གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐེངས་ ༣༡ པ་དེ་ Turkey རྒྱལ་ཁབ་ནང་འཚོག་བཞིན་པ་དང་བསྟུན། བལ་ཡུལ་དང་འབྲུག་ཡུལ། དེ་བཞིན་ Kyrgyzstan བཅས་ཀྱིས་གནམ་གཤིས་འགྱུར་ལྡོག་གིས་རི་ཁུལ་དང་། ལྷག་པར་དུ་ཧི་མ་ལ་ཡའི་རི་རྒྱུད་ལ་ཤུགས་རྐྱེན་ཐེབས་བཞིན་པའི་གནད་དོན་ཐོག་རྒྱལ་སྤྱིའི་དོ་སྣང་དང་མཉམ་ལས་ཡོང་ཐབས་སུ་རྒྱལ་ཚོགས་ཀྱི་གནམ་གཤིས་གྲོས་མོལ་ནང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཚུད་དགོས་པའི་གྲོས་འཆར་བཏོན་གནང་ཡོད་ཀྱང་། རྒྱལ་ཁབ་གཙོ་བོ་ཁག་གཅིག་གི་རྒྱབ་སྐྱོར་མ་ཐོབ་པས་གྲོས་འཆར་དེ་བཞིན་ཚོགས་ཆེན་གྱི་དངོས་གཞིའི་གྲོས་གཞིའི་ནང་འཇོག་ཐུབ་མེད་པ་རེད།

དེ་ཡང་ཟླ་འདིའི་ཚེས་ ༩ ནས་ ༢༠ དབར་ Turkey གྱི་གྲོང་ཁྱེར་ Antalya ནང་དུ་ COP 31 ཞེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཁོར་ཡུག་ལྷན་ཚོགས་འཚོག་བཞིན་པ་དང་། དེའི་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་ ༡༢༠ ལྷག་གི་དབུ་ཁྲིད་དང་སྐུ་ཚབ་སོགས་ལྷན་འཛོམས་ཀྱིས་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཐོག་གླེང་མོལ་གནང་བཞིན་པའི་ཁྲོད་འདིར། ལྷན་ཚོགས་ཐོག་བལ་ཡུལ་དང་འབྲུག་ཡུལ་གཉིས་ཟུང་སྦྲེལ་གྱིས་“རི་མཐོའི་ས་ཁུལ་དུ་དྲོད་ཚད་ཌི་གི་རི་ ༡.༥ འཕར་བའི་ཤུགས་རྐྱེན་”ཞེས་པའི་གྲོས་འཆར་བཏོན་ཡོད་པ་དང་། དེའི་ནང་གཙོ་བོ་གོ་ལ་སྤྱིའི་ཚ་དྲོད་དང་། བྱེ་བྲག་ཏུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཚ་དྲོད་འཕར་བའི་རྐྱེན་འཁྱགས་རོམ་བཞུར་ནས་ཆུ་ལོག་གི་གནོད་འཚེ་མང་པོ་འབྱུང་བཞིན་པ་དང་། མཚོ་དང་མཚེའུ་རྒྱས་པ། གཏན་འཇགས་འཁྱགས་རོམ་བཞུར་བ་སོགས་ཕྱོགས་ཡོངས་ནས་རང་བྱུང་སྐྱེ་དངོས་ལ་གནོད་འཚེ་ཐེབས་པ་ཙམ་མ་ཡིན་པར་མི་རྒྱུ་ཟོག་གསུམ་ལའང་གོད་ཆགས་ཕོག་གི་ཡོད་པས། དེ་འབྲེལ་རྒྱལ་ཁབ་ཁག་ནས་རི་མཐོའི་ཁོར་ཡུག་དང་གངས་རི། འཁྱགས་རོམ། ཆུ་བོ་བཅས་ལ་གནམ་གཤིས་དྲོད་ཚད་འཕར་བའི་ཤུགས་རྐྱེན་ཇི་ཡོད་ཚན་རིག་གི་ཞིབ་འཇུག་བྱ་རྒྱུ་དང་ཆབས་ཅིག །ལྷག་པར་རི་མཐོའི་གནམ་གཤིས་གནད་དོན་ཐད་ལོ་རེར་མཐོ་རིམ་ཆབ་སྲིད་གྲོས་མོལ་འཚོག་རྒྱུ་ཙམ་མ་ཟད། འདི་ལོའི་རྒྱལ་ཚོགས་ཀྱི་གནམ་གཤིས་གྲོས་མོལ་གྱི་དངོས་གཞིའི་གྲོས་གཞིར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཚུད་དགོས་པའི་གྲོས་འཆར་བཏོན་འདུག
མ་ཟད་ Kyrgyzstan ཀྱིས་ཀྱང་གནམ་གཤིས་འགྱུར་ལྡོག་གིས་རི་ཁུལ་ལ་ཤུགས་རྐྱེན་ཐེབས་བཞིན་པའི་གནད་དོན་ཐོག །རྒྱལ་སྤྱིའི་དོ་སྣང་དང་མཉམ་ལས་ཡོང་ཐབས་སུ་གྲོས་འཆར་ཞིག་ཟུར་དུ་བཏོན་གནང་ཡོད་ཀྱང་། གྲོས་འཆར་གཉིས་པོར་རྒྱལ་ཁབ་གཙོ་བོ་ཁག་གཅིག་གི་རྒྱབ་སྐྱོར་མ་ཐོབ་པར་བརྟེན། གྲོས་འཆར་དེ་བཞིན་ཚོགས་ཆེན་གྱི་དངོས་གཞིའི་གྲོས་གཞིའི་ནང་འཇོག་ཐུབ་མེད་པ་རེད།
དེ་འབྲེལ་ Kathmandu Post གསར་ཤོག་ཐོག་བལ་ཡུལ་ཕྱི་སྲིད་བློན་ཆེན་ Shisir Khanal མཆོག་གིས་རི་མཐོའི་ས་ཁུལ་དུ་དྲོད་ཚད་ཌི་གི་རི་ ༡.༥ འཕར་བའི་ཤུགས་རྐྱེན་ཞེས་པའི་གྲོས་གཞི་དེ་བཞིན་རྒྱལ་ཚོགས་ཀྱི་གནམ་གཤིས་གྲོས་མོལ་གྱི་གཞུང་འབྲེལ་གྲོས་གཞིར་ཚུད་མེད་ཀྱང་། བལ་ཡུལ་དང་འབྲུག་ཡུལ། Kyrgyzstan བཅས་ཀྱིས་ཐེངས་རྗེས་མའི་ COP ཚོགས་ཆེན་ཐོག་ཇི་ལྟར་འཁྱེར་དགོས་མིན་ཐད་གྲོས་མཐུན་བྱུང་ཡོད་པ་དང་། དེའི་སྐོར་ལ་བདུན་ཕྲག་རྗེས་མར་ COP ཚོགས་འདུའི་འགན་འཛིན་དང་གོ་བསྡུར་གནང་རྒྱུ་གཏན་ཁེལ་ཟིན་པ་མ་ཟད། གོང་ཞུས་གནད་དོན་དེ་བཞིན་རྒྱལ་ཚོགས་ཀྱི་ཁོར་ཡུག་གླེང་སྟེགས་གཞན་ཁག་གཅིག་ནང་དུའང་གླེང་སློང་གནང་རྒྱུའི་ཐག་གཅོད་བྱུང་ཡོད་པ་གསུངས་འདུག
མ་ཟད་བལ་ཡུལ་གྱི་ཚོགས་འདུའི་སྐུ་ཚབ་ Avishek Shrestha ལགས་ཀྱིས་ཐེངས་འདིའི་གྲོས་གཞིར་གཙོ་བོ་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་ནས་རྒྱབ་སྐྱོར་གནང་མེད་པར་སེམས་འཚབ་མངོན་གསལ་དང་འབྲེལ། ཚན་རིག་པས་ད་སྐབས་ཧི་མ་ལ་ཡའི་རི་རྒྱུད་དུ་འབྱུང་བའི་གོད་ཆགས་རིགས་ཡང་ཡང་ཡོང་བཞིན་པ་དེ་གནམ་གཤིས་འགྱུར་ལྡོག་གི་རྐྱེན་པའི་ཡིན་སྐོར་ར་སྤྲོད་གནང་ཡོད་པ་ལྟར། རྒྱལ་ཁབ་གཞན་ཚོས་ཀྱང་དེ་ལྟར་ངོས་ལེན་ཐོག །ངེས་པར་དུ་གནམ་གཤིས་འགྱུར་ལྡོག་གིས་ཉེན་ཁ་བཟོ་བཞིན་པའི་གནད་དོན་འདི་གནད་འགག་ཅིག་ཏུ་རྩིས་ཏེ། དེ་འབྲེལ་ནུས་པ་མཉམ་སྤུངས་ཀྱིས་འགན་ཁུར་དགོས་པའི་ཞུ་སྐུལ་གནང་འདུག
གཞི་རྩའི་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་བལ་ཡུལ་ཕྱི་སྲིད་བློན་ཆེན་ Shisir Khanal མཆོག་གིས་ཡུལ་དེའི་ནང་ཉེ་ལམ་ཆུ་ལོག་གི་རྐྱེན་ངན་བྱུང་བ་དེ་གོ་ལའི་གནམ་གཤིས་འགྱུར་ལྡོག་རྐྱེན་གྱིས་ཡིན་པར་བསྐྱར་ནན་དང་། ལྷག་པར་རྐྱེན་ངན་བྱུང་རྗེས་བལ་ཡུལ་ནང་དུ་མི་གྲངས་སྟོང་ཕྲག་བརྒལ་བ་འདས་གྲོངས་དང་གར་སོང་ཆ་མེད་དུ་གྱུར་ཡོད་པ། དེ་བཞིན་འཛུགས་སྐྲུན་དང་ཁང་པ་སོགས་ལ་གོད་ཆགས་ཤུགས་ཆེ་ཕོག་ཡོད་པ་གསལ་སྟོན་དང་སྦྲགས། ད་ལྟའི་དུས་སྐབས་འདིར་རྒྱལ་ཁབ་དང་གླིང་ཕྲན་ཞེས་ཁེར་རྐྱང་གི་བསམ་བློ་གཏོང་བའི་དུས་ཚོད་གཅིག་མིན་པར་གོ་ལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ལ་འགན་འཁུར་དགོས་གལ་ཡིན་པ་གསུངས་ཡོད་པ་རེད།




