རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་ཆིག་སྟོང་ལྷག་གཏོར་བཤིག་གཏོང་བཞིན་ཡོད་པའི་ཁྲོད་ཉེ་ཆར་བླ་རུང་སྒར་དུ་དམག་མི་འབོར་ཆེན་འགྲེམས་འཇོག་བྱས་ཏེ་དམ་དྲག་ཤུགས་ཆེ་བྱེད་མུས་ཡིན་པ་མ་ཟད། དོ་དམ་ལས་ཁུངས་ཟེར་བས་ཀྱང་ཡུལ་སྐོར་བ་དང་གནས་མཇལ་བ་རྣམས་ལ་ཚོད་འཛིན་ནན་མོ་བྱེད་བཞིན་འདུག

དེ་ཡང་ཁ་སང་བོད་ཀྱི་དུས་བབ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། རྒྱ་ནག་གཞུང་གི་བཀོད་ཁྱབ་གཞིར་བཟུང་། གསེར་རྟ་བླ་རུང་སྒར་གྱི་ལམ་མདོར་ཡོད་པའི་དོ་དམ་ཁང་གིས། ཡུལ་མི་དང་ཡུལ་སྐོར་བ་ཉུང་ཤས་ཤིག་གསེར་རྟ་བླ་རུང་ཆོས་སྒར་དུ་མངག་གཏོང་བྱེད་མུས་ཡིན་ནའང་དམ་དྲག་ཤུགས་ཆེ་བྱེད་བཞིན་འདུག་ལ། དེ་བཞིན་ཆོས་སྒར་དུ་སྔར་ལས་ལྷག་པའི་དམག་མི་འགྲེམས་འཇོག་བྱས་ཏེ། ཡུལ་སྐོར་བ་དང་ཡུལ་མི། གྲྭ་བཙུན་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་སྟངས་འཛིན་དང་རྟོག་ཞིབ་ནན་མོ་བྱེད་མུས་ཡིན་འདུག
འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་གསུངས་པ་ལྟར་ན། ཉེ་ལམ་རྒྱ་ནག་གཞུང་གིས་བོད་ནང་དང་རྒྱ་ནག་གི་ས་གནས་གང་ས་ནས་ཡོང་བའི་ཡུལ་སྐོར་བ་དང་མཆོད་མཇལ་བ་རྣམས་ཆོས་སྒར་དུ་ཡོང་བར་དམ་དྲག་ཤུགས་ཆེ་བྱེད་མུས་ཡིན་པ་མ་ཟད། ད་ལྟ་ཡུལ་སྐོར་བ་ཉུང་ཤས་ཤིག་མངག་གཏོང་བྱས་པ་དག་ཀྱང་། གསེར་རྟ་བླ་རུང་སྒར་གྱི་ལམ་མདོར་ཆགས་པའི་དོ་དམ་ཁང་གིས་བཀོད་སྒྲིག་བཞིན། སྤྱི་སྤྱོད་རླངས་འཁོར་ནང་འགྲོ་དགོས་པ་ལས་སྒེར་འཁོར་དང་གླ་འཁོར་སོགས་ཀྱི་ནང་འགྲོ་མི་ཆོག་པ་དང་། བཀོད་སྒྲིག་བྱས་པའི་ས་ཁུལ་ལས་འདོད་མོས་བཞིན་གང་བྱུང་དུ་འགྲོ་སྐྱོད་མི་ཆོག་ཅེས་བརྗོད་འདུག
དེ་བཞིན་དེ་སྔ་རྒྱ་ནག་གཞུང་གིས་མཁའ་དབྱིངས་མི་མེད་གནམ་གྲུ་ Drone གྱི་ལག་ཁྱེར་ཡོད་མཁན་ཚོར་བླ་རུང་སྒར་གྱི་མཁའ་དབྱིངས་སུ་མི་མེད་གནམ་གྲུ་བཏང་ནས་པར་དང་བརྙན་སོགས་ལེན་འཇུག་གི་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༣ ཉིན་བླ་རུང་སྒར་ནང་བསྟན་སློབ་གླིང་གི་གྲྭ་ཤག་བསྐྱར་དུ་གཏོར་བཤིག་བཏང་འགོ་བཙུགས་པ་ནས་བཟུང་། ཁུལ་དེར་ཡོད་པའི་དོ་དམ་ལས་ཁུངས་ཀྱིས། མཁའ་དབྱིངས་མི་མེད་གནམ་གྲུ་བརྒྱུད་པར་དང་བརྙན་བླང་རྒྱུ་བཀག་སྡོམ་བྱས་ཡོད་པ་མ་ཟད། ད་ལྟ་གསེར་རྟ་བླ་རུང་སྒར་དུ་དམག་ཆས་སྤྲས་པ་དང་མ་སྤྲས་པའི་དམག་མི་མང་པོ་ཞིག་ཀྱང་འགྲེམས་འཇོག་བྱས་ཏེ། ལྟ་ཞིབ་བྱས་དང་བྱེད་མུས་ཡིན་པས། ས་གནས་ཀྱི་གྲྭ་བཙུན་དང་ཡུལ་མི་གཙོས། ཡུལ་སྐོར་བ་རྣམས་ལ་སུན་གཙེར་ཡང་ཡང་བཟོ་མུས་རེད་ཅེས་བརྗོད་འདུག
སྤྱིར་འདས་པའི་ལོ་ཤས་གོང་ནས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་དུ་ཁང་པ་མང་དྲགས་པས་བདེ་འཇགས་མེད་ལུགས་བཤད་ནས་བླ་རུང་སྒར་གྱི་སྒྱུ་འཕྲུལ་ལྷ་ཁང་གི་ཉེ་འཁོར་གྱི་ཁང་པ་རྣམས་བཤིག་རྒྱུ་ཐག་གཅོད་བྱུང་ཡོད་ཀྱང་། དེར་ལྷ་ཁང་དང་གཙུག་ལག་ཁང་། སྐོར་ལམ་སོགས་ཡོད་པས། དགོན་པའི་འབྲེལ་ཡོད་ཀྱིས་ཡར་ཞུ་རིམ་པ་བྱས་ཡོད་པ་རེད། གང་ལྟར་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༣ ཉིན་ནས་བླ་རུང་སྒར་གྱི་གྲྭ་བཙུན་དང་དགེ་བསྙེན་རྣམས་སྡོད་སའི་སྡོད་ཤག་རྣམས་གཏོར་བཤིག་བཏང་དང་གཏོང་མུས་ཡིན་ཞིང་། རྒྱ་ནག་གཞུང་གིས་གྲྭ་ཤག་གཏོར་ཚར་བའི་གྲྭ་བཙུན་རྣམས་བླ་རུང་སྒར་དུ་སྡོད་མི་ཆོག་པའི་བཀའ་ཁྱབ་བཏང་སྟེ། རང་རང་གི་ནང་དང་ཕ་ཡུལ་གྱི་དགོན་པར་བཙན་གྱིས་ཕྱིར་སློག་བྱས་ཡོད།
ལྷག་པར་དུ་འདི་ཚེས་ ༡༡ ཉིན་རྒྱ་ནག་གཞུང་གིས་བླ་རུང་སྒར་གྱི་གྲྭ་ཤག་གཏོར་བཤིག་སྐབས་གྲྭ་པ་ཞིག་གིས་༸པཎ་ཆེན་སྐུ་ཕྲེང་ ༡༡ པ་མཆོག་གི་སྐུ་པར་ཆེན་པོ་ཞིག་འཕྱར་ནས་ངོ་རྒོལ་བྱས་རྐྱེན་ཉེན་རྟོག་པས་ཁོང་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ཀྱང་། ད་ལྟའི་ཆར་གྲྭ་པ་དེ་དང་འབྲེལ་བའི་གནས་ཚུལ་ཤེས་རྟོགས་གང་ཡང་བྱུང་མེད་ལ། རྒྱ་ནག་གཞུང་གིས་དེ་སྔོན་ཕྱི་ལོ་ ༢༠༠༡ དང་དེའི་རྗེས་ ༢༠༡༦ དང་ ༢༠༡༧ བཅས་སུ་བླ་རུང་སྒར་གྱི་གྲྭ་ཤག་མང་དྲགས་ལུགས་དང་། ཁྲིམས་མཐུན་གྱི་ཡིག་ཆ་མེད་ལུགས་སོགས་ལ་ཁ་གཡར་ནས་གྲྭ་བཙུན་གྱི་སྡོད་ཁང་མང་པོ་གཏོར་བཤིག་དང་གྲྭ་བཙུན་ཆིག་ཁྲི་ལྷག་ཕྱིར་འབུད་བཏང་ཡོད་པ་མ་ཟད། ཐེངས་མང་པོར་གྲྭ་བཙུན་གྱི་གྲངས་འབོར་ལ་ཚོད་འཛིན་དང་། ས་གནས་གཞན་ནས་ཡོང་བའི་གྲྭ་བཙུན་མང་པོ་རང་ཡུལ་དུ་ཕྱིར་སློག་བྱས་པའི་གནས་ཚུལ་བྱུང་ཡོད་པར་བརྟེན། ད་ལྟ་གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཏོར་བཤིག་དང་བོད་ཀྱི་སློབ་གྲྭ་དང་དགོན་སྡེ་ཁག་ཏུ་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་ལ་དམ་དྲག་ཧ་ཅང་ཆེན་པོ་བྱས་དང་བྱེད་བཞིན་པའི་གནས་སྟངས་ཤིག་ཆགས་ཀྱི་འདུག




