རྒྱ་ནག་གཞུང་གིས་རྒྱ་གར་གྱི་ཨ་རུ་ན་ཅཱལ་མངའ་སྡེར་བདག་དབང་རྩོད་ཆེད་ཁུལ་དེར་ Zangnan འམ་བོད་ལྷོ་ཕྱོགས་ཞེས་འབོད་པ་མ་ཟད། ཉེ་བའི་ལོ་ཤས་ནང་ཁུལ་དེའི་ནང་གི་ས་ཚིགས་མང་པོར་མིང་བསྒྱུར་རིམ་པ་བྱས་པའི་ཁྲོད། རྒྱ་གར་གཞུང་གིས་ཉེ་ལམ་ཨ་རུ་ན་ཅཱལ་གྱི་ས་ཁྲར་བསྐྱར་བཅོས་དང་འབྲེལ། ཁུལ་དེའི་ནང་གི་ཐབས་བྱུས་ལྡན་པའི་གལ་ཆེའི་གཞུང་ལམ་དང་། མཚོ། ས་ཚིགས་སོགས་ ༢༧ མངོན་གསལ་གྱིས་དེ་དག་གི་ཚད་ལྡན་མིང་འབོད་སྟངས་ལྟར་རྒྱ་གར་གྱི་ས་ཁྲའི་ཐོག་ངོས་འཛིན་བྱས་པ་དང་། དེར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཤུགས་ཆེ་བྱེད་དགོས་བྱུང་འདུག

དེ་ཡང་དེ་རིང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་དུ་གནས་ཚུལ་ཐོན་པར་གཞིགས་ན། ཟླ་འདིའི་ཕྱི་ཚེས་ ༧ རེས་གཟའ་པ་སངས་ཉིན་རྒྱ་གར་གཞུང་གིས་ཨ་རུ་ན་ཅཱལ་ནང་ཆགས་པའི་འཕགས་བོད་ས་མཚམས་ཁུལ་གྱི་ས་ཚིགས་ ༢༧ མངོན་གསལ་གྱིས་དེ་དག་རྒྱ་གར་གྱི་ས་ཁྲ་ནང་དངོས་སུ་བཀོད་པ་དང་། གསལ་བསྒྲགས་དེ་སྤེལ་བའི་ཉིན་གཅིག་གི་རྗེས་སུ་རྒྱ་ནག་གཞུང་གིས་རྒྱ་གར་གྱི་བྱ་སྤྱོད་དེ་ཉིད་བརྒྱུད་ཕྱོགས་གཉིས་ཀྱི་ས་མཚམས་ཀྱི་འབྲེལ་ལམ་ཙམ་མ་ཟད། རྒྱ་དཀར་ནག་གཉིས་ཀྱི་སྤྱི་ཡོངས་ཀྱི་འབྲེལ་ལམ་ལ་གནོད་སྐྱོན་འབྱུང་སྲིད་པའི་ཉེན་བརྡ་བཏང་བ་དང་འབྲེལ། ཨ་རུ་ན་ཅཱལ་ས་མཚམས་ཁུལ་གྱི་ས་ཚིགས་ལ་མིང་དེ་ལྟར་བཏགས་པ་དེས་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་ལམ་ཡར་རྒྱས་ཀྱི་ཕྱོགས་སུ་སྐྱོད་བཞིན་པ་དེ་དང་རྒྱབ་འགལ་ཏུ་འགྱུར་བའི་བྱ་སྤྱོད་ཅིག་ཡིན་པའི་སྐྱོན་བརྗོད་བྱས་འདུག
རྒྱ་གར་གཞུང་གིས་ད་རེས་ཨ་རུ་ན་ཅཱལ་གྱི་ས་ཁྲར་བསྐྱར་བཅོས་ཀྱིས་ས་ཚིགས་ ༢༧ ངོས་འཛིན་གཏན་འབེབས་དེ་ལྟར་བྱས་པ་དེ་ནི་དུས་ཚིགས་ཀྱི་ཆ་ནས་ཧ་ཅང་གནད་འགག་ཅན་ཞིག་ཆགས་ཀྱི་ཡོད་པ་དང་། དེའང་རྒྱ་གར་ངོས་ནས་ཡོང་རྒྱུའི་སྤྱི་ཟླ་ ༩ ཚེས་ ༡༢ ནས་ ༡༣ བར་གྱི་རྒྱལ་ས་ལྡི་ལིའི་ནང་ BRICS ལྷན་ཚོགས་གོ་སྒྲིག་གནང་གི་ཡོད་པ་དང་། དེའི་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བསྐྱོད་འཆར་ཡོད་པའི་དུས་ཤིག་ཆགས་ཀྱི་ཡོད་པ་མ་ཟད། རྒྱ་དཀར་ནག་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་ཡར་རྒྱས་འགྲོ་བཞིན་ཡོད་ཀྱང་། ས་མཚམས་ཀྱི་གནད་དོན་ཐོག་མུ་མཐུད་རྩོད་གཞི་ཡོད་པ་གསལ་སྟོན་གནང་གི་ཡོད་པ་རེད།
སྤྱིར་རྒྱ་གར་གཞུང་གིས་ཐེངས་འདིར་ཨ་རུ་ན་ཅཱལ་གྱི་ས་ཁྲར་བསྐྱར་ཞིབ་གནང་སྟེ། དེའི་ནང་ཐབས་བྱུས་ཐད་ཧ་ཅང་གལ་ཆེ་བའི་ས་ཚིགས་འདྲ་མིན་ ༢༧ ངོས་འཛིན་བྱས་ཡོད་པ་དེ་དག་ཁྲོད། Dzo La དང་ Riza La, Pukur La, Thag La བཅས་ལ་ཆེན་བཞི་གསལ་བཀོད་བྱས་པའི་ནང་ Thag La ལྟ་བུ་མཚོན་ན་ ༡༩༦༢ ལོའི་རྒྱ་དཀར་ནག་གཉིས་དབར་གྱི་དམག་འཁྲུག་འགོ་འཛུགས་བྱེད་སའི་གལ་ཆེའི་ལ་ཆེན་ཞིག་ཆགས་ཀྱི་ཡོད་པ་མ་ཟད། མངའ་སྡེ་དེའི་ནང་ཆགས་པའི་འཕགས་བོད་ས་མཚམས་ཁུལ་གྱི་ས་ཚིགས་ Asaphila དང་ Longju, Bisa, Maja, Upper Subansiri, Tulung la, Yangtse བཅས་ས་ཚིགས་ཁག་གཅིག་བཀོད་ཡོད་པའི་ནང་ Asaphila དང་ Longju, Bisa, Maja བཅས་ས་ཚིགས་བཞི་པོ་རྒྱ་ནག་གཞུང་གིས་ཧམ་བཤད་ཀྱིས་འཇུ་བཟུང་བྱས་ཡོད་པ་ར་སྤྲོད་བྱུང་ཡོད་པ་རེད་འདུག
འདི་ག་རླུང་འཕྲིན་ཁང་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འཕགས་བོད་ས་མཚམས་ཐོག་ཉམས་ཞིབ་གནང་མཁན་བྱེ་གཞོང་ཚེ་དབང་རྡོ་རྗེ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། ཨ་རུ་ན་ཅལ་ཁུལ་གྱི་འཕགས་བོད་ས་མཚམས་དཀའ་རྙོག་དེ་བཞིན་འཕགས་བོད་གཉིས་ཀྱི་ས་མཚམས་ལ་ཐུག་ཡོད་པ་འགྲེལ་བརྗོད་དང་སྦྲགས། དེ་ཡང་གཙོ་བོ་ཕྱི་ལོ་ ༡༩༡༤ ལོར་ཤིམ་ལའི་ཆིངས་ཡིག་བཞག་པའི་སྐབས་ McMohan ས་ཐིག་དང་འབྲེལ་བ་ཡོད་པ་དང་སྐབས་དེར་དབྱིན་གཞུང་དང་བོད་གཞུང་གཉིས་དབར་ཆིངས་ཡིག་བཞག་ཡོད་པ་མ་གཏོགས། རྒྱ་ནག་དང་འབྲེལ་བ་རྩ་བ་ནས་མེད་ཅེས་གསུངས་བ་མ་ཟད། ཨ་རུ་ན་ཅལ་གཙོས་པའི་འཕགས་བོད་ས་མཚམས་ཀྱི་དཀའ་རྙོག་སེལ་ཆེད་བོད་ཀྱི་གནད་དོན་གླེང་དགོས་ངེས་ཡིན་པ་འགྲེལ་བརྗོད་གནང་སོང་།
གཞི་རྩའི་རྒྱ་ནག་གིས་ཨ་རུ་ན་ཅཱལ་མངའ་སྡེའི་ས་ཁུལ་ཁག་གཅིག་བོད་ལྷོ་ཕྱོགས་ཡིན་པའི་བདག་དབང་རྩོད་བཞིན་པའི་ཐོག་ཕྱི་ལོ་ ༢༠༡༧ ནས་འགོ་འཛུགས་ཀྱིས་རིམ་པས་ཕྱི་ལོ་ ༢༠༢༡ དང་ ༢༠༢༣། ༢༠༢༤། ༢༠༢༥། ༢༠༢༦ བཅས་ཀྱི་ནང་ས་ཁུལ་ ༡༠༠ ལྷག་ལ་མིང་གསར་པ་བཏགས་ཡོད་པ་དེ་ལྟར་ཡང་། རྒྱ་གར་གྱི་ངོས་ནས་དེ་ནི་གཞི་རྩ་མེད་པ་ཞིག་རེད་ཅེས་སྐྱོན་བརྗོད་རིམ་པ་གནང་ཡོད་པ་མ་ཟད། དེ་སྔ་ཨ་རུ་ན་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་ཨ་རུ་ན་ཅཱལ་དང་ས་མཚམས་ཡོད་པའི་རྒྱལ་ཁབ་ནི་བོད་ཡིན་པ་ལས་རྒྱ་ནག་དང་ས་མཚམས་ཆགས་མེད་ཅེས་བསྐྱར་ནན་ཐེངས་མང་གནང་ཡོད་པ་རེད།




