Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་འཛམ་གླིང་ཞི་བདེའི་སྨོན་ལམ་ཐོག་ནང་བསྟན་ལ་སློབ་གཉེར་གྱིས་ཉམས་ལེན་གནང་དགོས་ཞེས་ལམ་སྟོན་མཛད་པ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

དེ་རིང་ཕྱི་ཟླ་ ༡༢ ཚེས་ ༢༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་རིན་པོ་ཆེའི་སྐུ་མདུན་དུ་འཛམ་གླིང་ཞི་བདེའི་སྨོན་ལམ་གྱི་ཚོགས་མགོན་དུ་དབུ་བཞུགས་མཛད་པ་དང་སྦྲགས། བདག་ཉིད་བདག་གི་མགོན་ཞེས་གསུངས་པ་ལྟར་སངས་རྒྱས་ཀྱི་ཆོས་ལ་སློབ་སྦྱོང་བྱས་ཏེ་ཉམས་ལེན་བྱ་དགོས་གལ་གྱི་ལམ་སྟོན་བཀའ་དྲིན་ཆེ་བ་མཛད་སོང་།

སྐབས་དེར་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་དབུས་པའི་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་ཁག་གཅིག་དང་།  རྒྱལ་ཁབ་ཁག་ ༣༣ ཙམ་ནས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་སུ་ཕེབས་པའི་ཆོས་བརྒྱུད་ཁག་གྱི་བླ་ཆེན་དང་མཁན་པོ། དེ་བཞིན་ཚོགས་བཅར་བ་ལྷན་ཞུགས་གནང་ཡོད་པ་རེད།

འཛམ་གླིང་ཞི་བདེའི་སྨོན་ལམ་གྲུབ་མཚམས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ང་ཚོ་ཚང་མ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གནས་ཁྱད་པར་ཅན་འདིར་འཛོམས་ཡོད་པ་དང་འབྲེལ། སྟོན་པའི་བཀའ་རྟེན་བྱུང་གི་དེ་ཁོ་ན་ཉིད་ཞེས་པ་དེ་ཐུན་མོང་མ་ཡིན་པ་ཞིག་ཆགས་ཀྱི་ཡོད་པ་དང་། དེ་ཡང་བྱང་ཆུབ་སེམས་ཀྱི་ཟིན་ན་སྒྲིབ་གཉིས་སྤང་པའི་བྲལ་བའི་ཡོན་ཏན་མངོན་དུ་བྱེད་ཐུབ་ཀྱི་ཡོད་པར་བཀའ་སྩལ་ཅིང་། ལྷག་པར་དུ་སེམས་ཀྱི་གནས་ལུགས་བརྟག་དཔྱད་བྱ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་རེད་ཅེས་བཀའ་སྩལ་སོང་།

ད་དུང་ཉིན་ལྟར་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ཉམས་ལ་བཞེས་མཛད་ཀྱི་ཡོད་པ་དང་། དེ་འབྲེལ་མྱོང་བའང་ལྡན་ཡོད་ཅེས་བཀའ་སྩལ་བ་དང་འབྲེལ། ལྷག་པར་ཚོགས་ལམ་མངོན་དུ་གྱུར་ཏེ་༸སྐུ་ཚེ་འདིར་ས་ལམ་གྲོལ་ཐུབ་རྒྱུའི་ཐུགས་རེ་མཛད་ཀྱི་ཡོད་ཅིང་། ད་རེས་གནས་མཆོག་འདིར་ཕེབས་ཐུབ་པ་ཧ་ཅང་སྐལ་བ་བཟང་པོ་ཡིན་པ་མ་ཟད། བདག་ཉིད་བདག་གི་མགོན་ཞེས་གསུངས་པ་ལྟར་སངས་རྒྱས་ཀྱི་ཆོས་དེ་སློབ་སྦྱོང་བྱས་ཏེ་ཉམས་ལེན་བྱ་དགོས་གལ་གྱི་ལམ་སྟོན་བཀའ་དྲིན་ཆེ་བ་མཛད་སོང་།

མ་ཟད་མགོན་པོ་༸གང་ཉིད་མཆོག་ལོ་མང་རིང་སངས་ཀྱི་ཆོས་ལ་ཉམས་བཞེས་མཛད་དེ་སེམས་ནང་ཆགས་སྡང་བྲལ་བའི་མྱོང་བ་ཧ་ལམ་མངོན་དུ་གྱུར་ཡོད་ཅེས་བཀའ་སྩལ་དང་འབྲེལ། བོད་ནང་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད་ཀྱང་དཀའ་ངལ་དེ་དག་ལ་སྙིང་རྗེ་སྐྱེ་པ་མ་གཏོགས་ཁོང་ཁྲོ་སྐྱེ་ཡི་མི་འདུག་ཅེས་བཀའ་སྩལ་ཏེ་མཐར་ཆོས་གྲོགས་ཚང་མས་བཅོམ་ལྡན་འདས་རང་ཉིད་ཀྱི་མངོན་དུ་མཛད་པའི་ལམ་དེ་དག་ལ་བསླབ་ནས་ཉམས་ཉེན་བྱ་དགོས་གལ་ཡིན་པའི་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་སོང་།

གཞི་རྩའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སྔོན་ཕྱི་ཚེས་ ༡༥ ཉིན་ནང་པའི་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་དང་།  མགོན་པོ་༸གང་ཉིད་མཆོག་ནས་ཕྱི་ཚེས་ ༡༦ ཉིན་བྱང་ཆུབ་ཆེན་མོའི་མཆོད་རྟེན་རིན་པོ་ཆེར་གནས་གཟིགས་མཛད་ཡོད་པ་མ་ཟད།  ཕྱི་ཚེས་ ༢༠ ཉིན་ད་དུང་རྒྱལ་སྤྱིའི་ནང་པའི་དགེ་འདུན་པའི་ལྷན་ཚོགས་ཐེངས་དང་པོ་དེའང་དབུ་འབྱེད་བཀའ་དྲིན་བསྐྱངས་ཡོད་པ་རེད།

མགོན་པོ་༸གང་ཉིད་མཆོག་གིས་མཛད་ཆར་ཐུགས་གཏན་ཁེལ་བར་གཞིགས་ན་ཕྱི་ཚེས་ ༢༥ དང་ ༢༦ བཅས་ཀྱི་ཉིན་མགོན་པོ་༸གང་ཉིད་མཆོག་གིས་དད་ལྡན་རྒྱ་རིགས་གྲྭ་བཙུན་རྣམས་ལ་དགེ་ཚུལ་སློང་གི་སྡོམ་པ་འབོག་ཆོག་དང་། ཕྱི་ཚེས་ ༢༩ ནས་ ༣༡ བར་ཉིན་གསུམ་རིང་དཔལ་མགོན་འཕགས་པ་ཀླུ་གྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་ཆོས་འབྲེལ་དང་འཇམ་དཔལ་དབྱངས་ཀྱི་རྗེས་གནང་བཀྲིན་སྩལ་རྒྱུ། དེ་བཞིན་ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡ ཉིན་ཕྱི་ལུགས་ལྟར་གནམ་ལོ་གསར་བཞེས་དང་བསྟུན། ཝཱ་རཱ་ཎ་སཱི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་ཝཱ་རཱ་ཎ་སཱི་སློབ་ཟུར་ཐུན་མོང་། སྤེན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་དང་དཔལ་ཞ་ལུ་དགོན་པ། དེ་བཞིན་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་ཚོགས་པ་དང་དགེ་ལྡན་སྤྱི་ལས་ཁང་བཅས་ཚོགས་པ་ཁག་གསུམ་གྱི་ཆར་གཏོགས་དད་ལྡན་རྣམས་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།