དེ་རིང་ཕྱི་ཟླ་ ༩ ཚེས་ ༢༢ ཉིན་རྒྱ་ནག་གཞུང་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། རྒྱ་དམར་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ Wang Junzheng ཝང་ཅུན་ཀྲང་གི་ཚབ་ཏུ་ Hu Changsheng ཧུའུ་ཁྲང་ཧྲེང་བསྐོ་བཞག་བྱས་འདུག

རང་ལོ་ ༦༣ སོན་པའི་ Hu Changsheng ཧུའུ་ཁྲང་ཧྲེང་ནི་རྒྱ་ནག་ Jiangxi ནང་སྐྱེས་པ་དང་། ཕྱི་ལོ་ ༡༩༨༢ ལོར་སི་ཁྲོན་དགེ་ཐོན་སློབ་གྲྭ་ཆེན་མོའི་ས་གཤིས་རིག་པའི་སློབ་གླིང་ནང་ས་གཤིས་དང་གཏེར་དངོས་རྟོག་ཞིབ་ཀྱི་ཆེད་ལས་སྦྱངས་ཤིང་། སློབ་མཐར་ཕྱིན་རྗེས་སློབ་གྲྭ་དེ་གར་དགེ་རྒན་དང་། སྤྱི་ལོ་ ༢༠༠༣ ལོར་ཧྲན་ཏུང་སློབ་ཆེན་ནས་ལོ་རྒྱུས་རིག་པའི་འབུམ་རམས་པའི་ལག་འཁྱེར་ཐོབ་པ་ཞིག་རེད་འདུག
ཁོང་ཕྱི་ལོ་ ༡༩༨༦ ལོར་རྒྱ་ནག་དམར་ཤོག་ཁོངས་སུ་བཞུགས་པ་དང་། ཕྱི་ལོ ༢༠༡༢ ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དམར་ཤོག་དྲུང་ཆེ་བྱས་མྱོང་ཡོད་པ་མ་ཟད། རིམ་པས་མཚོ་སྔོན་དང་ Fujian ཞིང་ཆེན་བཅས་སུ་དམར་ཤོག་ཚོགས་པའི་རྒྱུན་ལས་དང་དྲུང་ཆེ་གཞོན་པའི་ལས་འགན་འཁྱེར་རྗེས། ཕྱི་ལོ་ ༢༠༢༢ ཕྱི་ཟླ་ ༡༢ ནས་ད་བར་ཀན་སུ་ཞིང་ཆེན་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་བྱས་ཡོད་པ་རེད།
ཁོང་ད་རེས་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་པའི་གནས་ཚུལ་ཐོན་པ་དང་ལྷན། རྒྱ་དམར་གཞུང་གིས་ Wu Xiaojun ཀན་སུ་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་གཞག་དང་། དེ་བཞིན་ Lup Dongchuan མཚོ་སྔོན་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་པ་ཡོང་གྲགས་བྱས་འདུག
གཞི་རྩའི་རྒྱ་ནག་གཞུང་གིས་དབང་བསྒྱུར་འོག་ད་བར་བོད་མིའི་ས་ཁུལ་ཁག་གི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཀྱི་ལས་གནས་ཕལ་མོ་ཆེ་བ་རྒྱ་རིགས་ཀྱིས་འཛིན་ཡོད་པ་དང་། དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཉེ་ལམ་འདོན་སྤེལ་གནང་བའི་སྙན་ཐོ་ནང་གསལ་ལྟར་ན། ཕྱི་ལོ་ ༢༠༢༦ ལོར་བོད་རིགས་ས་ཁུལ་གྱི་ཞིང་ཆེན་དང་། ཁུལ། རྫོང་རིམ་པའི་དམར་ཤོག་ཚོགས་པ་དང་། སྲིད་གཞུང་། བདེ་འཇགས། ཁྲིམས་ཁང་གི་འགོ་ཁྲིད་རྒན་པ་གྲངས་ ༢༤༠ ཡོད་པའི་ནང་བོད་རིགས་གྲངས་ ༦༢ ཏེ་བརྒྱ་ཆ་ ༢༥་༨ ལས་མེད་པ་དང་། དེ་མིན་འགོ་ཁྲིད་རྒན་པ་ ༡༧༨ དེ་བརྒྱ་ཆ་ ༧༤་༢ རྒྱ་རིགས་ཡིན་པ་ར་སྤྲོད་གནང་ཡོད་པ་རེད།
ལྷག་པར་བོད་རིགས་གནས་སྡོད་ཞིང་ཆེན་ལྔ་ཡི་ནང་དུ་ད་བར་དམར་ཤོག་དྲུང་ཆེ་བོད་རིགས་བྱུང་མྱོང་མེད་ལ། ཁུལ་རིམ་པའི་ནང་ལ་མཚོན་ནའང་། བོད་རིགས་གནས་སྡོད་ས་ཁུལ་ ༡༩ ཡོད་པའི་ནང་ནས་ཁུལ་བཞི་ཡི་དམར་ཤོག་དྲུང་ཆེ་བོད་རིགས་ཡིན་ལ། དེ་མིན་ཚང་མ་རྒྱ་རིགས་ཡིན་པ་དང་། དེ་བཞིན་བདེ་འཇགས་དང་ཁྲིམས་ཁང་གི་གནད་ཡོད་གོ་གནས་ཕལ་ཆེ་བ་རྒྱ་རིགས་ཀྱིས་བཟུང་ཡོད་པ་བསྒྲགས་ཡོད།
མ་ཟད་ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་གི་བོད་དང་འབྲེལ་བའི་སྲིད་བྱུས་ལག་བསྟར་བྱེད་མཁན་འཐབ་ཕྱོགས་གཅིག་འགྱུར་ཁང་གི་བློན་ཆེན་གཞོན་པ་སྲི་ཐར་ལས་གནས་ནས་རྒས་ཡོལ་ལ་ཕྱིན་པའི་རྗེས་སུ། འགོ་ཁྲིད་རྒན་པའི་ནང་ལ་བོད་རིགས་སླེབས་མེད་སྐོར་བརྗོད་པ་དང་ཆབས་ཅིག རྒྱ་ནག་གཞུང་གིས་བོད་ནང་དམར་ཤོག་ཚོགས་པར་ལ་ཞེན་དང་། མི་རིགས་བཙན་སྒྱུར་གྱི་ལས་དོན་སྤེལ་མཁན་མི་རབས་གསར་པའི་འགོ་ཁྲིད་གསོ་སྐྱོང་བྱེད་བཞིན་ཡོད་པ་ཐེར་འདོན་གནང་ཡོད།




