བོད་པའི་གློག་བརྙན་བཟོ་བསྐྲུན་པ་གཞན་ཕན་ཁྱིམ་གསར་ལགས་ཀྱིས་བཟོ་བསྐྲུན་གནང་བའི་གློག་བརྙན་ཆུ་བཞི་སྒང་དྲུག་ཞེས་པ་དེ་བཞིན་ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ ༡༠༠ ལྷག་གི་ནང་དུ་གཟིགས་འབུལ་ཞུ་བཞིན་པའི་དུས་སྐབས་འདིར་བལ་ཡུལ་ནང་དུ་གློག་བརྙན་དེ་གཟིགས་འབུལ་བཀག་སྡོམ་བྱས་པ་མ་ཟད། གློག་བརྙན་བཟོ་བསྐྲུན་པ་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད་པ་གཞན་ཕན་ཁྱིམ་གསར་ལགས་ཀྱིས་གསུང་གི་འདུག
དེ་ཡང་འདི་གའི་གསར་འགོད་པས་དེ་རིང་གཞན་ཕན་ཁྱིམ་གསར་ལགས་ལ་ཞལ་པར་བརྒྱུད་བཀའ་འདྲི་ཞུ་སྐབས། ཁོང་གིས་བལ་ཡུལ་གཞུང་གིས་ཆུ་བཞི་སྒང་དྲུག་གློག་བརྙན་གཟིགས་འབུལ་བཀག་སྡོམ་བྱས་པ་མ་ཟད། ཁོང་མ་འོངས་པར་བལ་ཡུལ་ནང་དུ་སླེབས་པ་ཡིན་ན་ལམ་སེང་འཛིན་བཟུང་བྱ་རྒྱུའི་བཀའ་རྒྱ་བཏང་ཡོད་པ། མ་ཟད་བལ་ཡུལ་གཞུང་གིས་རྒྱ་གར་ལ་ཡང་གློག་བརྙན་དེ་གཟིགས་འབུལ་ཞུ་རྒྱུ་མེད་པའི་སྐུལ་འདེད་གནང་ཡོད་པ་སོགས་གསུངས་སོང་།
འདི་ལོའི་ཕྱི་ཟླ་ ༨ པའི་ནང་ Hollywood Reporter India ཞེས་པའི་རྒྱ་གར་གྱི་གློག་བརྙན་གནས་ཚུལ་སྤེལ་མཁན་བརྒྱུད་ལམ་གྱིས་བལ་ཡུལ་ནང་དུ་གློག་བརྙན་དེ་གཟིགས་འབུལ་བཀག་སྡོམ་བྱས་ཡོད་པའི་སྐོར་ཐོག་མར་གནས་ཚུལ་སྤེལ་ཡོད་པའི་ནང་དུ། གཞན་ཕན་ཁྱིམ་གསར་ལགས་ཀྱིས་རྒྱ་ནག་གི་གནོན་ཤུགས་རྐྱེན་པས་དེ་ལྟར་བྱེད་བཞིན་ཡོད་པ་གསུངས་འདུག
ཡིན་ནའང་ Dragon Media ཞེས་པའི་བལ་ཡུལ་བརྒྱུད་ལམ་གྱིས་ཟླ་བ་འདིའི་ཚེས་ ༨ ཉིན་གནས་ཚུལ་སྤེལ་བའི་ནང་དུ། སྤྱིར་གློག་བརྙན་དེ་བལ་ཡུལ་ནང་དུ་གཟིགས་འབུལ་བཀག་སྡོམ་བྱས་ཡོད་པ་མངོན་རྒྱུ་འདུག་ཀྱང་། ད་བར་གློག་བརྙན་གཟིགས་འབུལ་བཀག་སྡོམ་གྱི་བལ་ཡུལ་གཞུང་གིས་གཞུང་འབྲེལ་བཀོད་ཁྱབ་རིགས་འཚོལ་སྒྲུབ་ཐུབ་ཀྱི་མེད་པ་གསུངས་འདུག
རྩ་བའི་གཞན་ཕན་ཁྱིམ་གསར་ལགས་ཀྱི་གློག་བརྙན་དེ་ཉིད་ཐོག་མར་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་ལོ་ངོ་བཅུའི་རིང་ཉམས་ཞིབ་དང་གྲ་སྒྲིག་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༢༣ ལོར་གློག་བརྙན་དངོས་སུ་བཟོ་བསྐྲུན་འགོ་བཙུགས་ཡོད་པ་རེད། གློག་བརྙན་དེའང་གཙོ་བོ་བོད་དང་ཐག་ཉེ་བའི་བལ་ཡུལ་གྱི་ས་མཚམས་ས་ཁུལ་ Mustang ནང་དུ་དཔར་ལེན་བཟོ་བསྐྲུན་གནང་བ་དང་། གློག་བརྙན་འདི་བཞིན་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ནང་དུ་ཉེན་གཡོལ་དུ་གདན་འདྲེན་ཞུ་མཁན་ཁོངས་སུ་ཡོད་པའི་སྐབས་དེའི་ཆུ་བཞི་སྒང་དྲུག་གི་དམག་དཔོན་གྲས་ཡིན་པ་བདེ་བ་ཚང་ཀུན་དགའ་བསམ་གཏན་ལགས་ཀྱིས་ལོ་རྒྱུས་གསུངས་པ་ཁོང་གི་བུ་བདེ་བ་ཚང་རྡོ་རྗེ་དབང་འདུས་ལགས་ཀྱིས་བྲིས་པའི་ཕྱག་དེབ་ Flight at the Cuckoo’s Behest ཞེས་པ་དེར་གཞི་བཞག་གིས་བཟོ་བསྐྲུན་གནང་བ་དང་། བདེ་བ་ཚང་རྡོ་རྗེ་དབང་འདུས་ལགས་ཀྱི་དཔལ་འབྱོར་མཐུན་འགྱུར་འོག གཞན་ཕན་ཁྱིམ་གསར་ལགས་ཀྱིས་འཁྲབ་ཁྲིད་དང་བཟོ་བསྐྲུན་གཟིགས་འབུལ་བགོ་འགྲེམས་སོགས་གནང་བ་ཞིག་ཡིན་པ་རེད།
ཉེ་སྔོན་རྒྱ་གར་གྱི་བརྒྱུད་ལམ་ཁག་གི་བཅར་འདྲིར་དང་ལེན་ཁྲོད། གཞན་ཕན་ཁྱིམ་གསར་ལགས་ཀྱིས་བལ་ཡུལ་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་བརྩི་སྲུང་ཞུ་ཡི་ཡོད་པ་དང་འབྲེལ་ནས་ཡུལ་དེའི་ནང་དུ་ཆུ་བཞི་སྒང་དྲུག་ལྟ་བུའི་གློག་བརྙན་བཟོ་བསྐྲུན་ཆོག་པའི་ཆོག་མཆན་སྤྲད་མི་སྲིད་པ་ཡིན་སྟབས། ཁོང་ནས་ Himalayan Robin Hood ཞེས་པའི་གློག་བརྙན་གཞན་ཞིག་གི་སྒྲུང་བསྟན་པའི་ཐོག་ནས་ Mustang ནང་དུ་གློག་བརྙན་བཟོ་བསྐྲུན་གྱི་ཆོག་མཆན་ཐོབ་ཡོད་པ་དང་། བཟོ་བསྐྲུན་གནང་བའི་སྐབས་སུའང་བལ་པོའི་གཞུང་གི་སྐུ་ཚབ་དང་ཉེན་རྟོག་པ་གཉིས་དུས་རྟག་ཏུ་སླེབས་ཏེ་ལྟ་སྲུང་ནན་པོ་བྱས་ཡོད་པ་སོགས་ཀྱི་དཀའ་ངལ་མང་དག་ཁྲོད་ནས་ཉིན་གྲངས་ ༡༩ ནང་དུ་གློག་བརྙན་ཡོངས་སུ་འཁྲབ་ཁྲིད་བྱས་ཡོད་སྐོར་གསུངས་ཡོད་པ་རེད།
ཕྱི་ལོ་ ༢༠༢༥ ལོར་གློག་བརྙན་བཟོ་བསྐྲུན་ཡོངས་སུ་གྲུབ་རྗེས་ལོ་དེའི་ Rotterdam རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་གཟིགས་འབུལ་ཆེས་ཐོག་མ་དེ་གནང་ཡོད་པ་དང་། དེའི་རྗེས་སུ་ཕྱི་ལོ་ ༢༠༢༥ ལོའི་ཕྱི་ཟླ་ ༡༠ པའི་ནང་ Santa Fe རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་གཟིགས་འབུལ་རྗེས། འཛམ་གླིང་ཡུལ་གྲུ་གང་སར་གློག་བརྙན་གཟིགས་འབུལ་འགོ་བཙུགས་པའི་ཁྲོད། འདི་ལོའི་ཕྱི་ཟླ་ ༩ པའི་ནང་རྒྱ་གར་གྱི་གྲོང་ཁྱེར་མི་འདྲ་བ་ ༡༠༠ ཙམ་གྱི་ནང་དུ་གློག་བརྙན་དེ་གཟིགས་འབུལ་གནང་བར་མང་ཚོགས་ཀྱི་དགའ་མོས་དང་ལེགས་སྐྱེས་ཆེན་པོ་ཐོབ་བཞིན་པ་རེད། རྒྱ་གར་ནང་དུ་གློག་བརྙན་གཟིགས་འབུལ་འགོ་མ་འཛུགས་སྔོན་དུ་འདི་ལོའི་ཕྱི་ཟླ་ ༨ པའི་ནང་རྒྱ་ནག་གིས་གཞུང་འབྲེལ་དྲྭ་ལམ་ཐོག་གློག་བརྙན་དེ་ལོ་རྒྱུས་འཁྱོག་བཤད་ཡིན་པ་སོགས་ཀྱི་སྐྱོན་བརྗོད་ཤུགས་ཆེན་པོ་བྱས་ཡོད་པ་རེད།




