སྟོན་པ་བཅོམ་ལྡན་འདས་འཁྲུངས་ཡུལ་ལུམ་བྷི་ནིའི་གནས་ཆེན་ཡར་རྒྱས་ཐེབས་རྩའི་འཛིན་སྐྱོང་འགན་འཛིན་དུ་བོད་རིགས་བཙུན་མ་ཆོས་དབྱིངས་སྒྲོལ་མ་ལགས་བསྐོ་བཞག་བྱས་འདུག

དེ་ཡང་བལ་ཡུལ་ Kathmandu Post གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་གཞུང་གི་རིག་གཞུང་ལྷན་ཁང་གིས་གྲོས་འཆར་བཏོན་པ་ལྟར། ཟླ་བ་འདིའི་ཚེས་ ༡༦ ཉིན་བལ་ཡུལ་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་བཙུན་མ་དང་། སྙན་གྲགས་ཅན་གྱི་ཆོས་དབྱངས་གྱེར་འདོན་པ་ཨ་ནེ་ཆོས་དབྱིངས་སྒྲོལ་མ་ལགས་ལུམ་བྷི་ནི་ཡར་རྒྱས་ཐེབས་རྩའི་ཚོགས་གཙོ་གཞོན་པར་བསྐོ་བཞག་གནང་གཏན་ཁེལ་འདུག
ལུམ་བྷི་ནི་ཡར་རྒྱས་ཐེབས་རྩ་ནི་སྟོན་པ་བཅོམ་ལྡན་འདས་ཀྱི་འཁྲུངས་ཡུལ་ས་ཚིགས་བསྐྱར་གསོ་ཡར་རྒྱས་གཏང་རྒྱུའི་ཆེད། ཕྱི་ལོ་ ༡༩༨༥ ལོོའི་ལུམ་བྷི་ནི་ཡར་རྒྱས་ཐེབས་རྩའི་ཁྲིམས་ཡིག་དགོངས་དོན་གསར་འཛུགས་བྱས་པ་ཞིག་ཡིན། ཐེབས་རྩ་དེའི་ཁོངས་སུ་ལུམ་བྷི་ནི་སྐྱེད་མོའི་ཚལ་ཙམ་མ་ཡིན་པར། རྒྱ་ཆེ་ས་ནས་སྟོན་པ་བཅོམ་ལྡན་འདས་དང་འབྲེལ་བ་ཡོད་པའི་ནང་པའི་ས་ཚིགས་སེར་སྐྱའི་གྲོང་(Kapilvastu)དང་། དེབ་ད་ཧ་(Devdaha) རཱ་མ་ག་རམ་(Ramagram)སོགས་ཀྱང་འཚུད་འདུག།
ནང་པའི་བཙུན་པ་ཆོས་དབྱིངས་སྒྲོལ་མ་ལགས་ལུམ་བྷི་ནི་ཡར་རྒྱས་ཐེབས་རྩའི་ཁྲིམས་ཡིག་དགོངས་དོན་ལས་ཡུན་ལོ་ལྔའི་རིང་བསྐོ་བཞག་གནང་ཡོད་པ་དང་། ལུམ་བྷི་ནི་ཡར་རྒྱས་ཐེབས་རྩའི་སྒྲིག་གཞི་(༢༠༠༡)ལྟར་ན། ཐེབས་རྩའི་ཚོགས་གཙོ་དེ་བལ་ཡུལ་གཞུང་གི་ལས་ཐོག་ཡུལ་སྐོར་བློན་ཆེན་ཆགས་ཀྱི་ཡོད་པ་དང་། ཚོགས་གཙོ་གཞོན་པ་དེ་ཐེབས་རྩའི་འཛིན་སྐྱོང་འགན་འཛིན་གཙོ་བོ་དེ་ཆགས་ཀྱི་འདུག

བཙུན་མ་ཆོས་དབྱིངས་སྒྲོལ་མའི་སྔོན་གྱི་ལུམ་བྷི་ནི་ཡར་རྒྱས་ཐེབས་རྩའི་ཚོགས་གཙོ་གཞོན་པ་དེ། བལ་ཡུལ་དམར་ཤོག་ཚོགས་པའི་གྲོས་ཚོགས་འཐུས་མི་ཟུར་པ་ལྷ་རྒྱལ་བླ་མ་ཡིན་པ་དང་། ཁོང་གི་ལས་ཡུན་རིང་རྒྱ་ནག་གཞུང་དང་འབྲེལ་བ་ཉེ་རུ་བཏང་ནས་ལུམ་བྷི་ནི་རུ་རྒྱ་ནག་གི་ལས་གཞི་དང་ཚོགས་འདུ་མང་པོར་རྒྱབ་སྐྱོར་དང་། རྒྱ་ནག་གི་ཁ་གཏད་ལས་འགུལ་དང་ཚོགས་འདུ་རིགས་ལ་དམ་བསྒྲགས་བྱས་པའི་གནས་ཚུལ་ཐོན་ཡོད།
གཞི་རྩའི་ལུམ་བྷི་ནི་ཡར་རྒྱས་ཐེབས་རྩ་དེ་བཞིན་སྟོན་པའི་འཁྲུངས་ཡུལ་དང་ཉེ་འབྲེལ་ནང་པའི་གནས་ཆེན་ཁག་བསྐྱར་གསོ་ཡར་རྒྱས་གཏང་རྒྱུའི་དམིགས་ཡུལ་འོག་ཏུ་འགོ་བཙུགས་པ་ཞིག་ཡིན་ནའང་། ཉེ་བའི་ཆ་ནས་རྒྱ་ནག་གཞུང་གིས་ནང་ཆོས་དེ་ཕྱི་འབྲེལ་ཐབས་བྱུས་སུ་བེད་སྤྱོད་བྱས་ཏེ། ལུམ་བྷི་ནི་གཙོས་པའི་བལ་ཡུལ་གྱི་ནང་པའི་གནས་ཆེན་ཁག་ལ་ཡར་རྒྱས་ཀྱི་མིང་ཐོག་ནས་མ་རྩ་ཕོན་ཆེ་བཙུགས་ནས། བལ་ཡུལ་གྱི་ནང་པའི་གནས་ཆེན་ཁག་རྒྱ་ནག་གིས་ནང་ཆོས་བརྒྱུད་ཕྱི་འབྲེལ་འཛུགས་སའི་སྡིངས་ཆར་བཟོ་རྒྱུའི་འབད་རྩོལ་བྱེད་ཀྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༡ ལོར་ཧོང་ཀོང་དང་རྒྱ་ནག་ཟུང་སྦྲེལ་གྱི་ཨེ་ཤི་ཡ་ཞི་བདེ་རྒྱ་མཚོའི་བརྗེ་ལེན་དང་མཉམ་ལས་ལྷན་ཚོགས་ (Asia Pacific Exchange and Cooperation Foundation)གྱིས་སྟོན་པའི་འཁྲུངས་ཡུལ་ལུམ་བྷི་ནི་རུ་རྒྱ་ལམ་དང་། སྐར་མ་ལྔ་ཅན་གྱི་མགྲོན་ཁང་། ཤེས་རིག་དང་ནང་པའི་ལྟེ་གནས་སོགས་འཛུགས་སྐྲུན་བྱས་ཏེ། ནང་པའི་གནས་ཆེན་དེ་ཉིད་རྒྱལ་སྤྱིའི་གནས་སྐོར་བ་དང་ཡུལ་སྐོར་སྤྲོ་འཆམ་པ་འཁོར་སའི་དམིགས་བསལ་རིག་གཞུང་ས་ཚིགས་ཤིག་ཏུ་བསྒྱུར་རྒྱུའི་ཆེད་མ་རྩ་ཨ་སྒོར་ཐེར་འབུམ་ ༣ འགྲོ་སོང་གཏང་རྒྱུའི་གྲོས་འཆར་བཏོན་ཡོད། འོན་ཀྱང་། ལས་གཞི་དེར་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་གར་སོགས་རྒྱལ་ཁབ་ཕྱི་ནང་གཉིས་ནས་སྐྱོན་བརྗོད་བྱུང་བའི་རྐྱེན་གྱིས་ལམ་ལྷོངས་བྱུང་མེད།
དེ་རྗེས་ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་གཞུང་གིས་ལུམ་བྷི་ནིའི་ལས་གཞི་དེ་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དང་མཐུད་ནས། རྒྱ་ནག་གིས་ལུམ་བྷི་ནི་ཉེ་འགྲམ་དུ་གཽ་ཏམ་བུདྡྷ་རྒྱལ་སྤྱིའི་གནམ་ཐང་འཛུགས་སྐྲུན་བྱ་རྒྱུའི་ལས་གཞི་དེ་བླངས་ནས་ཕྱི་ལོ་ ༢༠༢༢ ལོར་གྲུབ་ཡོད་པ་དང་། དེ་བཞིན་ཤེས་ཡོན་གྱི་སྡེ་ཚན་ཁོངས་སུ་ལུམ་བྷི་ནི་གཙུག་ལག་སློབ་གཉེར་ཁང་རྒྱ་སྐྱེད་གཏང་རྒྱུར་མ་རྩ་ཆེན་པོ་བཙུགས་ཤིང་། བསླབ་གཞིའི་ནང་དུ་རྒྱ་སྐད་ཀྱང་བཙུད་ཡོད།
རྒྱ་ནག་གཞུང་གིས་ལུམ་བྷི་ནིིའི་ཡར་རྒྱས་ཁ་ལ་ཁྱེར་ནས་མ་རྩ་ཕོན་ཆེ་འཛུགས་བཞིན་པ་དང་མཉམ་དུ། ལུམ་བྷི་ནི་རུ་རྒྱ་ནག་གཞུང་གིས་སྟངས་འཛིན་བྱེད་པའི་ཚོགས་འདུ་གལ་ཆེ་ཁག་གོ་སྒྲིག་བྱེད་ཀྱི་ཡོད་པ་དང་། ཚོགས་འདུ་དེ་དག་ཕལ་མོ་ཆེ་བ་རྒྱ་ནག་གཞུང་གིས་བལ་ཡུལ་བརྒྱུད་ནས་ནང་ཆོས་དེ་ཕྱིའི་རྒྱལ་ཁབ་སྤྱི་དང་། ལྷག་པར་ནང་པའི་རྒྱལ་ཁབ་མཉམ་དུ་འབྲེལ་བ་བཟང་དུ་གཏང་རྒྱུར་འཚོག་གི་ཡོད་པར་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་ཀྱི་ཡོད།
གཞི་རྩའི་ཨ་ནི་ཆོས་དབྱིངས་སྒྲོལ་མ་ལགས་ཕྱི་ལོ་ ༡༩༧༡ ལོར་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུ་རུ་བཙན་བྱོལ་བོད་མིའི་ཁྱིམ་ཚང་དུ་སྐྱེས་ཤིང་། རང་ལོ་ ༡༣ ཐོག་བཙུན་དགོན་སྣང་སྐྱིད་མཐོང་གསལ་གླིང་དུ་ཆོས་སྒོར་ཞུགས་ནས། སྤྲུལ་སྐུ་ཨུ་རྒྱན་རིན་པོ་ཆེའི་གཟིགས་སྐྱོང་འོག་ནང་ཆོས་དང་། མཆོད་དབྱངས་ལ་བསླབ་པ་སློབ་གཉེར་གནང་ཞིང་། ཕྱིས་སུ་ཁོང་མོའི་མཆོད་དབྱངས་ཀྱི་སྙན་གྲགས་རྒྱལ་སྤྱིར་བསྒྲགས་ཡོད།
གཞན་ཡང་ཁོང་གིས་ཤེས་ཡོན་དང་། འཕྲོད་བསྟེན། སྤྱི་ཚོགས་བདེ་རྩའི་ལས་དོན་སྣ་མང་གཉེར་བཞིན་འདུག་ལ། དེའི་ནང་ནས་ནང་པའི་བཙུན་པ་ཚོའི་ཤེས་ཡོན་དང་འཕྲོད་བསྟེན་ལ་དམིགས་ཏེ། བཙུན་མའི་བདེ་དོན་ལྷན་ཚོགས་དང་། འཕགས་མ་སྒྲོལ་མའི་སློབ་གྲྭ་གསར་འཛུགས་གནང་འདུག་པ་མ་ཚད། ཁོང་གི་ཨ་མ་ལགས་ཀྱི་དྲན་རྟེན་དུ་མཁལ་མའི་ནད་གཞི་ཡོད་མཁན་ལ་སྨན་པའི་ཨཱ་རོ་གྱ་(Arogya Foundation)ཞེས་པའི་ཚོགས་པ་ཞིག་ཀྱང་གསར་འཛུགས་གནང་འདུག
དེ་ལྟ་ནའང་། ཉེ་བའི་ལོ་ཤས་ནས་བཟུང་ཨ་ནེ་ཆོས་དབྱིངས་སྒྲོལ་མ་ལགས་ནས་རྒྱ་ནག་གཞུང་ཚབ་ཁང་གིས་གོ་སྒྲིག་བྱས་པའི་མཛད་སྒོ་ཁག་དང་། རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པའི་གངས་ཏི་སིའི་གནས་སྐོར་ལ་བསྐྱོད་པ་སོགས་ལ་བརྟེན་ནས་བཙན་བྱོལ་བོད་མིའི་ཁྲོད། ཁོང་གི་གནང་ཕྱོགས་ལ་སྐྱོན་བརྗོད་གནང་མཁན་ཡང་བྱུང་ཡོད་པ་རེད། །




