་པའི་མཚོན་རྟགས་ཤིག་ཡིན་པ་བརྗོད་འདུགདེ་བཞིན་དབྱིན་ཇིའི་ BBC བརྙན་འཕྲིན་ལས་ཁང་གིས་དེ་སྔ་རྒྱ་ནག་ནང་ Friends: The Reunion special ཞེས་པའི་གློག་བརྙན་རྒྱང་སྲིང་སྐབས་གློག་བརྙན་དངོས་ནང་དེ་སྔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་པའི་རྐྱེན་གྱིས་རྒྱ་ནག་ནང་ཕེབས་རྒྱུར་བཀག་སྡོམ་བྱས་པའི་གཞས་མ་གྲགས་ཅན་ Lady Gaga ཡོད་པའི་དུམ་བུ་མཚམས་ཤིག་གཅོད་སྒྲིག་བྱས་ཡོད་པ་ལུང་འདྲེན་དང་འབྲེལ། སྤྱིར་རྒྱ་ནག་ཏུ་ཆབ་སྲིད་དང་རིག་གཞུང་ཐད་ཚོར་བ་རྣོ་བའི་གནད་དོན་གྱི་རྐྱེན་གྱིས་གློག་བརྙན་བཀག་སྡོམ་སོགས་བྱས་དང་བྱེད་བཞིན་པ་དེ་ནི་རྒྱུན་ལྡན་གྱི་གནད་དོན་ཞིག་ཡིན་པ་དེ་ལྟར་ནའང་། གློག་བརྙན་གྱི་མཐའ་མའི་ལེའུ་གཅོད་སྒྲིག་གིས་སྒྲུང་ལ་བསྒྱུར་བཅོས་བྱས་པ་དང་ལྷག་དོན་གཅོད་སྒྲིག་བྱས་ཟིན་པ་ཞིག་སླར་བསྐྱར་བཟོ་བྱས་པ་དེ་དཀོན་པོ་ཡིན་པར་བཤད་ཡོད།

ཡུ་རོབ་རྒྱལ་ཁབ་ཁག་ཏུ་བོད་ནང་གི་གྲོང་སྡེ་བདག་སྐྱོང་ལས་འགུལ་རྒྱ་སྐྱེད་སྐོར་གྱི་བགྲོ་གླེང་།

ཉེ་ཆར་ཡུ་རོབ་རྒྱལ་ཁབ་ཁག་གི་གྲོང་སྡེ་དང་གྲོང་གསེབ་བཅས་ཀྱིས་བོད་ནང་གི་གྲོང་སྡེ་དང་གྲོང་གསེབ་ཁག་བདག་སྐྱོང་གི་ལས་འགུལ་རྒྱ་སྐྱེད་སྐོར་གྱི་བགྲོ་གླེང་ཞིག་གནང་འདུགཕྱི་ཟླ་ ༢ ཚེས་ ༥ ཉིན་ཕ་རན་སི་ལྷོ་ནུབ་ཁུལ་དུ་ཆགས་པའི་ Salles sur Garonne གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ Jean Louis Halioua ལགས་ཀྱིས་གོ་སྒྲིག་གནང་དེ་སྔ་ཕ་ར་རན་སི་ནང་གི་གྲོང་སྡེ་དང་གྲོང་གསེབ་བཅས་ཀྱིས་ Town adoption Campaign ཞེས་བོད་ནང་གི་གྲོང་སྡེ་དང་གྲོང་གསེབ་ཁག་བདག་སྐྱོང་གནང་རྒྱུའི་ལས་འགུལ་དབུ་འཛུགས་གནང་བ་དེ་ད་ཆ་བསྐྱར་གསོ་དང་ཡུ་རོབ་རྒྱལ་ཁབ་གཞན་ཁག་ཏུ་རྒྱ་སྐྱེད་གནང་ཕྱོགས་སྐོར་གྱི་དྲ་ལམ་བགྲོ་གླེང་ཞིག་གནང་འདུག་པ་དང་། སྤྱི་ཁྱབ་པ་སྐུ་ཞབས་ཁོང་གིས་མགྲོན་འབོད་ཐོག་སྦེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་རིག་འཛིན་ལགས་གཙོས་ཕ་རན་སི་བོད་རིགས་ཚོགས་པའི་ཚོགས་གཙོ་དང་རྡོ་རྗེ་རྣལ་འབྱོར་མའི་ཆོས་ཚོགས་ཀྱི་འགན་འཛིན་ཟུར་པ། དེ་བཞིན་ཕ་རན་སི་ལྷག་དཀར་ཚོགས་པའི་ཚོགས་གཞོན་བཅས་མཉམ་ཞུགས་གནང་འདུགལས་འགུལ་དེ་ཐོག་མ་ཕྱི་ལོ་ ༢༠༠༨ ལོར་ཕ་ར་རན་སིའི་ Salles sur Garonne གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ Jean Louis Halioua ལགས་དང་ཕ་རན་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཟུང་འབྲེལ་ཐོག་དབུ་འཛུགས་ཤིང་། སྐབས་དེར་ཕ་རན་སིའི་གྲོས་ཚོགས་འཐུས་མི་གྲངས་ ༡༨༩ དང་གྲོས་ཚོགས་གོང་མའི་འཐུས་མི་གྲངས་ ༦༧ ནས་རྒྱབ་སྐྱོར་གནང་འདུག འོན་ཀྱང་ལས་འགུལ་དེ་ཕྱི་ལོ་ ༢༠༡༠ ལོར་དངོས་སུ་ལག་བསྟར་གནང་ནས་ཕ་རན་སིའི་ Salles sur Garonne གྲོང་སྡེ་ནི་བོད་ཀྱི་ལྷ་རྩེ་གྲོང་གསེབ་བདག་སྐྱོང་གནང་མཁན་ཐོག་མ་དེ་ཆགས་ཡོད། དྲ་ཐོག་གི་བགྲོ་གླེང་ཐོག་སྐུ་ཞབས་ཇེན་ལོ་ཡི་སི་ལགས་ཀྱིས་ལས་འགུལ་དེའི་སྐོར་འགྲེལ་བཤད་ཞིབ་རྒྱས་གནང་བ་དང་། ལས་འགུལ་དེ་དང་འབྲེལ་བའི་ཡིག་ཆ་ཁག་གི་སྐོར་ཚོགས་བཅར་བ་ཡོངས་ལ་ངོ་སྤྲོད་གནང་སྐབས་སྦེལ་ཇམ་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་རིག་འཛིན་ལགས་ཀྱིས་ལས་འགུལ་དེར་དགའ་བསུ་ཞུས་པ་དང་སྦྲགས་ཏེ་སྐུ་ཚབ་དོན་ཁང་གི་ངོས་ནས་ལས་གཞི་དེར་རྒྱབ་སྐྱོར་གྱི་ཚུལ་དུ་ལས་འགུལ་དེ་དང་འབྲེལ་བའི་པར་རིས་ལྡན་པའི་དེབ་ཆུང་ཞིག་དཔར་བསྐྲུན་ཞུ་རྒྱུ་ཡིན་སྐོར་དང་། དེ་བཞིན་སྐུ་ཚབ་དོན་གཅོད་ཁང་གིས་ལོ་རྟག་པར་གསུམ་བཅུ་དུས་དྲན་སྔོན་གྲོང་སྡེ་ཁག་ལ་བོད་ཀྱི་རྒྱལ་དར་འགྲེམས་སྤེལ་གནང་གི་ཡོད་པ་སོགས་ཀྱི་སྐོར་སྙན་སེང་ཞུས་ཡོད།གསར་འགོད་པས་རིག་འཛིན་ལགས་སུ་རྒྱ་གཞུང་གིས་ཆེས་དམ་དྲག་འོག་བོད་ནང་གི་གྲོང་སྡེ་དང་གྲོང་གསེབ་ཁག་བདག་སྐྱོང་གནང་རྒྱུའི་ལས་འགུལ་ལག་བསྟར་གནང་ཕྱོགས་དང་འབྲེལ་བའི་བཅར་འདྲི་ཞུས་པར་ད་ཆ་རྒྱ་གཞུང་གིས་བོད་ནང་བོད་མིའི་ཆོས་རིག་སྐད་ཡིག ངོ་བོ་བཅས་པ་རྩ་བརླག་གཏོང་བཞིན་པའི་མཚམས་སུ་ཡུ་རོབ་རྒྱལ་ཁབ་ཁག་གི་གྲོང་སྡེ་དང་གྲོང་གསེབ་བཅས་ཀྱིས་དབུ་འཛུགས་གནང་བའི་བོད་ནང་གི་གྲོང་སྡེ་བདག་སྐྱོང་གནང་རྒྱུའི་ལས་འགུལ་དེ་གལ་ཆེན་ཆགས་ཀྱི་ཡོད་པ་དང་། ལས་འགུལ་དེའི་ཆེད་དུ་བོད་ནང་བསྐྱོད་ཐབས་བྲལ་ནངའ་ལས་འགུལ་དེའི་ཐོག་ནས་ཕ་རན་སི་གཙོ་བོར་གྱུར་པའི་ཡུ་རོབ་རྒྱལ་ཁབ་ཁག་ནས་རྒྱ་གཞུང་ལ་བོད་ནང་གི་ཆབ་སྲིད་གནད་དོན་ལ་ཐུགས་སྣང་ཡོད་པ་དང་བོད་མིར་ང་ཚོའི་ངོས་ནས་ཁྱེད་རྣམས་བརྗེད་མེད་ཅེས་པའི་བརྡ་ལན་གསལ་པོ་ཞིག་གནང་བ་ཆགས་ཡོད་པར་གསུངས་གསུངས་སོང་། རྩ་བའི་ཕ་རན་སི་གཙོ་གྱུར་ཡུ་རོབ་རྒྱ་ཁག་གི་གྲོང་སྡེ་དང་གྲོང་གསེབ་བཅས་ཀྱིས་བོད་ནང་གི་གྲོང་སྡེ་དང་གྲོང་གསེབ་བདག་སྐྱོང་གནང་རྒྱུའི་ལས་འགུལ་འོག་ཕྱི་ལོ་ ༢༠༡༠ ནས་བཟུང་ད་བར་བོད་ནང་གི་ལྷ་རྩེས་གཙོས་པའི་གཞིས་རྩེ་དང་ལི་ཐང་སོགས་ཀྱི་ནང་གྲོང་སྡེ་དང་གྲོང་གསེབ་ཁྱོན་ ༧༦ ལ་བདག་སྐྱོང་གནང་ཡོད།    

རྒྱ་གར་གཞུང་གིས་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཐོག་ཕྱི་འབྲེལ་མི་སྣ་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ་བ།

རྒྱ་གར་གཞུང་གིས་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་སྒོ་འབྱེད་དང་མཇུག་སྡོམ་མཛད་སྒོ་གཉིས་ཀྱི་ཐོག་ཡུལ་དེའི་ཕྱི་འབྲེལ་མི་སྣ་མཉམ་ཞུགས་གནང་གི་མེད་སྐོར་ཡོངས་གྲགས་གནང་འདུགདེ་རིང་བར་ཨ་རིས་གཙོས་མང་གཙོའི་རྒྱལ་ཁབ་ཁག་ཅིག་ནས་རྒྱ་ནག་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ཏེ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་གཞུང་འབྲེལ་སྐུ་ཚབ་གཏོང་རྒྱུ་མིན་སྐོར་ཡོངས་གྲགས་གནང་བའི་རྗེས་སུའང་རྒྱ་གར་གྱི་ངོས་ནས་དེ་མཚུངས་གནང་རྒྱུའི་གསལ་བསྒྲགས་གང་ཡང་གནང་མེད་ལ། ད་དུང་ཨོ་རྩལ་འགྲན་ཚོགས་ཐོག་པེ་ཅིང་ནང་ཡོད་པའི་རྒྱ་གར་གྱི་ཕྱི་འབྲེལ་མི་སྣ་མཐོ་གྲས་ཤིག་མཉམ་ཞུགས་གནང་རྒྱུར་ཚོད་དཔག་གནང་བཞིན་པའི་མཚམས་འདིར་ཁ་སང་ཕྱི་དྲོ་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་པ་སྐུ་ཞབས་ Arindam Bagchi ལགས་ཀྱིས་གསལ་བསྒྲགས་ཤིག་གནང་བ་བརྒྱུད་པེ་ཅིང་དུ་དེ་རིང་ནས་འགོ་འཛུགས་བྱ་རྒྱུའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྒོར་འབྱེད་དང་མཇུག་སྡོམ་མཛད་སྒོ་གཉིས་ཀར་ཁུལ་དེར་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་ལས་ཁུངས་ཀྱི་ངོས་ནས་མཉམ་ཞུགས་གནང་གི་མེད་པར་ཡོངས་གྲགས་གནང་ཡོད།རྒྱ་གར་གཞུང་གིས་འདི་ལྟ་བུའི་ཐག་གཅོད་དེ་ནི་ཕྱི་ཟླ་ ༢ ཚེས་ ༢ ཉིན་པེ་ཅིང་དུ་ཨོ་ལམ་པིཀ་རྩེད་འགྲན་གྱི་དཔལ་འབར་སྐོར་སྐྱོད་འགོ་འཛུགས་གནང་སྐབས་དེ་སྔ་ཕྱི་ལོ་ ༢༠༢༠ ལོར་འཕགས་བོད་གཉིས་ཀྱི་ས་མཚམས་ཉེ་འཁྲིས་ལ་དྭགས་ཀྱི་གྷལ་ཝན་ཡུལ་གཤོང་དུ་རྒྱ་དཀར་ནག་གི་དམག་མིའི་དབར་དྲག་པོའི་གདོང་ཐུག་གིས་རྨས་སྐྱོན་ཕོག་པའི་རྒྱ་རིགས་དམག་མི་ Qi Fabao ལ་དཔལ་འབར་འཁྱེར་མཁན་ཁོངས་སུ་བཞག་པའི་གནས་ཚུལ་ཐོན་རྗེས་ཡོངས་གྲགས་གནང་བ་ཞིག་ཡིན་པ་རེད།སྐུ་ཞབས་ Arindam Bagchi ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྐབས་ང་ཚོས་གྷལ་ཝན་གྱི་དམག་དཔོན་ཞིག་ཨོ་རྩལ་གྱི་དཔལ་འབར་འཁྱེར་མཁན་ལ་བདམས་པའི་གནས་ཚུལ་དེའི་སྐོར་མཐོང་ཐོས་བྱུང་ཞེས་དང་བྱ་སྤྱོད་དེ་དག་ནི་ཁོང་ཁྲོ་སློང་མཁན་ཞིག་དང་། ལྷག་དོན་རྒྱ་གཞུང་གིས་རྒྱལ་སྤྱིའི་རྩེད་འགྲན་འདི་ཡང་ཆབ་སྲིད་ཀྱི་དགོས་མཁོར་སྤྱོད་བཞིན་པ་ནི་བློ་ཕམ་བྱ་ཡུལ་གྱི་གཞི་ལས་མ་འདས་པར་འགྲེལ་བརྗོད་གནང་འདུགདེ་རིང་ནས་འགོ་འཛུགས་བྱས་པའི་པེ་ཅིང་གི་དགུན་དུས་རྩལ་འགྲན་ཚོགས་ནང་རྒྱ་གར་གྱི་ཕྱོགས་ནས་གངས་བཤུད་གཏོང་མཁན་ Arif Khan ལགས་མ་གཏོགས་རྩེད་འགྲན་པ་གཞན་མེད་པ་དང་། རྒྱ་གར་གཞུང་གིས་གོང་ཞུས་གསལ་བསྒྲགས་སྤེལ་རྗེས་རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ལས་ཁང་ Doordarshan གི་ངོས་ནས་ཀྱང་རྩེད་མོའི་བརྒྱུད་ལམ་ཐོག་པེ་ཅིང་གི་རྩེད་འགྲན་སྒོ་འབྱེད་དང་མཇུག་སྡོམ་གྱི་མཛད་སྒོ་གཉིས་ཀའི་ཐད་གཏོང་ཕྱིར་འཐེན་བྱས་འདུགརེས་གཟའ་ལྷག་པའི་ཉིན་པེ་ཅིང་དུ་ཨོ་ལམ་པིཀ་དཔལ་འབར་སྐོར་སྐྱོད་འགོ་འཛུགས་ཁྲོད་རྒྱ་ནག་གི་དམག་མི་ Qi Fabao ཟེར་བ་དེར་ཆེ་བསྟོད་ཀྱིས་ཨོ་རྩལ་གྱི་དཔལ་འབར་འཁྱེར་མཁན་མི་གྲངས་ ༡༢༠༠ ཁོངས་ནས་འདེམས་སྒྲུག་བྱས་པར་རྒྱ་གར་གཞུང་མང་གཉིས་ནས་བློ་ཕམ་གི་རྣམ་པ་མངོན་གསལ་གནང་བ་དང་ཆབས་ཅིག ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཞིག་གིས་ཀྱང་རྒྱ་ནག་གི་བྱེད་ཕྱོགས་དེ་ནི་ངོ་ཚ་མེད་པ་ཞིག་དང་ཨ་རིའི་ངོས་ནས་ཡུ་གུར་གྱི་རང་དབང་དང་རྒྱ་གར་གྱི་ས་ཁོངས་བདག་དབང་ཐད་རྒྱབ་སྐྱོར་ཞུ་རྒྱུའི་ཞལ་བཞེས་གནང་སྟེ་རྒྱ་ནག་ལ་སྐྱོན་བརྗོད་ནན་པོ་གནང་ཡོད།གཞི་རྩའི་རྒྱ་དཀར་ནག་གཉིས་དབར་འདས་པའི་ལོ་མང་རིང་ལ་ཚབས་ཆེ་བའི་དོན་རྐྱེན་སོགས་གང་ཡང་བྱུང་མེད་ཀྱང་། ཕྱི་ལོ་ ༢༠༢༠ ལོར་ལ་དྭགས་གྷལ་ཝན་གྱི་དོན་རྐྱེན་ཁྲོད་ཕྱོགས་གཉིས་ཀྱི་དམག་མི་དབར་འཐབ་འཛིང་བྱུང་སྟེ་རྒྱ་གར་གྱི་དམག་མི་ ༢༠ འདས་གྲོངས་སུ་གྱུར་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་བརྒྱུད་ལམ་ཐོག་ཡུལ་དེའི་དམག་མི་ ༤ འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་སྤེལ་ཡོད་ནའང་། དོན་དངོས་ཐོག་ཡོངས་གྲངས་བྱས་པའི་གྲངས་འབོར་ལས་མང་བ་ཡོད་པར་ཚོད་དཔག་གནང་བཞིན་ཡོད་པ་རེད། ཕྱོགས་གཉིས་ཀྱི་དབར་ད་བར་ས་མཚམས་ཀྱི་གནད་དོན་ཐད་གྲོས་མོལ་ཐེངས་ ༡༤ ཙམ་གནང་ཡོད་ཀྱང་དོན་འབྲས་སོན་པ་གང་ཡང་བྱུང་མེད་པ་མ་ཟད་ལྷག་དོན་རྒྱ་ནག་གིས་མཐའ་མཚམས་ནས་དམག་མི་ཡོངས་རྫོགས་ཕྱིར་འཐེན་བྱ་རྒྱུའི་གནད་དོན་ཐོག་མོས་མཐུན་བྱས་མེད།

ཡོ་རོབ་བོད་མི་ཚོས་ཨོ་རྩལ་མཐུན་ཚོགས་ཀྱི་ལས་ཁུངས་མདུན་དུ་གཞི་རྒྱ་ཆེ་བའི་ངོ་རྒོལ་གནང་བ།

༢༠༢༢ ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྒོ་འབྱེད་ཀྱི་སྔ་ནུབ་ཏུ་འདི་ག་སུད་སི་གྲོང་ཁྱེར་ Lausanne ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ཀྱི་ལས་ཁུངས་མདུན་དུ་ཡོ་རོབ་རྒྱལ་ཁབ་ཁག་ ༨ ནས་བོད་རིགས་ཚོགས་པའི་སྐུ་ཚབ་དང་བོད་མི་ལས་འགུལ་བ། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་བཅས་འདུ་འཛོམས་ཀྱིས་ཨོ་ལམ་པིཀ་འགྲེམས་སྟོན་ཁང་བར་ཞི་བའི་གོམ་བགྲོད་གནང་བ་མ་ཟད། རྒྱ་ནག་ནང་དུ་འཚོགས་བཞིན་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་འཛམ་གླིང་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་མཁན་རྒྱལ་ཁབ་ཅིག་ནང་ཚོགས་པའི་རྩེད་འགྲན་ཞིག་རེད་ཅེས་པའི་འབོད་སྒྲའི་འོག་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད། དེ་བཞིན་རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་གི་མངའ་འོག་ཏུ་མནར་གཅོད་མྱོང་བཞིན་པའི་མང་ཚོགས་ཀྱི་མངོན་འདོད་ལ་གུས་བརྩི་ཞུས་ནས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་ཀྱང་དེར་དེར་ལྟོས་མེད་ཀྱིས་ཚོགས་ཀྱི་ཡོད་པ་ངོས་ལེན་གྱི་སྤྱིར་བསྒྲགས་ཤིག་སྤེལ་དགོས་པའི་རེ་སྐུལ་ཞུས་ཡོད་པ་རེད།ཐེངས་འདིའི་ཡོ་རོབ་བོད་མི་རྣམ་མཉམ་སྦྲེལ་གྱིས་སྤེལ་བའི་གོམ་བགྲོད་ལས་འགུལ་དེའི་ཐོག་ཡོ་རོབ་བོད་མི་མང་སྤྱི་འཐུས་རྣམ་གཉིས་གཙོས་ཡོ་རོབ་བོད་རིགས་ཚོགས་ཁག་གི་ཟུང་འབྲེལ་ཐོག་ནས་མཚན་རྟགས་བཀོད་པའི་ཞུ་སྙན་ཞིག་རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་ Thomas Bach མཚན་ཐོག་ལ་ཕུལ་སོང་བ་དང་། ཞུ་སྙན་ནང་གཙོ་བོ་ ༢༠༠༨ ལོའི་པེ་ཅིང་དུ་ཨོ་རྩལ་འགྲན་ཚོགས་བསྐོང་ཚོགས་ཟིན་པའི་རྗེས་སུ་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་བོད་གཙོ་གྱུར་ས་ཁུལ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང། ལྷག་པར་དུ་བོད་ནང་དུ་ད་བར་བོད་མི་ ༡༥༥ ལྷག་གིས་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གནང་སྟེ་སྐུ་ལུས་ཞུགས་འབུལ་གནང་བའི་གནང་སྟངས་སོགས་བྱུང་ཡོད་པ་དེ་ལྟར་ཡང། ཨོ་རྩལ་མཐུན་ཚོགས་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གོང་འཕེལ་གྱི་རྩ་བའི་ལྟ་གྲུབ་ཁག་སྣང་མེད་བཏང་ནས་ད་ལན་བསྐྱར་དུ་རྒྱ་ནག་ལ་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བདག་དབང་སྤྲད་པ་ནི་ཆེས་བློ་ཕམ་བྱ་གཞི་ལས་མ་འདས་པ་ཞིག་རེད་ཅེས་སྐྱོན་བརྗོད་གནང་བ་མ་ཟད། ལྷག་པར་དུ་ཞུ་སྙན་དེ་བརྒྱུད་ནས་ཨོ་རྩལ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་གི་མངའ་འོག་ཏུ་གདུག་རྩུབ་མྱོང་བཞིན་པའི་མང་ཚོགས་ཀྱི་མངོན་འདོད་ལ་གུས་བརྩི་ཞུས་ཏེ། རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་དུ་རྒྱ་ནག་ཏུ་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་ཚོགས་བྱེད་ཀྱི་ཡོད་པར་ངོས་ལེན་གྱི་སྤྱིར་བསྒྲགས་ཤིག་སྤེལ་དགོས་པའི་རེ་སྐུལ་ཞུས་འདུག སྐབས་དེར་ལས་འགུལ་བ་རྣམས་ནས་ཕྱག་ཏུ་བོད་ཀྱི་རྒྱལ་དར་བསྣམས་པ་དང་སྦྲགས། པེ་ཅིང་ཨོ་རྩལ་འགྲན་ཚོགས་དང་རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ཀྱི་བྱ་སྤྱོད་ལ་ངོ་རྒོལ་གྱི་ཤོག་སྦྱང་སོགས་བསྣམས་ཏེ་ངོ་རྒོལ་སྐད་འབོད་གནང་བ་མ་ཟད། རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ཀྱི་ལས་ཁུངས་ཨ་མའི་མདུན་ནས་ཞི་བའི་གོམ་བགྲོད་གནང་སྟེ། མཐར་ཨོ་ལམ་པིཀ་འགྲེམས་སྟོན་ཁང་གི་མདུན་དུ་གོམ་བགྲོད་པ་རྣམས་འདུ་འཛོམས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་པ་དང་ད་བར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་སྐུ་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་པ་ཡོངས་ལ་མྱ་ངན་གུས་འདུད་ཞུས་ཏེ། ལུ་སཎ་གྲོང་ཁྱེར་སྤྱི་ཁྱབ་པ་ llias Penchant མཆོག་དང་ཡོ་རོབ་བོད་མི་མང་སྤྱི་འཐུས། སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད། དེ་བཞིན་སུད་སི་དང་ལིག་ཏིག་སིཊཡན་བོད་རིགས་མི་མང་གཙོས་ལས་འགུལ་ཐོག་ཕེབས་པའི་ཡོ་རོབ་བོད་རིགས་ཚོགས་པ་ཁག་གི་སྐུ་ཚབ་དང། བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་འཐུས་མི་སོགས་ནས་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ཀྱི་བྱ་སྤྱོད་ལ་སྐྱོན་བརྗོད་ཀྱི་གཏམ་བཤད་སྤེལ་ཡོད།དེ་བཞིན་ལས་འགུལ་ཐོག་ཉེ་སྔོན་སུད་སི་རྒྱལ་ས་སྦན་ནས་གངས་བཤུད་ལྷམ་གྱོན་ནས་རྒྱ་ནག་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གྱི་གོམ་བགྲོད་ལས་འགུལ་སྤེལ་མཁན་བོད་མི་སྒྱུ་རྩལ་བ་བློ་ལྡན་རྣམ་གླིང་ལགས་ཀྱིས་ཀྱང་ཨོ་ལམ་པིཀ་འགྲེམས་སྟོན་ཁང་དུ་ལས་འགུལ་མཇུག་སྒྲིལ་གནང་ཡོད་པ་རེད།རྩ་བའི་ཐེངས་འདིའི་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་དམིགས་ཏེ་ཡོ་རོབ་བོད་མིའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཆེན་མོ་སྤེལ་བ་དེ་ ༢༠༢༡ ཟླ་ ༡༢ ཚེས་ ༡༨ ནས་ ༡༩ ཉིན་གཉིས་རིང་ཕ་རན་སིའི་རྒྱལ་ས་པེ་རིས་ལ་ཚོགས་པའི་ཡུ་རོབ་བོད་རིགས་ཚོགས་པ་ཁག་གི་ལོ་འཁོར་ཚོགས་ཆེན་ཐེངས་གཉིས་པའི་ཐོག་གྲོས་ཆོད་བཞག་ཡོད་པ་ལྟར་ལས་འགུལ་དེ་སུད་སི་དང་ལིག་ཏིག་སིཊཡན་བོད་རིགས་མི་མང་ཚོས་གཙོ་འགན་བཞེས་ཏེ་གོ་སྒྲིག་གནང་བ་ཞིག་ཡིན་པ་རེད།

ཨ་རིའི་གྲོས་ཚོགས་ནང་དུ་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་ཉན་ཞིབ་ཚོགས་པ།

དེ་རིང་རྒྱ་ནག་གི་པི་ཅིང་གི་དགུན་དུས་ཀྱི་ཨོ་རྩལ་དངོས་སུ་འགོ་འཛུགས་ཀྱི་ཡོད་པའི་སྔ་རོལ་དུ། ཁ་སང་ཨ་རིའི་གྲོས་ཚོགས་གོང་མའི་དབུས་སུ།  ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་གོ་སྒྲིག་འོག་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་འདུག་པ་དང་། ལས་རིམ་དེའི་ཐོག རྒྱ་ནག་གི་དྲག་སྤྱོད་ཀྱི་འོག་ཏུ་མནར་གཅོད་མྱངས་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་དམ་པ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་དང་། ཡུ་གུར་ཐོབ་ཐང་རྩོད་ལེན་པ་སྐུ་ཞབས་ Ilham Tohti ལགས་ཀྱིས་བུ་མོ Jewher Tohti ལགས། རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ Ding Jiaxi ལགས་ཀྱི་སྐུ་ཟླ་ Sophie Lao ལགས། དེ་བཞིན་ཧོང་ཀོང་གི་མང་གཙོ་རྩོད་ལེན་པ་ Nathan Law དང་ China Change ཞེས་པའི་རྒྱ་ནག་གི་དུས་དེབ་ཀྱི་རྩོམ་སྒྲིག་པ Yaxue Cao ལགས་བཅས་རྒྱ་ནག་གི་དྲག་སྤྱོད་དངོས་སུ་མྱངས་མྱོང་མཁན་ཁག་གཅིག་ལྷན་བཞུགས་ཐོག་རྒྱ་གཞུང་གི་མི་སྤྱོད་ལས་འདས་པའི་དྲག་སྤྱོད་ཐད་ཚོགས་ཆུང་ལ་སྙན་གསེང་ཞུས་པ་མ་ཟད། ཉན་ཞིབ་ཀྱི་ལས་རིམ་དེའི་ཐོགཨ་རའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་Nancy Pelosi མཆོག་དམིགས་བསལ་ཆེད་ཕེབས་ཀྱིས་གཏམ་བཤད་གནང་འདུགལྕམ་ནེན་སི་པོ་ལོ་སི་(Nancy Pelosi)ལགས་ཀྱིས་སྐབས་དེར་གཏམ་བཤད་གནང་བའི་ནང་དུ། རྒྱ་ནག་གིས་འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་ཁག་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་གླེང་སློང་བྱེད་རྒྱུར་གཡོལ་ཐབས་བྱེད་བཞིན་པ་ལྟར། ཐེངས་འདིའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་བརྒྱུད་སླར་ཡང་ཐབས་ཤེས་དེ་རང་བྱེད་རྒྱུ་ཡིན་པར་བསྒྲགས་པ་མ་ཟད། རྒྱ་ནག་གི་བྱེད་ལས་ལ་ལྟོས་མེད་ཀྱིས། ཨ་རི་གཙོ་བྱས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གསལ་བོར་ཤེས་བ་ཞིག་ནི། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་ཚབས་ཆེན་གྱི་རྡོག་རོལ་གཏོང་བཞིན་པ་མ་ཟད་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་སྤེལ་བཞིན་ཡོད་ཅེས་གསུངས་འདུག སྒྲ།། ཁོང་གིས་ད་དུང་པེ་ཅིང་གི་ཨོ་རྩལ་འགྲན་བསྡུར་གྱི་སྐབས་སུ་ཨ་རིའི་རྩེད་འགྲན་པ་རྣམས་ཀྱིས་སྙིང་རྗེ་བྲལ་བའི་རྒྱ་ནག་སྲིད་གཞུང་ལ་གཟབ་གཟབ་གནང་དགོས་བའི་འབོད་སྐུལ་གནང་སྟེ། ཨ་རིའི་ངོས་ནས་རང་ཉིད་ཀྱི་རྩེད་འགྲན་པ་རྣམས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་མུས་ཡིན་པ་དེ་ལྟར་ཡང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་ཞལ་ཙུམ་ནས་འདུག་རྒྱུ་མིན་པར་གསུངས་འདུག དེ་བཞིན་ཁོང་གིས་ཡོང་རྒྱུར་བསྡད་པའི་བདུན་ཕྲག་གཉིས་ཀྱི་ནང་དུ། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཁག་ཡོང་གྲགས་བྱ་རྒྱུར་ཨ་རིའི་གཞུང་ལ་བཟང་སྤྱོད་ཀྱི་འགན་འཁྲི་ཡོད་པར་བསྒྲགས་པ་དང་ཆབས་གཅིག ཐེངས་འདིའི་སྐྱོན་བརྗོད་དེ་ནི་རྒྱ་ནག་མི་མང་ལ་དམིགས་པ་ཞིག་མིན་པར། རྒྱ་ནག་མི་མང་སྤྱིི་མཐུན་རྒྱལ་ཁབ་ཀྱི་དྲག་གནོན་བྱེད་མཁན་གྱི་སྲིད་གཞུང་ལ་དམིགས་པ་ཞིག་ཡིན་པར་འགྲེལ་བརྗོད་ཀྱིས། རྒྱ་ནག་སྲིད་གཞུང་གིས་ཐེ་ཝན་ལ་བརྙན་བཅོས། ཧོང་ཀོང་ནང་གི་གཞི་རྩའི་རང་དབང་ལ་དྲག་གནོན། དེ་བཞིན་ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ་བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་སྐད་ཡིག་སོགས་ལ་རྒོལ་རྡུང་བཏང་ཡོད་པར་གསུངས་འདུག ཉན་ཞིབ་ཀྱི་ལས་རིམ་དེའི་ཐོག་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་Jim McGovern ལགས་ཀྱིས་རྒྱ་ནག་གིས་ཡུ་གུར་ཁ་ཆེ་མི་རིགས་རྣམས་རྩ་གཏོར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་བསྐྱར་ནན་དང་འབྲེལ། རྒྱ་ནག་གིས་རྩེད་འགྲན་པ་རྣམས་ཀྱིས་སྤྱོད་དགོས་བར་བཟོས་བའི་མཉེན་ཆས་དེས་མི་སྒེར་གྱི་གནས་ཚུལ་རྐུ་འཁྱེར་བྱེད་རྒྱུ་དང་། རྩེད་འགྲན་པ་རྣམས་ལ་སྤྲད་པའི་གྱོན་པ་དང་ཟ་མ་རྣམས་ཀྱང་རྒྱ་ནག་གི་ངལ་རྩོལ་སྒྱུར་བཀོལ་བྱས་ནས་ཐོན་སྐྱེད་བྱས་པ་ཞིག་ཡིན་པར་བསྒྲགས་ཏེ། ཨོ་རྩལ་འགྲན་ཚོགས་ལ་འཛུལ་ཞུགས་བྱེད་མཁན་རྣམས་ཀྱིས་རང་གི་ཉེན་ཁ་ལ་གཟབ་ནན་བྱེད་དགོས་པའི་སྐུལ་མ་གནང་བ་མ་ཟད། རྒྱ་ནག་གི་ཨོ་རྩལ་ལ་སྦྱིན་བདག་བྱེད་མཁན་རྣམས་ཀྱིས་དཔལ་འབྱོར་གྱི་ཁེ་ཕན་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་རྒྱ་གཞུང་དང་ལྷན་དུ་ཚོང་འབྲེལ་བྱེད་ཀྱི་ཡོད་པ་དེ་ནི་ནོར་འཁྲུལ་ཡིན་པར་གསུངས་འདུགཉན་ཞིབ་ཀྱི་ལས་རིམ་དེིའི་ཐོག་ཉི་མ་ལྷ་མོ་ལགས་ཀྱིས་རྒྱ་ནག་གི་བཀག་ཉར་འོག་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སྐུ་བཀྲོང་བའི་གནས་ཚུལ་དང་། ད་ལྟའང་ཁོང་གི་ཨ་མ་གཙོས་པའི་ནང་མི་རྣམས་ལ་དམ་དྲག་སུནགཙེར་བྱེད་བཞིན་པ་སྙན་གསེང་དང་འབྲེལ། འཕྲོད་བསྟེན་གྱི་གནས་བབ་འོག་ནས་ཁོང་གི་ཨ་མ་རང་དབང་ལུང་པའི་ནང་བསླེབ་ཐུབ་པར་ཕྱག་རོགས་དགོས་པའི་འབོད་སྐུལ་གནང་བ་མ་ཟད། པཎ་ཆེན་རིན་པོ་ཆེ་མཆོག་གི་དབུས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཁག་ཅིག་གི་གནད་དོན་འབུར་འདོན་གྱིས་ཁོང་རྣམ་པར་གློད་གྲོལ་གནང་ཐབས་དགོས་པའི་ཞུ་སྐུལ་གནང་འདུག

ཁྲིམས་སྒྲིག་གསར་པའི་རྐྱེན་གྱིས་ཆོས་ཕྱོགས་ཀྱི་གནས་ཚུལ་སྤེལ་ཡུལ་སྐད་འཕྲིན་ཚོགས་ཁག་སྒོ་བརྒྱབ་པ།

རྒྱ་ནག་གཞུང་གིས་བོད་ནང་ཆོས་ལུགས་རང་དབང་གི་ཐད་དམ་དྲག་ཇེ་ཆེར་བྱེད་བཞིན་པའི་ཐོག་སྔར་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༠ ཉིན་རྒྱ་ནག་སྲིད་གཞུང་གིས་དྲྭ་རྒྱ་བརྒྱུད་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞིབ་དཔྱོད་བྱ་རྒྱུའི་ཁྲིམས་སྒྲིག་གསར་པ་ཞིག་གཏན་འབེབ་བྱས་རྗེས་མཚོ་སྔོན་ཁུལ་གྱི་ཆོས་ཕྱོགས་དང་འབྲེལ་བའི་སྐད་འཕྲིན་ཚོགས་པ་ཁག་ཅིག་འཕྲལ་དུ་སྒོ་བརྒྱབ་འདུགསྤྱིར་ཁྲིམས་སྒྲིག་དེ་ནི་རྒྱ་ནག་གི་ཆོས་དོན་ལས་ཁུངས་དང་དྲ་རྒྱ། བརྡ་འཕྲིན་ལས་ཁུངས། བཟོ་ལས་དང་བརྡ་འཕྲིན་གྱི་བློན་ཆེན་ལས་ཁུངས། མི་མང་བདེ་འཇགས་ཀྱི་བློན་ཆེན་ལས་ཁུངས། རྒྱལ་ཁབ་བདེ་འཇགས་ཀྱི་བློན་ཆེན་ལས་ཁུངས་བཅས་སྡེ་ཁག་ལྔས་ཆེད་བཟོ་བྱས་པ་ཞིག་ཡིན་པ་མ་ཟད་སྔར་ལོའི་ཕྱི་ཟླ་ ༡༢ ནང་རྒྱ་ནག་དམར་ཤོག་ཚོགས་པས་ཆོས་ཕྱོགས་ཀྱི་བྱེད་སྒོའི་ཐོག་བགྲོ་གླེང་བྱ་རྒྱུའི་ལྷན་ཚོགས་ཤིག་ཚོགས་སྐབས་ཞི་ཅིན་ཕིང་གིས་དྲྭ་རྒྱ་བརྒྱུད་དེ་ཆོས་ཕྱོགས་ཀྱི་ལས་རིམ་སྤེན་མཁན་དང་སྲིད་གཞུང་གི་གཏན་འབེབས་བྱས་པའི་ཆོས་ཕྱོགས་ཀྱི་སྲིད་བྱུས་ལ་ངོ་རྒོལ་བྱེད་མཁན་རྣམས་ལ་ཉེས་ཆད་གཏོང་དགོས་པ། ཆོས་ཕྱོགས་ཀྱི་ཚོགས་པ་དང་བྱེད་སྒོ་ཁག་གང་སྤེལ་ཐམས་ཅད་སྲིད་གཞུང་གི་སྣེ་ཁྲིད་འོག་ཤར་སྐྱོད་དགོས་པ་བཤད་ཡོད།རྒྱ་གཞུང་གི་ཁྲིམས་སྒྲིག་གསར་པ་དེ་དང་འབྲེལ་ཏེ་དྷ་སར་རྟེན་གཞི་བྱས་པའི་ Tibet Watch  བོད་གནས་ལྟ་ཞིབ་ཁང་གིས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་བྱུང་བའི་ནང་དོན་འགྲེལ་བརྗོད་གནང་བར་བོད་མདོ་སྨད་ཁུལ་དུ་མི་མང་བདེ་འཇགས་ཟེར་བའི་ལས་ཁུངས་ཀྱིས་གསང་པའི་ཐོག་ནས་སྤྱི་ཚོགས་དྲྭ་ལམ་ཁག་ལ་ཞིབ་བཤེར་བྱས་ནས་སྤྱི་ཚོགས་བརྒྱུད་ལམ་ WeChat ནང་ཆོས་ཕྱོགས་དང་འབྲེལ་བའི་གནད་དོན་བརྒྱུད་སྤེལ་བྱ་རྒྱུར་བཀག་སྡོམ་བྱས་ཟིན་ཡོད་པ་མ་ཟད་ཕྱི་ལོ་ ༢༠༢༢ ཟླ་  ༡ ཚེས་ ༢༠ ཉིན་མཚོ་སྔོན་ཁུལ་དུ་སྐད་འཕྲིན་གྱི་ཚོགས་པ་བཟང་སྤྱོད་ཚོགས་པ་དང་གུ་རུ་སིདྡྷི་ཚོགས་པ། དེ་བཞིན་མ་ཎི་ཚོགས་པ་བཅས་ས་གནས་གཞུང་གིས་བཙན་དབང་ཐོག་ནས་འཕྲལ་མར་སྒོ་བརྒྱབ་བཅུག་ཡོད་སྟབས། ད་ཆ་བོད་ཁུལ་གྱི་བོད་མི་བརྒྱ་ཕྲག་དང་སྟོང་ཕྲག་མང་པོར་ཆོས་ཕྱོགས་ཀྱི་གནས་ཚུལ་རག་ཁུངས་ནི་རྒྱ་ནག་གཞུང་གི་སྟངས་འཛིན་བྱས་པའི་ཆོས་ཕྱོགས་ཀྱི་ཚོགས་པ་ཁོ་ན་ཆགས་ཀྱི་ཡོད་པར་གསུངས་པ་དང་སྦྲགས། ཆོས་དད་རང་དབང་ཞེས་པ་དེ་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་ཡོད་ཀྱང་རྒྱ་ནག་གཞུང་དང་ལག་སྦྲེལ་བྱེད་མཁན་འབའ་ཞིག་མ་གཏོགས་གཞན་རྣམས་ལ་རྩ་ཁྲིམས་ཀྱི་ནང་དོན་ལྟར་དོན་དམ་གྱི་རང་དབང་མེད་པ་མ་ཟད། རྒྱ་ནག་དམར་ཤོག་ཚོགས་པས་རང་སྣང་གང་ཤར་གྱི་ཐོག་ནས་རྩ་ཁྲིམས་ཀྱི་ནང་དོན་ལའང་བསྒྱུར་བཅོས་བཏང་དང་གཏོང་བཞིན་ཡོད་པ་རེད།རྩ་བའི་ ༢༠༢༢ ཕྱི་ཟླ་ ༣ ཚེས་ ༡ ནས་ལག་བསྟར་བྱ་རྒྱུའི་ཁྲིམས་སྒྲིག་དེའི་ནང་དབང་འཛིན་མི་སྣར་དབང་ཚད་མཐོ་རུ་བཏང་ནས་དྲྭ་རྒྱ་བརྒྱུད་དེ་ཆོས་ཕྱོགས་ཀྱིས་ལས་དོན་གཉེར་མཁན་ལ་གསོ་མྱུལ་བྱ་རྒྱུ་དང་། ཕྱི་ཕྱོགས་ནས་ཆོས་ཕྱོགས་ཀྱི་གནད་དོན་བརྒྱུད་སྤེལ་བྱེད་མཁན་གྱི་ཚོགས་སྒེར་ཀུན་ལ་བོད་དང་རྒྱ་ནག་ནང་དུ་དྲྭ་རྒྱ་བརྒྱུད་ནས་ཆོས་ཕྱོགས་ཀྱི་ལས་དོན་གཉེར་རྒྱུར་བཀག་སྡོམ་བྱ་རྒྱུ་ཙམ་མ་ཟད་བོད་དང་རྒྱ་ནག་ཏུ་དྲྭ་རྒྱ་བརྒྱུད་ཆོས་ཕྱོགས་ཀྱི་ལས་དོན་གཉེར་བར་རྒྱ་ནག་གཞུང་གིས་སྤྲད་པའི་ཆོག་མཆན་ལག་འཁྱེར་དགོས་ཀྱི་ཡོད་འདུག ལག་འཁྱེར་མེད་མཁན་རྣམས་ནས་དྲ་རྒྱ་བརྒྱུད་དེ་ཆོས་ཕྱོགས་ཀྱི་ལས་དོན་རིགས་གཉེར་མི་ཆོག་པའི་ཁར་གསུང་ཆོས་དང་ཁ་འདོན་སོགས་སྒྲ་འཇུག་བྱེད་ཆོག་གི་མེད་པ་དང་། ཆོས་ཕྱོགས་དང་འབྲེལ་བའི་བརྙན་དང་པར་སོགས་བརྒྱུད་སྤེལ་མི་ཆོག་པ། ཅི་སྟེ་མི་སྣ་སུ་རུང་ཞིག་གིས་ལག་འཁྱེར་མེད་པར་ལས་དོན་དེ་དག་བརྩམ་པའམ་གཉེར་ཚེ་ཉེས་ཆད་གཏོང་དགོས་ཞེས་བཤད་ཡོད་པ་བཀོད་འདུག

གྷལ་ཝན་གྱི་དམག་དཔོན་ཨོ་རྩལ་གྱི་དཔལ་འབར་འཁྱེར་མཁན་ལ་བདམས་པར་སྐྱོན་བརྗོད། 

ལ་དྭགས་ Galwan ཡུལ་གཤོང་དུ་བྱུང་བའི་དོན་རྐྱེན་སྐབས་ཀྱི་རྒྱ་ནག་གི་དམག་དཔོན་ Qi Fabao ཟེར་བ་རྒྱ་ནག་གིས་པེ་ཅིང་དགུན་དུས་ཨོ་ལམ་པིཀ་ཡི་སྐོར་སྐྱོད་ཀྱི་དཔལ་འབར་འཁྱེར་མཁན་ལ་འདེམས་སྒྲུག་བྱས་པར་རྒྱ་གར་ཕྱོགས་ནས་གཟིགས་སྟངས་ཡག་པོ་བྱུང་མེད་པ་མངོན་གསལ་དང་འབྲེལ། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མིས་རྒྱ་ནག་ལ་སྐྱོན་བརྗོད་གནང་འདུག  པེ་ཅིང་ནང་དགུན་དུས་ཨོ་རྩལ་སྐོར་སྐྱོད་ཀྱི་དཔལ་འབར་འཁྱེར་མཁན་ཁྲོད་ Qi Fabao འདེམས་སྒྲུག་བྱུང་བ་ལྟར་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་Jim Risch ལགས་ཀྱིས་རྒྱ་ནག་གི་བྱེད་ཕྱོགས་དེ་ནི་ངོ་ཚ་མེད་པ་ཞིག་དང་ཨ་རིའི་ངོས་ནས་ཡུ་གུར་གྱི་རང་དབང་དང་རྒྱ་གར་གྱི་ས་ཁོངས་བདག་དབང་ཐད་རྒྱབ་སྐྱོར་ཞུ་རྒྱུའི་ཞལ་བཞེས་གནང་འདུག སྤྱིར་ལ་དྭགས་གྷལ་ཝན་གྱི་དོན་རྐྱེན་ཁྲོད་རྒྱ་དཀར་ནག་གི་དམག་མི་དབར་འཐབ་འཛིང་བྱུང་སྟེ་རྒྱ་གར་གྱི་དམག་མི་ ༢༠ འདས་གྲོངས་དང་དེ་བཞིན་རྒྱ་ནག་གི་དམག་མི་ ༤ འདས་གྲོངས་སུ་གྱུར་ཡོད་ཀྱང་། རྒྱ་ནག་གི་དམག་མི་འདས་གྲོངས་སུ་གྱུར་བའི་གྲངས་ཐོ་མངོན་གསལ་བྱས་པ་དེ་ལས་མང་བ་བྱུང་ཡོད་པར་དོགས་གཞི་བྱུང་ཡོད། གྷལ་ཝན་གྱི་དོན་རྐྱེན་ Qi Fabao ཟེར་བའི་དམག་དཔོན་དེའི་མགོར་རྨས་སྐྱོན་ཕོག་པ་དང་།   ད་ལན་ཁོ་བོ་ཨོ་ལམ་པིཀ་ཡི་དཔལ་འབར་འཁྱེར་མཁན་མི་གྲངས་ ༡༢༠༠ ཁོངས་སུ་མིང་འདོན་བྱས་རྗེས་རྒྱ་གཞུང་གིས་གཉེར་བའི་ Global Times གསར་ཁང་ནས་གྷལ་ཝན་གྱི་དོན་རྐྱེན་དང་འབྲེལ་ཁོ་པར་ཆེ་བསྟོད་བྱས་པ་དང་ཆབས་ཅིག ཕྱི་ཟླ་ ༡༢ ནང་ཁོས་རྒྱ་ནག་གི་ CCTV ནང་དམག་སར་འགྲོ་རྒྱུ་དང་བསྐྱར་དུ་དམག་འཛིང་རྒྱུར་གྲ་སྒྲིག་ཡོད་ཅེས་སྐད་ཆ་ཡང་བཤད་ཡོད་པ་རེད། ཕྱི་འབྲེལ་སྲིད་བྱུས་མཁས་པ་དང་གསར་འགོད་པ་དེ་བཞིན་ཆབ་སྲིད་ཀྱི་ཞིབ་འཇུག་པ་བཅས་ནས་རྒྱ་ནག་གིས་དམག་དཔོན་ཞིག་སྲོལ་རྒྱུན་གྱི་དཔལ་འབར་སྐོར་སྐྱོད་ལ་བདམས་པར་དགག་པ་གནང་ཡོད་ཀྱང་། རྒྱ་ནག་ནས་དེར་ཁ་ཡ་བྱས་མེད་པ་དང་ལྷག་པར་དུ་རྒྱ་དཀར་ནག་ཕྱོགས་གཉིས་ནས་འཕགས་བོད་མཐའ་མཚམས་སུ་དམག་མི་ཕྱིར་འཐེན་གྱི་བཤད་ཆ་འགྲོ་བཞིན་པའི་ཁྲོད་འདིར་རྒྱ་ནག་གིས་གཙོ་བོ་དུས་ནས་དུས་སུ་གྷལ་ཝན་གྱི་གནད་དོན་དེ་སྤྱི་དམངས་ཀྱི་སྡིངས་ཆར་མངོན་གསལ་དང་སྦྲགས། འཁྱོག་བཤད་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་བརྒྱུད་ལམ་ཁག་ཏུ་གསལ་འདུགགཞི་རྩའི་ཟླ་ ༡ ཚེས་ ༡༢ ཉིན་རྒྱ་དཀར་ནག་ཕྱོགས་གཉིས་དབར་གྱི་བཀའ་མོལ་ཐེངས་ ༡༤ པ་དེ་གནང་ཡོད་ཀྱང་དོན་འབྲས་གང་ཡང་སོན་མེད་པ་མ་ཟད་ལྷག་དོན་རྒྱ་ནག་གིས་མཐའ་མཚམས་ནས་དམག་མི་ཡོངས་རྫོགས་ཕྱིར་འཐེན་བྱ་རྒྱུའི་གནད་དོན་ཐོག་མོས་མཐུན་བྱས་མེད་པ་རེད།

པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་སྐུ་མགྲོན་མང་ཆེ་བ་མང་གཙོ་རྒྱབ་འགལ་གྱི་འགོ་ཁྲིད་ཡིན་པ་མངོན་གསལ།

སང་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཛམ་གླིང་རྒྱལ་ཁབ་འདྲ་མིན་ ༢༡ གི་འགོ་ཁྲིད་མགྲོན་འབོད་བྱས་ཡོད་པའི་ཐོག་ ༢༠༢༢ ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་དངོས་སུ་འགོ་འཛུགས་བྱེད་ཀྱི་ཡོད་པ་ལྟར་དེའི་ཁོངས་ནས་མང་ཆེ་བ་མང་གཙོ་རྒྱབ་འགལ་གྱི་སྲིད་དབང་སྒེར་འཛིན་ལམ་ལུགས་འཛིན་མཁན་གྱི་འགོ་ཁྲིད་འབའ་ཞིག་ཆགས་ཀྱི་ཡོད་པར་མངོན་གསལ་གནང་འདུགདེ་རིང་ bloomberg quint གསར་འགྱུར་ལས་ཁང་གིས་དེ་འབྲེལ་གནས་ཚུལ་བཀོད་པར་པེ་ཅིང་དུ་འཚོགས་རྒྱུའི་ཨོ་རྩལ་འགྲན་ཚོགས་ཀྱི་མཛད་སྒོར་མགྲོན་འབོད་བྲས་པའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཁོངས་ནས་ཨུ་རུ་སུའི་སྲིད་འཛིན་སྐུ་ཞབས་ Vladimir Putin གཙོས་གཞན་འགོ་ཁྲིད་མི་སྣ་བཅིུས་མང་གཙོ་རྒྱབ་འགལ་གྱི་སྲིད་དབང་སྒེར་འཛིན་ལམ་ལུགས་འཛིན་མཁན་ཤ་སྟག་ཆགས་ཀྱི་ཡོད་པ་དང་རྒྱལ་ཁབ་དེ་དག་ནི་དབྱིན་ཡུལ་ལོན་ཊོན་དུ་རྟེན་གཞི་བྱས་པའི་ Economist Intelligence Unit ཞེས་པའི་ཚོགས་པས་དེ་སྔ་འདོན་སྤེལ་གནང་བའི་མང་གཙོའི་ཚད་གཞི་མཚུངས་བསྡུར་གནང་སྟེ་གྲུབ་དོན་སྙན་ཐོ་ནང་དུ་མི་གཅིག་དབང་འཛིན་རིང་ལུགས་ཀྱི་གཞུང་ཤ་སྟག་ཆགས་ཡོད་པ་མངོན་གསལ་གནང་ཡོད། ཨོ་རྩལ་འགྲན་ཚོགས་ཐོག་མགྲོན་འབོད་བྱས་པའི་རྒྱལ་ཁབ་ ༢༡ དེ་དག་གི་ཁོངས་ནས་རྒྱལ་ཁབ་བརྒྱད་ནི་ཨ་རིའི་རང་དབང་ཁང་པའི་སྙན་ཐོ་ནང་རང་དབང་ཡོད་པའི་རྒྱལ་ཁབ་ལ་ངོས་འཛིན་གནང་འདུགའདས་ལོར་ཨ་རིས་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་ནས་རྒྱ་གཞུང་གིས་ཤིན་ཅང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ལུང་འདྲེན་གྱིས་ཨོ་རྩལ་འགྲན་ཚོགས་ཐོག་གཞུང་འབྲེལ་སྐུ་ཚབ་གཏོང་རྒྱུ་མིན་པའི་ཡོངས་གྲགས་གནང་བའི་མཚམས་སུ་རྒྱ་གཞུང་གིས་ཨ་རིའི་ངོས་ནས་སྐྱོན་བརྗོད་གནང་བ་དེ་དག་རྫུན་གཏམ་ཡིན་པར་འགྲེལ་བརྗོད་ཀྱིས་དེ་འབྲེལ་ལྟ་སྤྱོད་མི་མཐུན་པའི་རྒྱབ་འགལ་གྱི་ ཆབ་སྲིད་མི་སྣ་འགྲན་ཚོགས་ཐོག་མགྲོན་འབོད་བྱ་རྩིས་མེད་ཅེས་ལན་འདེབས་བྱས་ཡོད།སྤྱིར་ཨོ་རྩལ་འགྲན་ཚོགས་ལ་དུས་རྒྱུན་ནས་མཉམ་ཞུགས་གནང་མཁན་མང་དག་ཅིག་ཡོང་གི་ཡོད་པ་དང་དེའི་ནང་རྒྱལ་སྤྱིའི་གཞུང་ནས་རང་ཉིད་ཀྱི་འགོ་ཁྲིད་སོགས་ཆེད་གཏོང་གནང་སྲོལ་ཡོད་ཀྱང་ཐེངས་འདིའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་ཨ་རིས་གཙོས་པའི་མང་གཙོའི་རྒྱལ་ཁབ་ཁག་ཅིག་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་སྒོས་ཏོག་དབྱིབས་གཉན་རིམས་ལ་ཁ་གཡར་ནས་དེ་དག་གི་འགོ་ཁྲིད་ཁག་མཉམ་ཞུགས་གནང་གི་མེད་པ་དང་། Pew ཉམས་ཞིབ་ལྟེ་གནས་ཁང་གིས་དཔྱད་ཞིབ་གནང་བའི་གྲུབ་དོན་ནང་གསལ་འདས་པའི་ལོ་ཤས་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ངོས་ནས་རྒྱ་ནག་ལ་རྒྱབ་སྐྱོར་གྱི་རྣམ་པ་མངོན་གསལ་གནང་མཁན་ཇེ་ཉུང་ཆགས་ཡོད་པ་བཀོད་འདུགདེ་རིང་སྲིད་འཛིན་ཞི་ཅིན་ཕིང་གིས་དྲྭ་བརྙན་བརྒྱུད་པེ་ཅིང་དུ་ཚོགས་པའི་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༣༩ སྒོ་འབྱེད་མཛད་སྒོར་མཉམ་ཞུགས་ཀྱིས་གཏམ་བཤད་བྱས་པ་དང་སྐབས་དེར་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཕེབས་པའི་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Thomas Bach གཙོས་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པར་དགའ་བསུའི་འཚམས་འདྲི་བྱས་པ་དང་སྦྲགས། འཛམ་གླིང་འདིར་དེ་སྔ་ལོ་ངོ་བརྒྱ་ཡི་ནང་ཚུད་ལ་བྱུང་མྱོང་མེད་པའི་འཛམ་གླིང་རྒྱ་ཁྱབ་ཏུ་ཁྱབ་པའི་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་འགྲོ་བ་མིའི་རིགས་ལ་ཞི་ལྷིང་མེད་པའི་ངལ་བ་དུ་མ་འཕྲད་ཡོད་པའི་དཀའ་ཚེགས་ཅན་གྱི་དུས་སུ་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་སྙིང་སྟོབས་དང་བཟོད་བསྲན་ཐོག་ནས་གོ་ལ་ཆིག་སྒྲིལ་དང་མཉམ་སྦྲེལ་ཡོང་སླད་སྐུལ་འདེད་གནང་རྒྱུར་དམིགས་བསལ་འགན་འཁུར་བཞེས་པ་མ་ཟད། ལྷག་དོན་འདས་པའི་ལོ་ཤས་ནས་རྒྱ་ནག་ནང་གི་རྩེད་རིགས་ཡར་རྒྱས་མཚོན་པའི་ཐེངས་འདིའི་ཨོ་རྩལ་འགྲན་ཚོགས་གོ་སྒྲིག་བྱ་རྒྱུར་རྒྱབ་སྐྱོར་དང་ལམ་སྟོན་གནང་བ་སོགས་ལ་ཐུགས་རྗེ་ཆེ་ཞེས་བཤད་པ་མ་ཟད། རྒྱ་ནག་གི་ངོས་ནས་ཨོ་རྩལ་འགྲན་ཚོགས་ཀྱི་ལས་འགུལ་ནང་ཆ་ཤས་ཧུར་བརྩོན་བླངས་ཏེ་དེའི་སྙིང་སྟོབས་ལ་བརྩི་སྲུང་བྱས་ཡོད་པ་བཞིན་ད་ལན་ཡང་ཨོ་ལམ་པིཀ་ཡི་དམིགས་ཡུལ་རྣམས་དངོས་ཡོད་ལག་བསྟར་ཡོང་སླད་ཁས་ལེན་བྱ་རྒྱུའི་དམ་བཅའ་གཏན་པོ་ཡོད་ཚུལ་བཤད་འདུགཁོ་པས་ད་དུང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་སང་ཉིན་ཕྱི་དྲོ་འགོ་འཛུགས་བྱ་ཡི་ཡོད་པ་དང་སྐབས་དེར་འཛམ་གླིང་གི་རྒྱལ་ཁབ་ཚང་མས་རྒྱ་ནག་ལ་དོ་སྣང་བྱ་རྒྱུ་ཡིན་པ་ལྟར་རྒྱ་ནག་གི་ངོས་ནས་ཀྱང་དེར་གྲ་སྒྲིག་བྱས་ཡོད་པ་མ་ཚད་པར་འཛམ་གླིང་ཀུན་ལ་ཨོ་ལམ་པིཀ་ཡི་ཁས་ལེན་རྩ་ཚིག་མཉམ་སྦྲེལ་ཐོག་ཆེས་མྱུར་པོ་དང་མཐོ་པོ། དེ་བཞིན་སྟོབས་ཤུགས་ལྡན་པའི་འབོད་ཚིག་འོག་རྒྱ་གཞུང་ནས་ཐེངས་འདིའི་ཨོ་རྩལ་འགྲན་ཚོགས་བརྒྱུད་མང་ཚོགས་ལ་ཉེན་ཁ་མེད་པ་དང་ངོ་མཚར་ཅན་གྱི་རྩེད་མོ་ཁག་ཅིག་གཟིགས་འབུལ་ཞུ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།དེ་བཞིན་སྐབས་དེར་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་ Thomas Bach ལགས་ཀྱིས་ཐེངས་འདིའི་པེ་ཅིང་ཨོ་རྩལ་འགྲན་ཚོགས་བརྒྱུད་རྒྱལ་སྤྱིའི་དགུན་དུས་རྩེད་འགྲན་གྱི་ལེའུ་གསར་གཏོད་གནང་གི་ཡོད་སྐོར་གསུངས་པ་དང་འབྲེལ། ལྷན་ཚོགས་འདི་ཆབ་སྲིད་ཀྱི་སྒྲིག་འཛུགས་ཤིག་མིན་སྐོར་བསྐྱར་ནན་བྱས་པ་མ་ཟད། རྒྱལ་ཁབ་ཁག་ཅིག་གིས་ཐེངས་འདིའི་ཨོ་རྩལ་འགྲན་ཚོགས་ཐོག་སྐུ་ཚབ་ཆེད་གཏོང་མ་གནང་བའི་ཐག་གཅོད་ལ་ཟུར་ཟ་གནང་སྟེ་སྐྱོན་བརྗོད་ཀྱང་གནང་འདུག

Latest news