ཨ་རིའི་སྲིད་འཛིན་ Joe Biden མཆོག་གིས་ཁ་སང་ཕྱི་ཟླ་ ༧ ཚེས་ ༡༢ ཉིན་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་ཏེ་ཁྲིམས་སུ་གྱུར་བ་མ་ཟད། ཨ་རིའི་ངོས་ནས་རྒྱ་གཞུང་ལ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་༸གོང་ས་མཆོག་གམ་༸གང་ཉིད་ཀྱི་སྐུ་ཚབ་ཀྱི་ལྷན་དུ་གྲོས་མོལ་བསྐྱར་གསོ་གནང་སྟེ་བོད་དོན་དཀའ་རྙོག་སེལ་ཐབས་ཡོང་བའི་སྐུལ་འདེབས་མུ་མཐུད་ཞུ་རྒྱུ་ཡིན་པ་གསུངས་འདུག

སྤྱིར་ཁྲིམས་འཆར་དེའི་ནང་རྒྱལ་སྤྱིའི་ཁྲིམས་ཐོག་ནས་བོད་ཀྱི་གནད་དོན་འདི་དུས་ད་ལྟའང་ཐག་གཅོད་མ་ཟིན་པའི་གནད་དོན་ཞིག་ཡིན་ཞིང་། བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པར་ངོས་འཛིན་དགོས་པ། དེ་བཞིན་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་མ་གནང་བ་དེ་རྒྱ་ནག་གི་ནོར་འཁྲུལ་ཞིག་ཡིན་པ། མ་ཟད་རྒྱ་ནག་གི་ལོ་རྒྱུས་ཁྲོད་བོད་ཐོག་བདག་དབང་ཡོད་སྐོར་བརྗོད་བཞིན་པ་དེ་འཁྱོག་བཤད་འབའ་ཞིག་དང་། བོད་རྒྱའི་དཀའ་རྙོག་འདི་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་གྲོས་མོལ་གྱི་ལམ་ནས་སེལ་དགོས་པ་སོགས་ཀྱི་འབྲུ་དོན་འཁོད་ཡོད་པ་རེད།
སྲིད་འཛིན་ Biden མཆོག་གིས་ཁ་སང་ཁྲིམས་འཆར་དེར་མཚན་རྟགས་བཀོད་པ་དང་འབྲེལ་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བའི་ནང་དུ། ཁོང་ནས་ཨ་རིའི་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱི་གྲོས་ཚོགས་འཐུས་མི་རྣམས་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་དང་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག་གཅེས་ཉར་ལ་རྒྱབ་སྐྱོར་གནང་རྒྱུའི་འདུན་པ་གཅིག་མཚུངས་ཡོད་པ་དང་། ཁོང་གི་གཞུང་འཛིན་གྱི་ངོས་ནས་རྒྱ་ནག་གཞུང་ལ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་༸གོང་ས་མཆོག་གམ་༸གང་ཉིད་ཀྱི་སྐུ་ཚབ་ལྷན་དུ་གྲོས་མོལ་བསྐྱར་གསོ་གནང་སྟེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཡོང་བའི་སྐུལ་འདེབས་་མུ་མཐུད་ཞུ་རྒྱུ་ཡིན་ཞེས་གསུངས་པ་དེ་ལྟར་ཡང་། ཁྲིམས་འཆར་དེས་བོད་རང་སྐྱོང་ལྗོངས་ཟེར་བ་དང་བོད་ཀྱི་ས་ཁུལ་གཞན་རྣམས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པར་ངོས་འཛིན་གནང་རྒྱུའི་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱིས་ཨ་རིའི་གཞུང་གི་ཡུན་རིང་སྲིད་བྱུས་ལ་བསྒྱུར་བ་བཏང་གི་མེད་པ་གསུངས་འདུག

ཁ་སང་ཨ་རིའི་སྲིད་འཛིན་མཆོག་གིས་བོད་རྒྱའི་བཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་མཚན་རྟགས་བཀོད་པ་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དེ་རིང་སྔ་དྲོ་ལ་དྭགས་བྱང་ཐང་སུམ་མདོ་ས་ཁུལ་དུ་བོད་མི་རྣམས་ལ་གཏམ་བཤད་གནང་བའི་ཁྲོད། ཨ་རི་སྲིད་འཛིན་མཆོག་གིས་བོད་དོན་ཁྲིམས་འཆར་ལ་མཚན་རྟགས་བཀོད་དེ་ཁྲིམས་སུ་བཅད་པར་དགའ་བསུ་ཞུས་པ་དང་ཆབས་གཅིག བོད་མིའི་སྒྲིག་འཛུགས་ངོས་ནས་ཁྲིམས་འཆར་དེ་ཧ་ཅང་གལ་ཆེ་ཞིག་ལ་ངོས་འཛིན་གནང་གི་ཡོད་སྐོར་གསུངས་ཏེ་གནད་དོན་དེ་ནི་དགའ་དགའ་སྤྲོ་སྤྲོ་བྱས་འོས་པའི་གཏམ་བཟང་ཞིག་ཡིན་པ་གསུངས་འདུག
དེ་བཞིན་ཨ་རིའི་གྲོས་ཚོགས་ནང་དུ་ཁྲིམས་འཆར་དེ་བཏོན་གནང་མཁན་ཡུན་རིང་ནས་བོད་དོན་རྒྱབ་སྐྱོར་བ་གྲོས་ཚོགས་འཐུས་མི་ Jim Mcgovern ལགས་ཀྱིས་ད་རེས་ཨ་རིའི་སྲིད་འཛིན་མཆོག་ནས་བོད་དོན་ཁྲིམས་འཆར་ལ་མཚན་རྟགས་བཀོད་པར་དགའ་བསུ་ཞུས་པ་དང་འབྲེལ། ཨ་རིའི་ངོས་ནས་བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་གཙོས་རྒྱལ་སྤྱིའི་ཁྲིམས་ཀྱི་འོག་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཡོད་པ་ནན་བརྗོད་དང་། ད་རེས་ཀྱི་ཁྲིམས་འཆར་དེའི་བརྒྱུད་ནས་བོད་རྒྱའི་དབར་ལོ་ངོ་བཅུ་ཕྲག་མང་པོ་ནས་ཡོད་པའི་དཀའ་རྙོག་སེལ་ཆེད་གྲོས་མོལ་བསྐྱར་གསོ་ཡོང་བའི་རེ་བ་ཆེན་པོ་གནང་བཞིན་ཡོད་པ་གསུངས་འདུག
ཁོང་གིས་ད་དུང་བོད་མི་རྣམས་ཀྱི་ངོས་ནས་བོད་ཀྱི་རིག་གཞུང་དང་ལོ་རྒྱུས་ཐོག་འཁྱོག་བཤད་མེད་པའི་ཐོག་ནས་རྒྱ་ནག་ལྷན་དུ་གྲོས་མོལ་གནང་རྒྱུའི་བརྡ་ལན་གསལ་པོ་ཞིག་གནང་བཞིན་ཡོད་སྐོར་གསུངས་ཏེ། བོད་དེ་ལོ་རྒྱུས་ཀྱི་ཐོག་རྒྱ་ནག་གི་ཆ་ཤས་མིན་པ་དང་ཨ་རིའི་ངོས་ནས་དངོས་གསལ་བདེ་པོའི་ཐོག་བདེན་པའི་རྒྱབ་ལ་བཞེངས་རྒྱུ་ཡིན་པ་དང་། ཁོང་རང་ཉིད་ནས་ཀྱང་དུས་རྟག་ཏུ་དགའ་སྤོབས་ཆེན་པོའི་ངང་བོད་མིའི་ལྷན་དུ་བཞེངས་རྒྱུ་ཡིན་པ། དེ་བཞིན་བོད་ཀྱི་ལོ་རྒྱུས་དང་ཆོས། རིག་གཞུང་། སྐད་ཡིག་དང་བཅས་པ་ནམ་ཡང་རྩ་མེད་འགྲོ་རྒྱུ་མིན་པ་གསུངས་འདུག

མ་ཟད་གྲོས་ཚོགས་འཐུས་མི་ Todd Young ལགས་དང་གྲོས་ཚོགས་འཐུས་མི་ Jeff Merkley ལགས་ཀྱིས་ཀྱང་དགའ་བསུའི་འཚམས་འདྲི་དང་འབྲེལ། ཁྲིམས་འཆར་དེས་ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་རྒྱ་ནག་གི་བོད་ཀྱི་ལོ་རྒྱུས་ཐད་འཁྱོག་བཤད་དང་ལོ་རྒྱུས་ནག་སུབ་གཏང་རྒྱུ་སོགས་ཀྱི་བྱ་སྤྱོད་ལ་གདོང་ལེན་བྱ་རྒྱུའི་ནུས་པ་བསྐྲུན་རྒྱུ་ཡིན་པ་མ་ཟད། བོད་རྒྱའི་འགོ་ཁྲིད་རྣམས་ལ་ཞི་བའི་སྒོ་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་སྐུལ་སློང་སྤེལ་རྒྱུའི་ཐད་གོམ་པ་འདུན་སྤོས་བྱས་ཡོད་པ་སོགས་གསུངས་འདུག
གཞི་རྩའི་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མཡེཀེལ་མེཀོལ་ Michael McCaul མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ལས་གྲུབ་པའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ནས། ཟླ་བ་སྔོན་མའི་ཕྱི་ཚེས་ ༡༩ ཉིན་བཞུགས་སྒར་རྡ་རམ་ས་ལར་དངོས་སུ་ཆེད་ཕེབས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་ཏེ། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱན་འབུལ་ཞུས་ཡོད་པ་རེད།