ཨ་རིའི་མི་སེར་ཡིན་པའི་སྦར་མའི་ཤེས་ལྡན་མི་སྣ་ Min Zin ཞུ་བ་ཞིག་འདི་ལོའི་ཟླ་ ༦ ཚེས་ ༣ ཉིན་རྒྱ་ནག་གི་ཀུན་མིང་གྲོང་ཁྱེར་ནང་དུ་འཚོགས་པའི་དཔལ་འབྱོར་མཉམ་ལས་སྐོར་གྱི་ཉིན་གསུམ་རིང་གི་ཚོགས་འདུར་མཉམ་ཞུགས་ཆེད་རྒྱ་ནག་ཏུ་འབྱོར་མ་ཐག་ཀུན་མིན་གནམ་ཐང་ནས་བཀག་ཉར་བྱས་ཏེ་གསང་ཉུལ་གྱི་ནག་ཉེས་བཙུགས་འདུག

དེ་ཡང་ཉེ་ལམ་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་ནང་གི་མཐོ་སློབ་སློབ་དཔོན་ཞིག་གིས་མགྲོན་ཤོག་བཏང་བའི་ཐོག སྐུ་ཞབས་ Min Zin ལགས་ཕྱི་ཟླ་ ༦ པའི་ཚེས་ ༣ ཉིན་ཐཱའི་ལན་ཌིའི་ Chiang Mai གྲོང་ཁྱེར་ནས་རྒྱ་ནག་གི་ Kunming གྲོང་ཁྱེར་ཕྱོགས་སུ་བསྐྱོད་ཡོད་ཅིང་། རང་གི་ནང་མི་དང་ལས་རོགས་ཚོར་ཀུན་མིང་གནམ་ཐང་དུ་འབྱོར་ཡོད་པའི་འཕྲིན་ཡིག་ཞིག་བཏང་འདུག་ཀྱང་དེའི་རྗེས་སུ་འབྲེལ་བ་བྱེད་མི་ཐུབ་པར་གྱུར་འདུག ཁོང་གི་ནང་མིས་ཁོང་གར་ཡོད་ཤེས་ཐབས་སླད་ཐབས་ཤེས་དུ་མ་བཏང་བའི་རྗེས་སུ། Guangzhou གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ལས་ཁུངས་ཀྱི་བརྒྱུད་ནས་གནས་ཚུལ་རྒྱུས་ལོན་ཐུབ་པའི་ནང་དུ། ཁོང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ Yunnan ཞིང་ཆེན་ཁུལ་གྱི་བཙོན་ཁང་ནང་དུ་བཞག་ཡོད་པ་དང་། ཁོང་གི་ཐོག་ལ་གསང་ཉུལ་གྱི་ལས་དོན་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་བའི་ནག་ཉེས་བཙུགས་ཡོད་པ་ཤེས་རྟོགས་བྱུང་འདུག ཡིན་ནའང་ཁོང་གི་ནང་མི་དང་ཨ་རི་གཞུང་གཉིས་ཀའི་ངོས་ནས་མིན་ཀྲིན་ལགས་གྱི་ཐོག་ལ་བཙུགས་པའི་ནག་ཉེས་དེ་དག་གཞི་མེད་སྐྱོན་བརྗོད་ཡིན་པ་གསུངས་འདུག
མིན་ཀྲིན་ལགས་ཀྱི་ནང་མིའི་འགྲིན་ཚབ་པས་བརྒྱུད་ལམ་ཁག་ལ་འགྲེལ་བརྗོད་གནང་བར་གཞིགས་ན། ཕྱི་ཟླ་ ༦ པའི་ནང་མིན་ཀྲིན་ལགས་རྒྱ་ནག་གི་འཛིན་བཟུང་བྱས་པ་ནས་བཟུང་སྟེ་ཁོང་ཉེན་རྟོག་པ་གཉིས་ཀྱིས་སྒོ་སྲུང་བྱས་པའི་ཉིན་མཚན་མེད་པར་གློག་དཔར་ནས་བཞག་པའི་ཁང་ཆུང་ཞིག་གི་ནང་དུ་བཅུག་ཡོད་སྐོར་དང་འབྲེལ། ཨ་རི་གཞུང་གི་ངོས་ནས་སྐུ་ཞབས་ Min Zin ལགས་རྒྱ་ནག་གཞུང་གིས་ཉེས་མེད་འཛིན་བཟུང་བྱས་པར་ངོས་འཛིན་གནང་གི་ཡོད་པ་དང་འབྲེལ། ཁོང་འཕྲལ་དུ་གློད་བཀྲོལ་དགོས་པའི་རེ་འདུན་བཏོན་ཡོད་པ་མ་ཟད། རིང་མིན་ Washington DC ནང་དུ་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་མཇལ་འཕྲད་ཐོག རྒྱ་ནག་གི་སྲིད་འཛིན་ལྷན་དུ་གླེང་སློང་གནང་གཏན་ཁེལ་བའི་གནད་དོན་གྱི་ཐོ་གཞུང་ནང་དུ་མིན་ཀྲིན་ལགས་ཀྱི་གཙོས་པའི་རྒྱ་ནག་གཞུང་གིས་ཉེས་མེད་བཀག་ཉར་བྱས་པའི་ཨ་རིའི་མི་སེར་གཞན་རྣམས་ཀྱི་གནད་དོན་ཡང་ཚུད་ཡོད་སྐོར་གསུངས་འདུག
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་མགྲིན་ཚབ་པའི་གསུངས་པར་གཞིགས་ན། སྐུ་ཞབས་མིན་ཀྲིན་ལགས་གཡོ་བྱུས་འོག་ནས་རྒྱ་ནག་ནང་དུ་སྐད་བཏང་སྟེ་རྒྱ་ནག་སྤྱི་བདེ་ལས་ཁུངས་ཀྱི་བཀག་ཉར་བྱས་པ་ཞིག་ཡིན་པ་དང་། ཁོང་གི་ཐོག་ལ་བཙུགས་པའི་ནག་ཉེས་ལ་བདེན་པ་རྩ་བ་ནས་མེད་སྐོར་དང་འབྲེལ། ཐེངས་འདིའི་གནད་དོན་དེ་ནས་རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་ཕྱི་ཕྱོགས་ཀྱི་ཡུལ་སྐོར་སྤྲོ་འཆམ་པ་དང་ཤེས་ལྡན་མི་སྣ། དེ་བཞིན་ཤེར་བདག་ཚོང་པ་རྣམས་རྒྱ་ནག་ནང་དུ་ཡོང་རྒྱུའི་སྐུལ་མ་སྤེལ་བཞིན་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་དེ་གའི་ཕྱི་གསལ་ནང་གསལ་མེད་པའི་ཁྲིམས་གང་བྱུང་ལག་བསྟར་འོག་ཨ་རིའི་མི་སེར་རྣམས་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་ཡི་ཡོད་པ་དང་། ཨ་རི་གཞུང་གིས་བསྟུན་མཁས་ཇི་ཙམ་བྱས་མིན་ལ་མ་ལྟོས་པར་རྒྱ་ནག་གིས་ཨ་རིའི་མི་སེར་བཀག་ཉར་དང་ཚོང་ལས་རྙོག་གླེང་བཅས་ཀྱི་ཁྲོད་ནས་ཨ་རྒྱ་གཉིས་དབར་གྱི་འབྲེལ་ལམ་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག
གཞི་རྩའི་ Min Zin ལགས་ནི་མཱེན་མར་ནང་འཁྲུངས་པ་ཞིག་དང་ཨ་རིར་གནས་སྤོས་བྱས་ཏེ་རིམ་པས་མི་སེར་ཆགས་པ་ཞིག་རེད་འདུག ཁོང་གིས་དེ་སྔ་མཱེན་མར་དམངས་གཙོ་ཅན་དུ་འགྱུར་ཚུལ་དང་གྲངས་ཉུང་མི་རིགས་དབར་གྱི་འཁྲུག་རྩོད་ཀྱི་བརྗོད་གཞིའི་སློབ་སྦྱོང་གནང་མྱོང་ཡོད་པ་མ་ཟད། ཕྱི་ལོ་ ༡༩༨༨ ལོར་མཱེན་མར་གྱི་དམག་དོན་སྲིད་གཞུང་ལ་ངོ་རྒོལ་ལས་འགུལ་ནང་དུའང་མཉམ་ཞུགས་བྱས་མྱོང་ཡོད་པའི་ཆབ་སྲིད་ཀྱི་ལས་འགུལ་བ་ཞིག་རེད་འདུག ཁོང་གི་དེ་སྔ་ཨ་རི་གཞུང་གིས་རོགས་སྐྱོར་འོག་ཉམས་ཞིབ་ལས་དོན་གཉེར་མྱོང་ཡོད་པ་རེད་འདུག ཡིན་ནའང་ཁོང་དེ་སྔ་རྒྱ་ནག་ནང་དུ་བསྐྱོད་སྐབས་དཀའ་ངལ་གང་ཡང་ཕྲད་མེད་སྟབས། འདི་ལོ་རྒྱ་ནག་གི་སློབ་དཔོན་དེས་ཁོང་ལ་ཟབ་སྦྱོང་ཚོགས་འདུའི་སླད་དུ་མགྲོན་འབོད་བྱེད་སྐབས་ཁོང་གི་ནང་མིས་སྣང་བ་དེ་ཙམ་བཞག་མེད་པ་རེད་འདུག
ད་ལྟའི་ཆར་ཨ་རི་གཞུང་གི་ལས་བྱེད་རྣམས་ལ་རྒྱ་ནག་གི་སྐུ་ཞབས་མིན་ཊིན་ལགས་འཛིན་བྱས་པའི་རྒྱུ་མཚན་ཤེས་རྟོགས་བྱུང་ཡོདཔ་དེ་ལྟར་ཡང་། Myanmar དང་རྒྱ་ནག་གཉིས་དབར་གྱི་འབྲེལ་ལམ་ཤུགས་ཆེ་ཡོད་པའི་ཁྲོད། ཁོང་དེ་སྔ་སློབ་ཕྲུག་ལས་འགུལ་བ་ཞིག་དང་རྒྱ་ནག་གཞུང་གིས་དོག་ཟོན་བྱས་པའི་ཨ་རིའི་རོགས་སྐྱོར་གྱི་འོག་ནས་ཉམས་ཞིབ་ལས་དོན་སྤེལ་བ་བཅས་ལ་བརྟེན་ནས་རྒྱ་ནག་སྤྱི་བདེ་ལས་ཁུངས་ཀྱི་དོགས་ཟོན་བྱེད་སྲིད་པར་ངོས་འཛིན་གནང་བཞིན་འདུག




