ཕྱི་ཟླ་ ༧ པའི་ཚེས་ ༡ ནས་འདི་ལོའི་ཕྱི་ཟླ་ ༡༢ ཀྱི་ཚེས་ ༣༡ བར་ Ireland དེ་བཞིན་ Council of the European Union ཞེས་ཡུ་རོབ་ལྷན་ཚོགས་ཀྱིས་ཟླ་དྲུག་འཁོར་སྐྱོད་ཚོགས་གཙོའི་འགན་ཁུར་བཞེས་བཞིན་ཡོད་པ་དང་བསྟུན། ཁ་སང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྙན་ཐོ་ཞིག་འདོན་སྤེལ་བརྒྱུད་ Ireland གྱིས་ཡུ་རོབ་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་ཡུན་བཞེས་རིང་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་ཐབས་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། ཆོས་དད་རང་དབང་གོང་འཕེལ། ཡུ་རོབ་མཐུན་ཚོགས་ཀྱི་བོད་དོན་དམ་རྒྱ་ནག་དམིགས་བསལ་སྐུ་ཚབ་བསྐོ་བཞག དེ་བཞིན་བོད་ཀྱི་ཁོར་ཡུག་གནད་དོན་དང་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་བཅས་དོན་ཚན་ལྔ་གཙོ་བཟུང་ཐོག་རྒྱ་ནག་དང་ལྷན་དུ་འབྲེལ་ལམ་ཁྲོད། བོད་ཀྱི་གནད་དོན་ལ་དོ་སྣང་ཆེ་བ་ཡོང་ཐབས་དགོས་པའི་ཞུ་སྐུལ་གནང་འདུག

དེ་ཡང་ཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲྭ་གནས་ཐོག Addressing the Strategic Crisis in Tibet ཞེས་པའི་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག་པའི་ནང་དུ། རྒྱ་ནག་གཞུང་གིས་བོད་ནང་འཛུགས་བསྐྲུན་ཡར་རྒྱས་དང་། བཅའ་སྡོད་སློབ་གྲྭའི་སྲིད་བྱུས། ས་མཚམས་སྲུང་སྐྱོབ་བཅས་ཀྱི་མིང་ཐོག་ནས་བཙན་དབང་གིས་མི་རིགས་མཉམ་བསྲེས་དང་། ལྷག་པར་དུ་དམག་མི་ཕོན་ཆེ་འགྲེམ་འཇོག་དང་དྲག་གནོན་གྱི་ལས་གཞི་ཤུགས་ཆེ་རུ་བཏང་བའི་ཁྲོད་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་གོམས་སྲོལ་སོགས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་དུ་གཏོང་བཞིན་ཡོད་པ་དང་། དེའི་ཁྲོད་འདི་ལོ་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་དམར་ཤོག་ཚོགས་པའི་ལས་བྱེད་པ་ ༢༢༠༠༠ ཙམ་ཆེད་གཏོང་གིས་བོད་མིའི་གཞི་རིམ་སྤྱི་ཚོགས་ནས་བཟུང་སྟེ་གྲོང་ཚོ་དང་དགོན་སྡེ་ཁག་གི་ནང་དུ་དོ་དམ་ནན་པོ་བྱེད་བཞིན་ཡོད་པ་གསུངས་འདུག
ལྷག་པར་དུ་འདི་ལོའི་ཕྱི་ཟླ་ ༧ པ་ནས་ལག་བསྟར་བྱེད་བཞིན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཞེས་པའི་ཁྲིམས་གསར་པའི་འོག་རྒྱ་ནག་གི་སྡུག་རྩུབ་དང་དྲག་གནོན་གྱི་བྱེད་སྒོ་དེ་དག་ཁྲིམས་མཐུན་བཟོས་པ་མ་ཟད། ཁྲིམས་དེའི་བརྒྱུད་ནས་ཡུ་རོབ་མཐུན་ཚོགས་གཙོས་པའི་ཕྱིའི་རྒྱལ་ཁབ་གཞན་གྱི་ནང་དུ་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཁྱབ་སྤེལ་གཏོང་བཞིན་ཡོད་པར། རྒྱལ་ཚོགས་ཀྱི་ཆེད་མཁས་མི་སྣ་དང་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན། དེ་བཞིན་ཡུ་རོབ་གྲོས་ཚོགས་བཅས་ཀྱིས་རྒྱ་ནག་གི་ཁྲིམས་གསར་པ་དེར་སྐྱོན་བརྗོད་དང་འབྲེལ་ནས་ཁྲིམས་དེ་འཕྲལ་མར་ཕྱིར་འཐེན་བྱེད་དགོས་པ་གསུངས་ཡོད་པ་ལུང་འདྲེན་གནང་འདུག
དེ་བཞིན་ས་བབས་ཀྱི་ཆ་ནས་བོད་དེ་བཞིན་ཨེ་ཤི་ཡ་གླིང་ཆེན་གྱི་དབུས་སུ་ཆགས་པ་མ་ཟད། རྒྱ་ནག་གིས་བོད་དེ་འཛམ་གླིང་མཐོ་སྒང་ས་ཁུལ་ཁོངས་ཀྱི་དམག་དཔུང་ཕོན་ཆེ་ཤོས་འགྲེམ་འཇོག་ཡོད་པའི་ས་ཁུལ་ཞིག་ཏུ་བསྒྱུར་ཡོད་པ་དེས། རྒྱ་གར་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་ཙམ་མ་ཟད། རྒྱ་གར་དང་ཞི་བདེ་རྒྱ་མཚོའི་བདེ་འཇགས་ལ་ཡང་དོ་ཕོག་གཏོང་གི་ཡོད་པ། ལྷག་པར་དུ་བོད་མཐོ་སྒང་དེ་བཞིན་ཨེ་ཤི་ཡ་གླིང་ཆེན་གྱི་འཐུང་ཆུའི་མཛོད་ལྟ་བུ་དང་། ས་ཡོམ་གྱི་ཉེན་ཁ་ཆེ་བའི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་ཐད་གནད་འགག་ཇི་ཙམ་ཡིན་མིན་ལ་མ་ལྟོས་པར་རྒྱ་ནག་གཞུང་གིས་བོད་མཐོ་སྒང་དུ་གཏེར་ཁ་སྔོག་འདོན་དང་བོད་ཀྱི་ཆུ་རྒྱུན་ཁག་གི་ཐོག་ལ་ཆུ་མཛོད་ཕོན་ཆེ་གསར་རྒྱག་བྱེད་བཞིན་བ་བཅས་ལ་གཞིགས་ཏེ། ད་ཆ་ཡུ་རོབ་མཐུན་ཚོགས་ནས་རྒྱ་ནག་ཐོག་རྟེན་རྒྱུ་ཉུང་དུ་གཏང་རྒྱུ་དང་། དཔལ་འབྱོར་བདེ་འཇགས། འགྲན་རྩོད་བཅས་ཀྱི་གནད་དོན་ཐོག་ནས་རྒྱ་ནག་དང་ལྷན་དུ་འབྲེལ་ལམ་བསྐྱར་ཞིབ་བྱེད་བཞིན་པའི་དུས་སྐབས་འདིར། བོད་དེ་བཞིན་མཚོན་དོན་ཙམ་ཞིག་མིན་པར། བདེ་འཇགས་དང་ས་ཁམས་ཐབས་བྱུས། གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་སྲུང་སྐྱོབ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཅས་ཀྱི་ཀྒག་མཚམས་གལ་ཆེན་ཞིག་ལ་སླེབས་པའི་ཐབས་བྱུས་ཀྱི་སེམས་འཚབ་སྐྱེ་དགོས་པའི་གནད་དོན་ཞིག་ལ་རྩིས་དགོས་པ་གསུངས་འདུག
དེ་བཞིན་ Ireland གྱི་ཡུ་རོབ་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་བའི་ཟླ་དྲུག་གི་དུས་ཡུན་འདིའི་ནང་། ཨ་རི་གཙོས་པའི་མཐུན་ཕྱོགས་རྒྱལ་ཁབ་རྣམས་དང་མཉམ་རུབ་ཐོག་ཕྱི་ལོ་ ༢༠༡༠ ནས་ཆད་པའི་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་ཐབས་དང་། བོད་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ལ་བཞེངས་ཕྱོགས་མཁྲེགས་ཙམ་འཛིན་ཏེ་ཡུ་རོབ་མཐུན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གཙིགས་ཆེར་འཛིན་པའི་རིན་ཐང་སྲུང་སྐྱོབ་གནང་བའི་ཐོག་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་ཐོག་ལ་ཤུགས་དྲག་ཆེན་པོ་དང་མངོན་གསལ་དོད་པོའི་གླེང་སློང་གནང་དགོས་པ། རྒྱ་ནག་གཞུང་གིས་བོད་མའི་ཆོས་དད་རང་དབང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་གདོང་ལེན་སླད་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ ༢༧ གྱི་ཚབ་ཞུས་ཏེ་ཆོས་དད་རང་དབང་སྲུང་སྐྱོབ་དང་༸རྒྱལ་བའི་ཡང་སྲིད་འདེམས་ཕྱོགས་ཐད་རྒྱ་ནག་གི་ཐེ་བྱུས་བྱེས་རྒྱུ་མེད་པའི་བསྒྲགས་གཏམ་སྤེལ་དགོས་པ། ཡུ་རོབ་རྒྱལ་ཁབ་མང་དག་ཅིག་གིས་ཡུ་རོབ་མཐུན་ཚོགས་ཀྱི་བོད་དོན་དམིགས་བསལ་སྐུ་ཚབ་བམ་ཡང་ན་རྒྱ་ནག་དམིགས་བསལ་སྐུ་ཚབ་བསྐོ་བཞག་གནང་རྒྱུའི་རེ་འདུན་ལ་དང་་ལེན་གནང་སྟེ་བོད་དོན་རྒྱབ་སྐྱོར་གྱི་ལས་གཞི་ཚགས་ཚུད་དུ་གཏང་དགོས་པ། ལྷག་པར་དུ་རྒྱ་ནག་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་དང་གནམ་གཤིས་འགྱུར་ལྡོག དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་ཐོག་འབྲེལ་མོལ་གནང་བའི་སྐབས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་གནས་སྟངས་ངེས་པར་དུ་གླེང་དགོས་པ་བཅས་དོན་ཚན་ལྔ་གཙོ་བཟུང་ཐོག་བོད་དོན་ལ་དོ་སྣང་ཆེ་ཙམ་ཡོང་ཐབས་དགོས་པ་གསུངས་འདུག




