Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

སྲིད་སྐྱོང་སྤེན་པ་ཚེ་རིང་།

སློབ་གྲྭ་རྩིས་སྤྲོད་རྩིས་ལེན་གནང་རྒྱུ་དེ་གཡོལ་ཐབས་མེད་པའི་ལས་དོན་གལ་ཆེ་ཞིག་ཡིན་པར་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་ ༩ ཚེས་ ༦ ནས་རྒྱ་གར་གཞུང་གི་ཤེས་རིག་བློན་ཆེན་ལས་ཁུངས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁོངས་སུ་རྩིས་སྤྲོད་གནང་འདས་ཡོད་པའི་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཆེ་ཁག་ལྔར་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་བཞིན་ཡོད་པའི་ཁྲོད་འདིར་རྩིས་སྤྲོད་ལྷག་འདས་ཡོད་པའི་སློབ་གྲྭ་དེ་དག་རྩིས་སྤྲོད་རྩིས་ལེན་གནང་རྒྱུ་དེ་ནི་གཡོལ་ཐབས་མེད་པའི་ལས་དོན་གལ་ཆེ་ཞིག་ཡིན་པར་གསུངས་ཡོད།སྲིད་སྐྱོང་མཆོག་གིས་ཕྱི་ཚེས་ ༧ ཉིན་སིམ་ལ་གཏན་སློབ་ཀྱི་སློབ་སྤྱི་ S.K.Singh ལགས་དང་རེག་ཊར་ཕུན་ཚོགས་ཚེ་རིང་ལགས་གཙོས་འབྲེལ་ཡོད་དགེ་སློབ་ཡོངས་དང་མཇལ་འཕྲད་གནང་སྟེ་ཐེངས་འདིའི་འཚམས་གཟིགས་ཀྱི་གནད་དོན་གཙོ་བོ་ནི་སློབ་གྲྭ་རྩིས་སྤྲོད་རྩིས་ལེན་གྱི་ལས་དོན་དང་འབྲེལ་བ་ཡོད་སྐོར་གསུངས་ཡོད་པ་དང་། ཁུལ་དེའི་འཚམས་གཟིགས་ཁག་གྲུབ་མཚམས་སུ་ཧར་པར་སྤུར་དང་མ་སུ་རི་གཏན་སློབ་གཉིས་ལ་འཚམས་གཟིགས་དང་སྦྲགས་ཏེ་འབྲེལ་ཡོད་རྣམས་དང་མཇལ་འཕྲད་ཀྱིས་གསུངས་བཤད་གནང་ཡོད།སྐབས་དེའི་འཚམས་གཟིགས་དང་འབྲེལ་ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྲིད་སྐྱོང་མཆོག་གིས་འདས་པའི་ཟླ་བ་གསུམ་ལྷག་གི་ཕྱག་ལས་ཁྲོད་དུ་རྒྱ་གར་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ལ་རྩིས་སྤྲོད་གནང་བཞིན་པའི་སློབ་གྲྭ་ཁག་གི་རྒྱབ་ལྗོངས་ལ་གཟིགས་ཞིབ་གནང་སྐབས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་ཏུ་བོད་པའི་སློབ་ཕྲུག་གི་གྲངས་འབོར་ཉུང་དུ་ཕྱིན་པ་དེ་ནི་བློ་འཚབ་ཀྱི་གནས་སྟངས་ཤིག་ཏུ་གཟིགས་ཏེ།ད་རེས་རྩིས་སྤྲོད་ལྷག་འདས་ཡོད་པའི་སློབ་གྲྭ་དེ་དག་གི་གནས་སྟངས་དངོས་སུ་རྒྱུས་ལོན་གནང་སྟེ་བོད་པའི་སློབ་གྲྭ་ཁག་གི་སྤྱི་ཡོངས་གནས་བབ་ལ་འགྱུར་བ་དང་། ལྷག་པར་དུ་རྩིད་སྤྲོད་ལྷག་འདས་ཡོད་པའི་སློབ་གྲྭ་དེ་དག་རྩིས་སྤྲོད་རྩིས་ལེན་གནང་རྒྱུ་དེ་ནི་གཡོལ་ཐབས་མེད་པའི་ལས་དོན་གལ་ཆེ་ཞིག་ཡིན་པར་གསུངས་ཡོད།གཞི་རྩའི་རྒྱ་གར་དབུས་གཞུང་གིས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་རིམ་བཞིན་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་གནང་གཏན་ཁེལ་བ་ནས་བཟུང་ཕྱི་ལོ་ ༢༠༡༣ ལོ་ནས་ད་བར་སློབ་གྲྭ་ཁག་ ༥༥ རྩིས་སྤྲོད་གནང་ཟིན་པ་དང་ད་ལྟའི་ཆར་སིམ་ལ་དང་ཧར་པར་སྤུར། མ་སུ་རི། རྡོ་རྗེ་གླིང་། ཀ་སྦུག དེ་བཞིན་ཌལ་ཧོར་བཅས་གཏན་སློབ་ཁག་དྲུག་གི་རྩིས་སྤྲོད་རྩིས་ལེན་གྱི་ལས་རིམ་འགྲོ་བཞིན་པ་རེད།ད་ཆ་སློབ་གྲྭ་ཆེ་ཁག་དྲུག་པོ་དེ་དག་གི་སློབ་མའི་གྲངས་འབོར་ཉུང་དུ་སོང་བ་མ་ཟད་ལྷག་པར་དུ་ད་ཡོད་སློབ་ཕྲུག་ཁོངས་ནས་བརྒྱ་ཆ་ ༩༠ ཙམ་ས་གནས་ཡུལ་མི་དང་ཧི་མཱ་ལ་ཡ་མངའ་ཁུལ་གྱི་སློབ་མ་ཆགས་ཀྱི་ཡོད་སྟབས། ཉེ་ལམ་སློབ་གྲྭ་དག་གི་དགེ་ལས་ཁག་ཅིག་ནས་རྒྱ་གར་གྱི་བརྒྱུད་ལམ་ཐོག་ངོ་རྒོལ་གྱི་རྣམ་པ་བསྟན་ཡོད་པ་དང་། སྲིད་སྐྱོང་མཆོག་གི་མཚམས་གཟིགས་ཁྲོད་དུ་འབྲེལ་ཡོད་ཁག་ཅིག་ནས་སློབ་གྲྭ་དེ་དག་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྩིས་བཞེས་གནང་ན་འགྲིག་མིན་གྱི་གཞེན་སྐུལ་ཕུལ་མཁན་ཡང་བྱུང་ཡོད།བོད་མིའི་སྒྲིག་འཛུགས་ཀྱིས་སྤེལ་བའི་གནས་ཚུལ་ནང་སྲིད་སྐྱོང་མཆོག་ནས་རྩིས་སྤྲོད་ལྷག་འདས་ཡོད་པའི་སློབ་གྲྭ་དེ་དག་རྩིས་བཞེས་གནང་མིན་གྱི་སྐུ་དབང་དེ་བོད་མིའི་སྒྲིག་འཛུགས་ཁོ་ནར་མེད་སྟབས། ཐེངས་འདིའི་འཚམས་གཟིགས་ཁྲོད་རྩིས་སྤྲོད་ལྷག་འདས་ཡོད་པའི་སློབ་གྲྭ་ཁག་གི་སློབ་མའི་གནས་སྟངས་དང་། བོད་ཕྲུག་གི་གྲངས་འབོར། དེ་བཞིན་འབྲེལ་ཡོད་རྒྱ་གར་ས་གནས་ཡུལ་མིའི་སློབ་ཕྲུག དགེ་རྒན་གྱི་གནས་བབ་སོགས་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་རྒྱུས་ལོན་གནང་ཟིན་པའི་རྗེས་སུ་རྒྱ་གར་དབུས་གཞུང་གི་འབྲེལ་ཡོད་དཔོན་རོགས་ཚོ་དང་བཀའ་བསྡུར་ཞུ་རྒྱུ་ཡིན་པ་དང་། གལ་སྲིད་རྒྱ་གར་དབུས་གཞུང་ནས་སློབ་གྲྭ་དེ་དག་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ངེས་པར་དུ་རྩིས་བཞེས་དགོས་པར་བཀའ་ཕེབས་ཚེ་སློབ་གྲྭའི་གནས་སྟངས་དང་སློབ་མའི་ཤེས་ཡོན་སོགས་ཀྱི་ཐོག་འཐུས་ཤོར་མེད་པའི་ཐུགས་འགན་བཞེས་ངེས་ཡིན་པར་གསུངས་འདུག རྩ་བའི་སྲིད་སྐྱོང་མཆོག་ད་ལྟའི་ཆར་རྩིས་སྤྲོད་ལྷག་འདས་ཡོད་པའི་སློབ་གྲྭ་ཁག་གསུམ་ནང་གི་འཚམས་གཟིགས་གྲུབ་ཏེ་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་ཀྱི་རིང་རྒྱ་གར་ནུབ་སྦེང་གྷལ་མངའ་སྡེར་ཡོད་པའི་ཀ་ལོན་སྦུག་གཏན་སློབ་དང་རྡོ་རྗེ་གླིང་གཏན་སློབ་གཉིས་ཀྱི་གནས་སྟངས་རྒྱུས་ལོན་གནང་སྟེ་ཕྱི་ཚེས་ ༡༢ དང་ ༡༣ བཅས་སུ་རྒྱལ་ས་ལྡི་ལིར་རྒྱ་གར་དབུས་གཞུང་གི་གནད་ཡོད་མི་སྣར་མཇལ་འཕྲད་དང་དེ་འབྲེལ་ཚོགས་འདུ་ཁག་ཅིག་འཚོགས་འཆར་ཡོད་པ་རེད།སྲིད་སྐྱོང་མཆོག་གིས་ད་རེས་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་ཏུ་འཚམས་གཟིགས་གནང་བའི་གོ་སྐབས་དང་བསྟུན་ས་གནས་དེ་དག་གི་ཉེ་འཁྲིས་སུ་ཡོད་པའི་བོན་གཞིས་ཌོ་ལན་ཇི་དང་། ཌོ་ལན་ཇི་སཾ་བྷོ་ཊ་སློབ་གྲྭ དེ་བཞིན་མ་སུ་བོད་ཁྱིམ་བཅས་སུ་གཟིགས་ཞིབ་དང་འབྲེལ་ཡོད་ཚོར་གསུང་བཤད་སོགས་གནང་ཡོད།

སྲིད་སྐྱོང་མཆོག་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་ཁག་ཅིག་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་པ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་གཞུང་གི་ཤེས་རིག་བློན་ཆེན་ལས་ཁུངས་ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁོངས་སུ་རྩིས་སྤྲོད་གནང་འདས་ཡོད་པའི་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སློབ་གྲྭ་ཆེ་ཁག་ལྔ་ནང་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་འདུགསྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དེ་རིང་ཕྱི་ཟླ་ ༩ ཚེས་ ༦ ཉིན་རྒྱབ་བཞུགས་སྒར་དྷརྨ་ས་ལ་ནས་སིམ་ལར་ཕེབས་ཐོན་གནང་སྟེ་སང་ཉིན་སིམ་ལ་གཏན་སློབ་ཏུ་སློབ་གྲྭའི་སློབ་སྤྱི་གཙོས་དགེ་ལས་སློབ་གཉེར་བ་ཚོ་དང་ལྷན་དུ་ཚོགས་འདུ་འཚོགས་རྒྱུ་དང་། ས་གནས་དེའི་ཉེ་འཁྲིས་སུ་ཡོད་པའི་བོན་གཞིས་ཌོ་ལན་ཇི་ལ་འཚམས་གཟིགས་གནང་གྲུབ་མཚམས་སུ་ཧར་སྤུར་དང་མ་སུ་རི་གཏན་སློབ་ཏུ་ཕེབས་ཏེ་ཚོགས་འདུ་ཁག་ཅིག་བསྐྱང་རྒྱུ་ཡིན་པ་རེད། ཁུལ་དེའི་ཚོགས་འདུ་ཁག་གྲུབ་མཚམས་སུ་ཕྱི་ཚེས་ ༡༠ ཉིན་སྲིད་སྐྱོང་མཆོག་རྒྱ་གར་ནུབ་བྷེང་གྷལ་མངའ་སྡེ་ནང་ཡོད་པའི་ཀ་སྦུག་བཅས་ཀྱི་གཏན་སློབ་དང་རྡོར་རྗེ་གླིང་གཏན་སློབ་གཉིས་སུ་འཚམས་གཟིགས་དང་སྦྲགས་སློབ་སྤྱི་དང་དགེ་ལས་སློབ་གཉེར་བ་ཚོ་དང་ལྷན་དུ་ཚོགས་འདུ་འཚོགས་རྒྱུ་ཡིན་པ་ཙམ་མ་ཟད་ས་གནས་ཀྱི་བོད་མི་ཚོ་དང་མཇལ་འཕྲད་ཀྱང་གནང་འཆར་ཡོད་པ་རེད། ཐེངས་འདིའི་སྲིད་སྐྱོང་མཆོག་གི་འཚམས་གཟིགས་ནི་རྒྱ་གར་དབུས་གཞུང་གི་ངོས་ནས་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་རྩིས་ལེན་གནང་འདས་ཡོད་པའི་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སློབ་གྲྭ་ཁག་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་པ་དང་། སྲིད་སྐྱོང་མཆོག་ནས་སློབ་གྲྭ་དེ་དག་ནང་འཚམས་གཟིགས་དང་སྦྲགས་ཚོགས་འདུ་ཁག་ཚོགས་གྲུབ་པའི་རྗེས་ཏེ་ཟླ་ ༩ ཚེས་ ༡༢ དང་ ༡༣ བཅས་སུ་རྒྱལ་ས་ལྡི་ལིར་རྒྱ་གར་དབུས་གཞུང་གི་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་སྟེ་དེ་འབྲེལ་ཚོགས་འདུ་ཁག་ཅིག་ལེགས་གྲུབ་མཚམས་སུ་བཞུགས་སྒར་དུ་ཕྱིར་ཕེབས་ཀྱི་ཡོད་པ་རེད། གཞི་རྩའི་དེ་སྔ་རྒྱ་གར་དབུས་གཞུང་ནས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་རིམ་བཞིན་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་གནང་གཏན་འཁེལ་བ་ནས་བཟུང་ཕྱི་ལོ་ ༢༠༡༣ ལོར་སྔོན་འགྲོ་དང་གཞི་རིམ་འོག་མ་ཅན་གྱི་སློབ་གྲྭ་ ༣༧ རྩིས་སྤྲོད་དང་། ཕྱི་ལོ་ ༢༠༡༦ ལོར་གཞི་རིམ་འོག་མ་དང་གཞི་རིམ་བར་མ་ཅན་གྱི་སློབ་གྲྭ་ ༡༠ རྩིས་སྤྲོད།...

ད་ལྟ་འཕྲད་བཞིན་པའི་དཀའ་ངལ་འདི་འཕྲལ་དུ་སེལ་མ་ཐུབ་ཚེ་བོད་ནང་རྩ་དོན་གྱི་ལས་འགུལ་སྤེལ་མཚམས་འཇོག་རྒྱུའི་བརྡ་ལན་འབྱོར་འདུག

དེ་རིང་བོད་མིའི་མང་གཙོའི་དུས་དྲན་ཐེངས་ ༦༡ ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ལ་དེ་སྔོན་ཕྱི་ལོ་ ༡༩༨༠ གྱ་གྲངས་ནང་ལ་འཕྲད་པའི་དཀའ་ངལ་སོགས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་ལོ་རྒྱུས་ཁག་ཅིག་དྲན་སྐུལ་དང་འབྲེལ་ཏེ། ད་ལྟ་གནས་སྐབས་འཕྲད་བཞིན་པའི་དཀའ་རྙོག་འདིའི་ཐོག་ང་ཚོར་སེམས་ཐག་ཉེ་བའི་གཞུང་དང་གྲོས་ཚོགས། བོད་དོན་རྒྱབ་སྐྱོར་བ་བཅས་ནས་ཐུགས་འཚབས་ཆེན་པོ་གནང་བཞིན་ཡོད་པ་མ་ཟད། ལྷག་པར་དུ་བོད་ནང་ནས་ཀྱང་དཀའ་རྙོག་འདི་འཕྲལ་དུ་སེལ་མ་ཐུབ་ཚེ་རྩ་དོན་གྱི་ལས་འགུལ་ཁག་སྤེལ་མཚམས་འཇོག་རྒྱུ་ཡིན་པའི་བརྡ་ལན་འབྱོར་བྱུང་ཞེས་གསུངས་པ་དང་ཆབས་ཅིག བཀའ་ཤག་གསར་པའི་ངོས་ནས་དཀའ་ངལ་འདི་སེལ་ཐབས་སུ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ཐབས་ཚུལ་གང་ལའང་མཐུན་འགྱུར་རྒྱབ་སྐྱོར་ཞུ་ངེས་ཡིན་ཅེས་གསུངས་ཡོད།དེ་རིང་ཕྱི་ཟླ་ ༩ ཚེས་ ༢ ཉིན་གྱི་སྔ་དྲོ་ཚོུད་ ༩་༣༠ ཐོག་བཞུགས་སྒར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་མཛ་གཙོ་རྣམ་པ་དང་དྲུང་གཞོན་ཡན་གྱི་སྲི་ཞུ་བ་རྣམས་ལྷན་འཛོམས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོའི་ལམ་བཟང་གསོལ་སྩལ་བཀའ་དྲིན་བསྐྱངས་ཏེ་མི་ལོ་ ༦༡ འཁོར་བའི་གཞུང་འབྲེལ་གྱི་མཛད་སྒོ་གཟབ་རྒྱས་ཚོགས་ཡོད་པ་རེད།སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་མང་གཙོའི་དུས་དྲན་གྱི་གསུད་བཤད་ཐོག་མ་དེར་ཕྱི་ལོ་ ༡༩༦༡ ལོར་དཀའ་ཚེགས་ཆེ་བའི་ཁོར་ཡུག་ཁྲོད་བཙན་བྱོལ་དུ་སྐབས་དང་པོའི་སྤྱི་འཐུས་ལྷན་ཚོགས་དབུ་བརྙེད་པ་ནས་བཟུང་སྟེ་ད་བར་མང་གཙོའི་འཕེལ་རིམ་ཁག་ཞིབ་རྒྱས་ངོ་སྤྲོད་གནང་བ་དང་། མང་གཙོའི་གོམ་སྟབས་རླབས་ཆེན་དེར་དེ་སྔ་ ༡༩༨༠ ནང་དུ་འགོག་རྐྱེན་མི་ཉུང་བ་ཞིག་འཕྲད་མྱོང་ཡོད་ཀྱང་། ༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བརྟན་ཅིང་གཡོ་བ་མེད་པའི་མཐུ་ནུས་ལ་བརྟེན་ནས་དུས་རབས་འཕེལ་འགྱུར་གྱི་གོམ་སྟབས་དང་མཐུན་པའི་བསྒྱུར་བཅོས་མཛད་པ་རྣམས་ལ་བཀག་འགོག་གཏན་ནས་གནང་ཐུབ་མེད་སྐོར་གསུངས་སོང་།སྲིད་སྐྱོང་མཆོག་གིས་མང་གཙོའི་ལམ་ལུགས་ཀྱི་སྙིང་པོ་གང་ཡིན་པར་ངོ་སྤྲོད་གནང་བ་དང་། སྐབས་གསར་པའི་བཀའ་ཤག་གི་སྤྱི་སྙོམས་དྲང་བདེན་གྱི་བསྒྲགས་ཚིག་སྙིང་པོ་ཁྲིམས་ཀྱི་དབང་སྒྱུར་ཡིན་པར་ནན་གསུངས་ཀྱིས་དེ་རིང་གཞིས་བཞུགས་སྤུན་ཟླ་རྣམས་ལ་མང་གཙོའི་དུས་ཆེན་གྱི་འཚམས་འདྲི་གནང་བ་མ་ཟད། རྒྱ་གཞུང་གིས་ཆེས་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པ་དང་ཉེ་ལམ་རྒྱ་ནག་གཞུང་གིས་རྒྱབ་ཤ་དཀར་པོའི་དེབ་སྔ་རྗེས་སུ་བཀྲམ་ནས་རྫུན་སྒྲོག་བྱེད་ཚུལ་སོགས་ལ་མ་ལྟོས་པར་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་སྲུང་སྐྱོབ་གནང་ཕྱིར་འབད་པ་ལྷོད་མེད་གནང་བཞིན་པར་སྙིང་དབུས་ནས་བཀའ་དྲིན་ཚོར་བཞིན་ཡོད་ཅེས་གསུངས་ཏེ་གཞིས་བྱེས་ལྷན་འཛོམས་བྱུང་དགོས་པ་ནི་ང་ཚོ་ཐུན་མོང་གི་དམིགས་ཡུལ་ཞིག་ཡིན་སྟབས། ཕུགས་རེ་མངོན་འགྱུར་གྱི་ཕྱོགས་སུ་གོམ་པ་མདུན་སྤོ་གནང་རྒྱུའི་ཆོད་སེམས་ལ་ཞུམ་པ་མེད་པ་གནང་རོགས་ཞེས་གཞེན་སྐུལ་གནང་ཡོད།ད་ལྟའི་ཆར་སྤྱི་འཐུས་རྣམ་པའི་དམ་འབུལ་གྱི་གནད་དོན་དང་འབྲེལ་ནས་སྤྱི་འཐུས་ལྷན་ཚོགས་འཚོགས་མ་ཐུབ་པའི་དཀའ་ངལ་གྱི་རྐྱེན་གྱིས་ང་ཚོར་སེམས་ཐག་ཉེ་བའི་གཞུང་དང་གྲོས་ཚོགས། བོད་དོན་རྒྱབ་སྐྱོར་བ་བཅས་ནས་ཐུགས་འཚབས་ཆེན་པོ་གནང་བཞིན་ཡོད་པ་མ་ཟད། ལྷག་དོན་བོད་ནང་ནས་ཀྱང་དཀའ་རྙོག་འདི་འཕྲལ་དུ་སེལ་མ་ཐུབ་ཚེ་རྩ་དོན་གྱི་ལས་འགུལ་ཁག་སྤེལ་མཚམས་འཇོག་རྒྱུ་ཡིན་པའི་བརྡ་ལན་འབྱོར་བྱུང་ཞེས་གསུངས་པ་དང་འབྲེལ་ཏེ་བཀའ་ཤག་གསར་པའི་ངོས་ནས་དཀའ་ངལ་འདི་སེལ་ཐབས་སུ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ཐབས་ཚུལ་གང་ལའང་མཐུན་འགྱུར་རྒྱབ་སྐྱོར་ཞུ་ངེས་ཡིན་ཅེས་གསུངས་ཡོད།དེ་རིང་མང་གཙོའི་དུས་ཆེན་ཐེངས་ ༦༡ ཐོག་གཞན་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འདི་ལོའི་སྲིད་སྐྱོང་སློབ་ཡོན་བཞེས་མཁན་གྱི་སློབ་ཕྲུག་དང་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོར་བརྒྱ་ཆ་ ༩༥ ཡན་ལོན་པའི་སློབ་ཕྲུག ༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་བྱ་དགའ་བཞེས་མཁན་གྱི་སློབ་ཕྲུག དེ་བཞིན་སྲིད་སྐྱོང་རིགས་གཅིག་རྐང་འཛིན་ཆེད་བསྟོད་བཞེས་མཁན་བཅས་ལ་ཕྱག་འཁྱེར་དང་གཟེངས་བསྟོད་གནང་ཡོད།...

ཁྱེད་ཚོའི་འདོད་པ་ཆ་ཚང་བསྐང་དཀའ་ནའང་དགོས་མཁོ་གང་ཡིན་དེ་ངེས་པར་དུ་བསྒྲུབ་རྒྱུ་ཡིན་ཅེས་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་གྱི་གཞུང་འབྲེལ་ཕྱོགས་ཕེབས་ཁྲོད་ཁ་ཉིན་སྲིད་སྐྱོང་མཆོག་གིས་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་བརྒྱ་ཤོག་དང་པོ་ནས་བརྒྱ་ཤོག་དགུ་པ་བར་གྱི་གཞིས་གྲོང་རིམ་པར་འཚམས་གཟིགས་གནང་བ་དང་འབྲེལ་ཏེ་བརྒྱ་ཤོག་སོ་སོའི་སྤྱི་ཁང་དུ་མི་མང་དང་མཇལ་འཕྲད་གནང་འདུག་པ་མ་ཟད། སྲིད་སྐྱོང་མཆོག་སྔ་ལོ་ཕྱི་ལོ་ ༢༠༢༠ ལོར་བྱང་ཐང་ཆུ་ཤུལ་དང་བྱང་ཐང་མ་ཁྱུ་ནས་ཁྱིམ་ཚང་ ༥༣ ལ་གསོལ་སྩལ་གནང་བའི་ས་ཆ་གསར་པར་ཆེད་ཕེབས་ཀྱིས་མང་ཚོགས་དང་མཇལ་མོལ་གནང་ཡོད།དེ་སྔ་ཞིང་འབྲོག་གཉིས་ལ་བརྟེན་མཁན་བྱང་ཐང་ཆུ་ཤུལ་གྱི་ཡར་འཕེལ་དངོས་གྲུབ་གླིང་དང་བྱང་ཐང་མ་ཁྱུའི་མང་ཚོགས་ནས་མི་ལོ་ ༢༠ སྔོན་ནས་ལ་སྤྱི་དང་བོད་མིའི་སྒྲིག་འཛུགས། དེ་བཞིན་སྤྱི་འཐུས་རིམ་པར་འཚོ་བའི་གནས་སྟངས་ཀྱི་འགྱུར་ལྡོག་ལ་གཞིགས་ཏེ་བྱང་ཐང་ནས་གླེའི་ཁུལ་དུ་གནས་སྤོ་བྱ་རྒྱུའི་ས་ཆ་སྐྱབས་འཇུག་གནང་སྐྱོང་ཡོང་བའི་གསོལ་འདེབས་རིམ་ཁག་ཞུས་དོན་ལྟར་སྔ་ལོ་ ༢༠༢༠ ལོར་བྱང་ཐང་གི་བོད་མིའི་འདུས་སྡོད་གཉིས་པོ་དང་ཁ་འཐོར་བྱང་ཐང་ནས་ཁང་ཁྱིམ་མེད་པའི་གྲོང་པ་ཁག་ཅིག་ལ་ཨག་གླིང་བརྒྱ་ཤོག་བརྒྱད་པ་དང་དགུ་པ་བར་ལ་གསོལ་སྩལ་གནང་བའི་ས་ཆ་གསར་པར་འཚམས་གཟིགས་དང་མང་ཚོགས་ཀྱི་འཚོ་བའི་དཀའ་ངལ་སོགས་ཀྱི་ཐད་ལ་བཀའ་བསྡུར་གནང་འདུགགསར་འགོད་པས་སྲིད་སྐྱོང་མཆོག་ས་ཆ་གསར་པར་འཚམས་གཟིགས་གནང་བའི་གནད་དོན་དང་འབྲེལ་ནས་བྱང་ཐང་ཆུ་ཤུལ་གྱི་ཡར་འཕེལ་དངོས་གྲུབ་གླིང་གྱི་འགོ་བ་སྐལ་བཟང་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་སྲིད་སྐྱོང་མཆོག་གིས་སྐབས་དེར་བཀའ་སློབ་གཙོ་བོ་གང་གནང་ཡོད་དམ་ཞེས་བཀའ་འདྲི་ཞུས་སྐབས་མང་ཚོགས་ནས་བྱང་ཐང་ས་ཁག་གཉིས་ལ་གསོལ་སྩལ་གནང་བའི་ས་ཆའི་སྟེང་མ་འོངས་པར་ཁང་ཁྱིམ་འཛུགས་སྐྲུན་བྱ་སླད་དེ་སྔ་ནས་བོད་མིའི་སྒྲིག་འཛུགས་ལ་རོགས་རམ་སྐྱབས་འཇུག་རིམ་ཞུས་ལྟར་ད་རེས་སླར་སྲིད་སྐྱོང་མཆོག་ལའང་ཡིག་ངག་གཉིས་ཐོག་ནས་གསོལ་འདེབས་ཞུས་དོན་བཞིན་སྲིད་སྐྱོང་མཆོག་གིས་ཁྱེད་ཚོའི་འདོད་པ་ཆ་ཚང་བསྐང་ཐུབ་རྒྱུ་དཀའ་ནའང་དགོས་མཁོ་གང་ཡིན་དེ་དག་ངེས་པར་དུ་བསྒྲུབ་རྒྱུར་འབད་བརྩོན་གནང་ངེས་ཀྱི་ཞལ་བཞེས་གནང་ཡོད་སྐོར་གསུངས་སོང་། གཞི་རྩའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་དྭགས་སུ་ཆེད་ཕེབས་གནང་ནས་དེ་རིང་ཉིན་གྲངས་བཞི་པ་དེ་ཆགས་ཀྱི་ཡོད་པ་དང་། དེ་རིང་ཕྱི་ཚེས་ ༢༤ ནས་ཕྱི་ཚེས་ ༢༧ བར་བོད་རིགས་གནས་སྡོད་གནང་ཡུལ་བྱང་ཐང་ས་ཁག་ཏུ་འཚམས་གཟིགས་གནང་གི་ཡོད་པ་རེད།

སྲིད་སྐྱོང་མཆོག་གིས་ལ་དྭགས་ས་གནས་ཀྱི་གནད་ཡོད་མི་སྣར་མཇལ་འཕྲད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཁ་སྔོན་ཕྱི་ཚེས་ ༢༠ ཉིན་ལ་དྭགས་སུ་ཕེབས་འབྱོར་བྱུང་བ་དང་བསྟུན་དེ་རིང་སྲིད་སྐྱོང་མཆོག་གིས་ལ་དྭགས་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་འདུག དེ་རིང་སྔ་དྲོ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་དང་ལ་དྭགས་ནང་པ་ཚོགས་པའི་ཚོགས་གཙོ་གཅིག་ལྕོགས་སྐུ་ཞབས་ཐུབ་བསྟན་ཚེ་དབང་ལགས་ཀྱིས་གཟིམ་ཤག་ཏུ་ཆེད་མངགས་མགྲོན་འབོད་ཞུས་འདུག་པ་དང་། མཇལ་འཕྲད་དེ་གྲུབ་མཚམས་སུ་ལ་དྭགས་ནང་པ་ཚོགས་པས་ཇོ་ཁང་གི་མདུན་ནས་དགོན་པའི་ནང་སྲིད་སྐྱོང་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་རེད། དེ་རིང་ཉིན་རྒྱབ་སྲིད་སྐྱོང་མཆོག་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་དང་མཇལ་འཕྲད་གནང་སྟེ་སྲིད་སྐྱོང་མཆོག་གིས་ཁོང་ལ་ད་བར་བོད་དོན་དང་ལྷག་པར་དུ་བོད་མིའི་བདེ་སྡུག་ལ་མཐུན་འགྱུར་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་ཤུགས་ཆེར་གནང་བ་དང་། ཁོང་དེ་སྔ་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་སྐབས་ཀྱི་དུས་ཡུན་ཁྲོད་ལ་དྭགས་སུ་གནས་སྡོད་བྱེད་མཁན་གྱི་བོད་མིར་རྒྱབ་སྐྱོར་ཤུགས་ཆེར་གནང་ཡོད་པ་བཅས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐུགས་རྗེ་ཆེ་ཞུས་གནང་འདུག གཞི་རྩའི་སྲིད་སྐྱོང་མཆོག་ད་རེས་ལ་དྭགས་བོད་མིའི་འདུས་སྡོད་དུ་ཕྱོགས་ཕེབས་གནང་བ་དེ་ནི་བོད་མིའི་གནས་སྡོད་དུ་གཞུང་འབྲེལ་འཚམས་གཟིགས་གནང་བ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། ད་བར་གྱི་ལ་དྭགས་ཀྱི་གཞུང་འབྲེལ་འཚམས་གཟིགས་ཁྲོད་སྲིད་སྐྱོང་མཆོག་གིས་ལ་སྤྱི་གཙོས་ས་གནས་འཐུས་ཚོགས་དང་། ལ་བྱང་གཉིས་ཀྱི་ས་གནས་རང་བདེན་ཚོགས་ཆུང་། ས་གནས་ཁྲིམས་ཞིབ་ཁང་། ཡན་ལག་སྨན་རྩིས་ཁང་།  ས་གནས་འཕྲོད་བསྟེན་སྨན་ཁང་། དགོན་སྡེ་ཁག མཉམ་འབྲེལ། དེ་བཞིན་ལ་དྭགས་བོད་ཁྱིམ་སློབ་གྲྭའི་རྒས་གསོ་ཁང་ལ་འཚམས་གཟིགས་གནང་ཡོད་པ་མ་ཟད། ལྷག་པར་དུ་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་གཞིས་གྲོང་ཁག་ལ་འཚམས་གཟིགས་སུ་ཕེབས་སྐབས་ཆེས་ཐོག་མར་འདས་ལོར་འཕགས་བོད་གཉིས་ཀྱི་ས་མཚམས་སུ་འབར་རྫས་གས་གཏོར་གྱི་དོན་རྐྱེན་ཁྲོད་འདས་གྲོངས་སུ་གྱུར་བའི་བོད་པའི་དྭང་སློབ་རུ་ཁག་ཨང་བདུན་པའི་མེ་ཏོག་གཉིས་ཅན་གྱི་བརྒྱ་དཔོན་སྐུ་གཤེགས་དམ་པ་ཉི་མ་བསྟན་འཛིན་ལགས་ཀྱི་རྗེས་ཤུལ་ནང་མིར་བརྩི་བཀུར་དང་ཆེ་མཐོང་མཚོན་ཕྱིར་འདས་པོ་ཁོང་གི་ཁྱིམ་དུ་ཕེབས་ཏེ་ནང་མི་དང་ལྷན་མཇལ་འཕྲད་གནང་ཡོད།སྲིད་སྐྱོང་མཆོག་གིས་ཕྱི་ཚེས་ ༢༠ ཉིན་གྱི་ཕྱི་དྲོར་བོད་ཕྲུག་ཁྱིམ་སྡེའི་དགེ་ལས་སློབ་ཕྲུག་ཡོངས་དང་མཇལ་འཕྲད་ཀྱིས་ཁོང་གིས་སྲིད་སྐྱོང་གི་ཐུགས་འགན་བཞེས་པ་ནས་བཟུང་ད་རེས་སློབ་གྲྭར་གསུང་བཤད་གནང་བ་དེ་ཐོག་མ་ཆགས་ཀྱི་ཡོད་པ་དང་སྤྱིར་ཁོང་ཉིད་གང་དུ་ཕེབས་ཚེ་དམིགས་བསལ་བོད་པའི་གཞོན་སྐྱེས་ཚོར་མཇལ་འཕྲད་གནང་རྒྱུར་འབད་བརྩོན་གནང་གི་ཡོད་སྟབས། ད་རེས་ལ་དྭགས་ཁུལ་གྱི་འཚམས་གཟིགས་ཀྱི་མཛད་རིམ་བཟོ་སྐབས་སུ་དམིགས་བཀར་བོད་ཕྲུག་ཚོ་དང་ལྷན་མཇལ་འཕྲད་གནང་རྒྱུའི་ལས་རིམ་བང་སྒྲིག་ཡོད་པར་གསུངས་ཡོད།སྲིད་སྐྱོང་མཆོག་གིས་ད་ཆ་བཙན་བྱོལ་ནང་བོད་པའི་སློབ་གྲྭ་དང་དགོན་སྡེ་ཁག བོད་མིའི་གཞིས་སྒར་ཆེད་འཛུགས་གནང་ཐུབ་པ་དེ་དག་གཙོ་བོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་དང་། གལ་ཏེ་བོད་མི་རྣམས་རྒྱ་གར་ནང་གཅིག་པུ་ཡོང་བའི་དབང་དུ་བཏང་ན་རྒྱ་གར་ནང་ཁ་འཐོར་ཏེ་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་རིག་གཞུང་ཕར་ཟད་བོད་ཀྱི་སྐད་ཡིག་ཡང་སྲུང་སྐྱོབ་གནང་ཐུབ་རྒྱུ་ཁག་པོ་ཆགས་ཡོད་པ་དང་། ལྷག་དོན་༸གོང་ས་མཆོག་དེ་སྔ་རྒྱ་གར་ནང་༸ཞབས་སོར་མ་འཁོད་གོང་རྡོ་རྗེ་གླིང་དང་ཀ་སྦུག་གཉིས་ལ་བོད་མི་ཕྲན་བུ་ཡོད་པ་དང་། ས་ཁུལ་དེ་དག་ལ་ཡོད་པའི་བོད་མི་རྣམས་བོད་ལ་ཕྱིར་ལོག་གནང་རྒྱུའི་བཀའ་མོལ་གོ་རྒྱུ་ཡོད་པ་དང་ཆབས་ཅིག    གལ་ཏེ་སྐབས་དེ་དུས་༸གོང་ས་མཆོག་རྒྱ་གར་ནང་ཆིབས་བསྒྱུར་བསྐྱངས་མེད་ཚེ་བོད་མི་དེ་དག་བོད་ལ་ཕྱིར་ལོག་གནང་རྒྱུར་ཉེན་ཁ་ལྟ་བུ་ཆགས་ཡོད་སྟབས། ང་ཚོས་གནས་སྟངས་དེ་གཅིག་པུར་བལྟས་པ་ཡིན་ན་ ༸གོང་ས་མཆོག་ཇི་ཙམ་གྱི་བོད་མི་རྣམས་ལ་བཀའ་དྲིན་ཆེན་པོ་ཡིན་པ་ཚོར་ཐུབ་ངེས་རེད་ཅེས་གསུངས་ཡོད།སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་གི་དབུ་ཁྲིད་འོག་བོད་མི་རྣམས་ཀྱི་གནས་སྟངས་དང་བོད་མི་རྣམས་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་བདག་ཉར་ཇི་ལྟར་གནང་མིན་སྐོར་དང་། དབུ་མའི་ལམ་དང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཐད་སློབ་སྦྱོང་གནང་གལ་ཡིན་སྐོར་གསུང་བཤད་གནང་འདུག་པ་མ་ཟད།  ང་ཚོ་ཚང་མ་བོད་ཀྱི་མགྲིན་ཚབ་པ་ཞིག་ཆགས་ཀྱི་ཡོད་པ་དང་མགྲིན་ཚབ་པ་ཚད་ལྡན་ཞིག་ཆགས་པར་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ཤེས་དགོས་གལ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།

སྲིད་སྐྱོང་མཆོག་གི་བོད་མིའི་གནས་སྡོད་ཀྱི་ས་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་ཆེས་ཐོག་མ་དབུ་འཛུགས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དེ་རིང་ཚེས་ ༢༠ ཉིན་ནས་དབུ་འཛུགས་ཀྱིས་ཚེས་ ༢༩ བར་ལ་དྭགས་གླེ་བྱང་གཉིས་སུ་གཞུང་འབྲེལ་འཚམས་གཟིགས་གནང་རྒྱུ་ཡིན་པ་དང་། ཐེངས་འདིའི་འཚམས་གཟིགས་དེ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་གི་དམ་འབུལ་བཞེས་པའི་རྗེས་སུ་བོད་མིའི་གནད་སྡོད་ས་ཁུལ་དུ་ཕྱོགས་ཕེབས་གནང་བ་ཆེས་ཐོག་མ་དེ་ཆགས་ཡོད། གཞུང་འབྲེལ་འཚམས་གཟིགས་སྐབས་སྲིད་སྐྱོང་མཆོག་ནས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་དང་བྱང་ཐང་ཁུལ་དུ་ཡོད་པའི་འབྲོག་པའི་ས་ཁུལ་བརྒྱད། སློབ་གྲྭ་དང་དགོན་སྡེ་ཁག་བཅས་ལ་འཚམས་གཟིགས་གནང་རྒྱུ་དང་། མི་མང་གི་འཐུས་མི་ཁག་དང་མཇལ་འཕྲད་གནང་རྒྱུ། དེ་བཞིན་ལ་སྤྱིས་གཙོས་པའི་ས་འཐུས་ཚོགས་གཙོ་སོགས་དང་བོད་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་མཇལ་འཕྲད་གནང་སྟེ་ཚོགས་འདུ་བསྐོང་རྒྱུ་མ་ཟད་བསོད་ནམས་གླིང་ས་གནས་ཀྱི་ཡུལ་མི་ཚོར་དྲྭ་ཐོག་བརྒྱུད་གསུང་བཤད་གནང་གཏན་ཁེལ་འདུགསྲིད་སྐྱོང་མཆོག་གིས་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ཐུབ་བསྟན་ཚེ་དབང་ལགས་དང་གླེ་རྫོང་དཔོན། ལ་དྭགས་ནང་པ་ཚོགས་པའི་མི་སྣ། རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས། ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་གླེའི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་ལགས་སོགས་དང་མཇལ་འཕྲད་གནང་རྒྱུ་རེད་འདུག མཛད་རིམ་ལ་གཞིགས་ན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་བ་འདིའི་ཚེས་ ༢༩ ཉིན་ལ་དྭགས་གླེ་བྱང་གཉིས་སུ་གཞུང་འབྲེལ་འཚམས་གཟིགས་གནང་ཟིན་རྗེས་ཕྱིར་བཞུགས་སྒར་དུ་ཕེབས་ཀྱི་འདུགགཞི་རྩའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་གི་ཐུགས་འགན་བཞེས་ནས་ད་ལྟའི་ཆར་ཟླ་བ་གསུམ་ཟིན་གྲབས་ཡོད་པ་དང་། དེང་ཆར་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པའི་དམ་འབུལ་གྱི་དཀའ་རྙོག་དེ་སེལ་མ་ཐུབ་པ་དེ་མུར་ལུས་ཡོད་པས་སྲིད་སྐྱོང་མཆོག་གི་ཕྱག་སྦྲེལ་བཀའ་བློན་རྣམ་པའང་བསྐོ་གཞག་གནང་ཐུབ་མེད་པ་རེད།

སྲིད་སྐྱོང་མཆོག་དང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་གནད་ཡོད་མི་སྣ་ཁག་དྲ་ཐོག་མཇལ་མོལ།

ཟླ་བ་སྔོན་མའི་ཚེས་ ༣༠ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ངལ་རྩོལ་གོང་འཕེལ་ལས་དོན་ཚན་པའི་འགན་འཛིན་རྣམ་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབར་དྲ་ཐོག་བརྒྱུད་མཇལ་མོལ་ཚོགས་འདུ་ཚོགས་འདུགཚོུད་གཅིག་ཙམ་གྱི་རིང་ཚོགས་པའི་ཚོགས་འདུའི་སྟེང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་གོང་འཕེལ་ལས་དོན་ཚན་པའི་དྲུང་ཆེ་ལས་རོགས་ Lisa Peterson ལགས་དང་དྲུང་གཞོན་ལས་རོགས་ཀྱི་ལས་ཚབ་གཙོ་བོ་ Scott Busby ལགས།  དམིགས་བསལ་ཕྱག་རོགས་ཁག་ཅིག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་ཕྱི་འབྲེལ་དང་དྲིལ་བསྒྲགས་དྲུང་ཆེ་རྣམ་པ་གཉིས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་བཅས་ཀྱི་དབར་བོད་རྒྱའི་གནད་དོན་སེལ་སླད་འབྱུང་འགྱུར་གྱི་འཆར་གཞི་དང་ལས་གཞི་ཁག་གི་སྐོར། དེ་བཞིན་བཙན་བྱོལ་བོད་མི་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་དག་ལ་གདོང་ལེན་གནང་ཕྱོགས་སོགས་གཙོས་གནད་དོན་གལ་ཆེ་ཁག་ཅིག་གི་ཐོག་ལ་གྲོས་བསྡུར་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་གལ་ཏེ་རྒྱ་གར་དང་ཨ་རི་གཞུང་གིས་གཏོང་ཕོད་ཆེན་པོས་མཐུན་འགྱུར་རོགས་རམ་གནང་མེད་ཚེ་བོད་མི་ཚོའི་གནས་སྟངས་ད་ལྟ་ནང་བཞིན་སྲ་བརྟན་གནས་ཐུབ་ཐབས་མེད་སྟབས། རྒྱ་གར་དང་ཨ་རི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་འབྲེལ་ཏེ་སླད་མར་རོགས་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག དེ་བཞིན་སྲིད་སྐྱོང་མཆོག་གིས་ཏོག་དབྱིབས་གཉན་རིམས་འདི་མགྱོགས་མྱུར་ཞི་ཚེ་ཨ་རིར་ཆེད་བཅར་གྱིས་ཁོང་རྣམ་པར་མཇལ་འཕྲད་ཞུ་རྒྱུ་ཡིན་པ་སོགས་གསུང་སྐབས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ལས་བྱེད་རྣམ་པས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པར་དམིགས་བསལ་འཚམས་འདྲི་གནང་བ་དང་སྦྲགས། སྲིད་སྐྱོང་མཆོག་དང་ལྷན་དུ་མཉམ་ལས་གནང་རྒྱུའི་འདུན་པ་ཆེན་པོ་ཡོད་སྐོར་གསུངས་སོང་བ་མ་ཟད། སྲིད་སྐྱོང་མཆོག་གི་ཕྱག་ལས་ཐམས་ཅད་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུས་འདུགད་ལྟའི་ཆར་ཨ་རི་གཞུང་གིས་བདུན་ཕྲག་ཁ་ཤས་ནང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གསར་པ་བསྐོ་གཞག་གནང་ཐུབ་པའི་ཚོད་དཔག་གནང་བཞིན་ཡོད་པ་ལྟར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་གོང་འཕེལ་ལས་དོན་ཚན་པའི་འབྲེལ་ཡོད་ལས་བྱེད་རྣམ་པས་བོད་དོན་ཆེད་དུ་ཐུགས་འཁུར་ཆེ་བཞེས་ཀྱིས་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་། མ་འོངས་པར་མུ་མཐུད་བོད་དོན་སླད་དེ་ལྟར་རྒྱབ་སྐྱོར་གནང་བའི་རེ་སྐུལ་ཞུས་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་གྱི་གནད་ཡོད་དབུ་ཁྲིད་ཁག་ཅིག་དང་མཇལ་འཕྲད།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཁ་ཉིན་རེས་གཟའ་ཉི་མའི་ཉིན་རྒྱལ་ས་ལྡི་ལིར་ཕེབས་འབྱོར་གནང་ཡོད་པ་དང་། དེ་ནི་ཁོང་སྲིད་སྐྱོང་གི་དམ་འབུལ་བཞེས་པའི་རྗེས་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་གནང་བ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། སྲིད་སྐྱོང་མཆོག་གིས་ཐེངས་འདིའི་གཞུང་འབྲེལ་གྱི་ཕྱོགས་ཕེབས་ཁྲོད་རྒྱ་གར་གཞུང་གི་གནད་ཡོད་དབུ་ཁྲིད་ལྔ་ཙམ་དང་ལྷན་མཇལ་མོལ་གནང་སྟེ་མ་འོངས་ལས་འཆར་ཁག་སྙན་སེང་ཞུས་པ་མ་ཟད་གཞན་ཡང་གལ་ཆེའི་གནད་དོན་ཁག་ཅིག་གི་ཐོག་བཀའ་བསྡུར་སྦྱང་ཤེས་གནང་འདུག རྒྱལ་ས་ལྡི་ལི་ནང་གི་ཕྱོགས་ཕེབས་དེའི་སྐབས་སྲིད་སྐྱོང་མཆོག་དང་ལྷན་དུ་ལྡི་ལི་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་དྲུང་ཆེ་བཅས་ལྷན་བཅར་ཞུས་འདུགམཛད་རིམ་ལྟར་ན། སྲིད་སྐྱོང་མཆོག་གིས་དེ་རིང་ཉིན་རྒྱབ་རྒྱ་གར་གྱི་དཔོན་རིགས་གཞན་ཁག་ཅིག་དང་མཇལ་མོལ་གནང་རྒྱུ་དང་། སང་ཉིན་བཞུགས་སྒར་དྷརྨ་ས་ལར་ཕྱིར་ཕེབས་གནང་གི་འདུགགཞི་རྩའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་གི་ཐུགས་འགན་བཞེས་ནས་གཟའ་འཁོར་གསུམ་ལྷག་ཙམ་འགྲོ་བཞིན་ཡོད་པ་དང་། ད་ལྟའི་ཆར་བཞུགས་སྒར་དུ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་དམ་འབུལ་གྱི་དཀའ་རྙོག་འཕྲད་བཞིན་པའི་ཁྲོད་ད་བར་གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་བསྐོ་གཞག་གིས་གཙོས་པའི་གནད་དོན་ཁག་ཅིག་གི་ངལ་བ་སེལ་མ་ཐུབ་པ་དེ་མུར་ལྷག་ཡོད་སྟབས་སྲིད་སྐྱོང་མཆོག་གིས་ཕྱག་སྦྲེལ་བཀའ་བློན་རྣམ་པ་བསྐོ་གཞག་གནང་མ་ཐུབ་པར་ལྷག་ཡོད་པ་རེད།

བོད་ཀྱི་གནད་དོན་ནི་རྒྱ་གཞུང་གིས་སེལ་ཐུབ་པའི་གནད་དོན་ལས་སླ་ཤོས་དེ་རེད།

ཁ་སང་ཕྱི་ཚེས་ ༡༦ ཉིན་ཨ་རི་རྒྱལ་ས་ Washington, D.C ནང་རྟེན་གཞི་བྱས་པའི་ National Endowment for Democracy འམ་རྒྱལ་ཡོངས་མང་གཙོ་གོང་སྤེལ་བསྟི་གནས་ཁང་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ལྷན་དུ་དྲ་ལམ་བརྒྱུད་བཙན་བྱོལ་ནང་གི་མང་གཙོ་ཞེས་པའི་བརྗོད་གཞིས་གཙོས་སྲིད་སྐྱོང་མཆོག་གི་མ་འོངས་འཆར་སྣང་དང་དཀའ་ངལ་ལ་གདོང་ལེན་གནང་ཕྱོགས་སོགས་ཀྱི་གནད་དོན་ཐོག་ཆུ་ཚོད་གཅིག་མ་ཟིན་ཙམ་གྱི་བགྲོ་གླེང་གནང་བའི་ཁྲོད་སྲིད་སྐྱོང་མཆོག་གིས་ང་ཚོས་དབུ་མའི་ལམ་བརྒྱུད་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་བཞིན་པ་དེ་ནི་གཉིས་ཕན་གྱི་འཚེ་མེད་ཞི་བའི་སྒོ་ནས་རྒྱ་ནག་གཞུང་གི་རྩ་ཁྲིམས་ལྟར་རྩོད་བཞིན་པ་ཞིག་ཡིན་སྟབས་དེ་ནི་རྒྱ་ནག་གཞུང་གིས་སེལ་དགོས་པའི་གནད་དོན་ལས་སླ་ཤོས་ཤིག་ཡིན་པར་གསུངས་འདུགབགྲོ་གླེང་དེ་ནི་ཨ་རིའི་ Washington Post གསར་ཤོག་གྱི་རྩོམ་སྒྲིག་པ་ Josh Rogin ལགས་ཀྱིས་གཙོ་སྐྱོང་གནང་ཡོད་པ་དང་། ཁོང་གིས་སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་བོད་རྒྱ་ཞི་མོལ་གྱི་གནད་དོན་དང་འབྲེལ་ནས་ ༢༠༡༧ ལོའི་ལྔ་དང་ལྔ་བཅུའི་འཆར་སྣང་ལྟར་ལོ་ངོ་ལྔའི་ནང་བོད་རྒྱ་གྲོས་མོལ་གནང་ཐབས་གནང་རྒྱུའི་ལས་དོན་གཙོ་བོར་བཟུང་ཡོད་ཀྱང་། ལོ་ངོ་ལྔ་དེ་རྫོགས་ལ་ཉེ་བ་ཞིག་ཆགས་ཀྱི་ཡོད་སྟབས་སྲིད་སྐྱོང་མཆོག་ནས་རྒྱ་ནག་གཞུང་གིས་བོད་རྒྱ་གྲོས་མོལ་བྱ་རྒྱུའི་འདུན་པ་ཡོད་མེད་གཟིགས་ཚུལ་དང་། ལྷག་པར་དུ་སྲིད་སྐྱོང་གསར་པར་བོད་རྒྱ་ཞི་མོལ་ཡོང་ཐབས་སུ་ཐབས་ལམ་གང་ཞིག་ཡོད་མེད་སྐོར་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་ཁོང་ནས་སྲིད་སྐྱོང་གྱི་ཐུགས་འགན་བཞེས་ནས་ཉིན་ཞག་བཅུ་གྲངས་ལས་སོང་མེད་སྟབས་ཐབས་བྱུས་དང་ཐབས་ལམ་འདི་འདྲ་ཞིག་གི་ཐོག་ནས་གནང་རྒྱུ་ཡིན་ཞེས་གསུངས་རྒྱུ་ནི་ཏོག་ཙམ་སྔ་དྲག་ཡོད་པ་དེ་ལྟར་ནའང་། ལར་ནས་ཁོང་གིས་འཚེ་མེད་ཞི་བ་དང་གཉིས་ཕན་གྱི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་ནས་རྒྱ་ནག་དང་འབྲེལ་བ་གནང་ཐབས་སླད་ཐབས་ལམ་ཡོད་པ་ཡོངས་རྫོགས་ལ་བརྟེན་རྒྱུའིའདུན་པ་ཡོད་པ་མ་ཟད། ང་ཚོས་དྲག་སྤྱོད་རིགས་གཏན་ནས་སྤེལ་གྱི་མེད་པའི་ཁར་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་མཐུན་པའི་སྒོ་ནས་བོད་དེ་རྒྱ་ནག་ནས་ཁ་བྲལ་ཡང་རྩོད་ཀྱི་མེད་སྟབས། བོད་ཀྱི་གནད་དོན་དེ་ནི་རྒྱ་ནག་གཞུང་གིས་སེལ་ཐུབ་པའི་གནད་དོན་ལས་སླ་ཤོས་ཤིག་རེད་ལ། རྒྱ་ནག་གི་ངོས་ནས་ཀྱང་གནད་དོན་དེ་རྟོགས་ཐུབ་པའི་ཡིད་ཆེས་གནང་བཞིན་ཡོད་སྐོར་གསུངས་འདུགསྲིད་སྐྱོང་མཆོག་གིས་ད་དུང་རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་དམ་དྲག་ཇེ་ཤུགས་ཇེ་ཆེར་གཏང་རྒྱུ་གཙོས་བོད་རྒྱ་འབྲེལ་མོལ་སླད་ཆ་རྐྱེན་མང་དག་ཅིག་ཆེད་བཏོན་བྱེད་བཞིན་ཡོད་ཀྱང་། ཉེ་ལམ་སྲིད་སྐྱོང་མཆོག་ནས་༸གོང་ས་མཆོག་ལ་གསར་མཇལ་ཞུས་སྐབས་༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་རྒྱ་ནག་ནང་ཆོས་མཇལ་ལ་ཕེབས་རྒྱུ་དང་༸སྐུའི་འཁྲུངས་ཡུལ་སྟག་མཚེར། དེ་བཞིན་ལྷ་ས་བཅས་སུ་ཆིབས་བསྒྱུར་བསྐྱངས་རྒྱུའི་ཐུགས་རེ་མཛད་ཀྱི་ཡོད་སྐོར་བཀའ་ཕེབས་དོན་ལྟར་སྲིད་སྐྱོང་མཆོག་སྐུ་སྒེར་ནས་ཀྱང་དེ་སྔ་འོས་བསྡུའི་དྲིལ་བསྒྲགས་གནང་སྐབས་སུ་དེ་འབྲེལ་འཆར་སྣང་ཡོད་པ་བཞིན་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གནང་སྟེ་མགོན་པོ་༸གང་ཉིད་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུར་འབད་བརྩོན་གནང་རྒྱུ་དང་། མགོན་པོ་མཆོག་རྒྱ་ནག་ལ་གདན་འདྲེན་ཞུས་ཐུབ་ན་རྒྱ་ནག་གཞུང་གི་དཔོན་རིགས་དང་ལྷན་དུ་བཀའ་མོལ་མཛད་ཐུབ་རྒྱུ་ཙམ་མ་ཟད་མ་འོངས་མདུན་བསྐྱོད་གནང་རྒྱུ་ལའང་ལམ་ཁ་ཞིག་ཐོབ་ངེས་ཡིན་སྟབས།...

Latest news

- Advertisement -spot_img