རྒྱ་གར་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Prof. Varsha Eknath Gaikwad མཆོག་གིས་རྒྱ་ནག་གཞུང་གིས་གཏན་འབེབས་ལག་བསྟར་བྱེད་བཞིན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ལ་སེམས་འཚབ་དང་སྦྲགས། རྒྱ་གར་ཕྱི་སྲིད་བློན་ཆེན་དང་ནང་སྲིད་བློན་ཆེན་གཉིས་ལ་ཞུ་ཡིག་ཅིག་ཕུལ་འདུག

དེ་ཡང་ཕྱི་ཟླ་ ༧ ཚེས་ ༡ ཉིན་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་དེ་བཞིན་དངོས་སུ་ལག་བསྟར་བྱེད་འགོ་འཛུགས་ཡོད་པ་དང་འབྲེལ། ཉེ་ལམ་རྒྱ་གར་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Prof. Varsha Eknath Gaikwad མཆོག་གིས་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Dr. S. Jaishankar མཆོག་དང་ནང་སྲིད་བློན་ཆེན་སྐུ་ཞབས་ Amit Shah མཆོག་གཉིས་ལ་ཞུ་ཡིག་ཅིག་ཕུལ་བའི་ནང་། རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ཡིག་དེའི་བརྒྱུད། རྒྱ་ནག་གི་ཕྱི་ལ་ཡོད་པའི་ཚོགས་སྒེར་ཁག་ལ་གནོན་ཤུགས་ཡོང་སྲིད་པའི་ཉེན་ཁ་ཡོད་པ་མངོན་གསལ་གནང་བ་མ་ཟད། རྒྱ་གར་ནང་ཁྲིམས་མཐུན་གྱིས་གནས་བཞུགས་གནང་བཞིན་པའི་བོད་མི་རྣམས་ཀྱི་བདེ་འཇགས་དང་། རང་དབང་། དེ་བཞིན་བདེ་སྡུག་བཅས་ལ་དམིགས་བསལ་གྱི་ཉེན་ཁ་ཡོད་པ་བརྗོད་འདུག
མ་ཟད་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Varsha Eknath Gaikwad མཆོག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ཡིག་དེའི་བརྒྱུད་ནས་འཕགས་བོད་གཉིས་ཀྱི་ས་མཚམས་དང་འབྲེལ་བའི་གནད་དོན་ལ་དོ་ཕོག་དང་། ལྷག་པར་ཨ་རུ་ནཱ་ཅལ་འཕགས་བོད་ས་མཚམས་ཐོག་ཐད་ཀར་འབྲེལ་བ་ཡོད་པ་འགྲེལ་བརྗོད་གནང་འདུག་པ་མ་ཟད། ཉེ་ལམ་རྒྱལ་གཅེས་པ་བློ་དགའ་རང་བཙན་ལགས་ཀྱིས་རྒྱལ་ཚོགས་ཀྱི་མདུན་དུ་བོད་རྒྱལ་ཁབ་དང་མི་རིགས་དོན་དུ་རང་ལུས་མཆོད་མེར་ཕུལ་བའི་གནས་ཚུལ་ལུང་འདྲེན་དང་འབྲེལ། ཁྲིམས་ཡིག་དེས་མི་མང་པོའི་སེམས་ཁོངས་ལ་རྨ་ཁ་བཟོས་ཡོད་པ་དྲན་སྐུལ་གནང་འདུག
ཁོང་གིས་ད་དུང་རྒྱ་གར་རྒྱལ་ཁབ་ལྟ་བུ་མཚོན་ན་སྔར་ལམ་ནས་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ཀྱི་དབང་བསྒྱུར་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། ད་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བཙན་བྱོལ་བོད་མི་རྣམས་ལ་སྐྱབས་བཅོལ་གྱི་གནས་བབ་ཕུལ་ཡོད་པ་འགྲེལ་བརྗོད་དང་འབྲེལ། རྒྱ་གར་དབུས་གཞུང་ངོས་ནས་རྒྱ་ནག་གི་ཁྲིམས་ཡིག་དེའི་བརྒྱུད་བོད་མི་བཙན་བྱོལ་བ་རྣམས་ལ་ཤུགས་རྐྱེན་གང་ཕོག་སྲིད་པ་དང་དེ་དག་ལ་ཞིབ་འཇུག་བྱེད་དགོས་པའི་ཞུ་སྐུལ་གནང་བ་མ་ཟད། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་རིག་གཞུང་རྩ་གཏོར་སོགས་ཀྱི་གནད་དོན་དེ་དག་རྒྱལ་སྤྱི་སྤྱི་ཚོགས་ལ་བཤད་དགོས་པ་དང་རྒྱལ་ཁབ་གཞན་དང་ལྷན་གྲོས་མོལ་གནང་དགོས་པ་ནན་བརྗོད་གནང་འདུག
རྩ་བའི་ཟླ་འདིའི་ཚེས་ ༣ ནས་ ༧ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུག་མཐུན་ཚོགས་ཀྱི་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་བའི་ཁྲོད། གྲོས་ཚོགས་འཐུས་མི་ལྕམ་སྐུ་ Varsha མཆོག་ལ་ཆེད་བཅར་གྱིས་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ཡིག་བརྒྱུད་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་མེད་དུ་གཏོང་ཐབས་ཀྱི་སྲིད་བྱུས་ཤིག་ཡིན་པ་འགྲེལ་བརྗོད་དང་སྦྲགས། ཁྲིམས་ཡིག་དེ་བཞིན་གཏན་འབེབས་བྱས་པའི་ཉིན་གཅིག་གི་རྗེས་སུ་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད་པའི་གནས་སྟངས་སོགས་སྙན་སེང་ཞུས་ཡོད་པ་རེད།
ཞུ་ཡིག་དེ་དང་འབྲེལ་འདི་ག་རླུང་འཕྲིན་ཁང་གིས་རྒྱལ་སྤྱི་བོད་དོན་འབྲེལ་མཐུད་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་སུ་བཀའ་འདྲི་ཞུས་ཡོད།




