Tibetan Royal Year of 2151 | Year of the Wood Dragon

ཐེ་ཝན་མི་མང་གི་རང་ཐག་རང་གཅོད་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་དང་རྒྱ་གཞུང་ལ་དྲག་པོའི་འཇིགས་སྐུལ་བྱེད་མཚམས་འཇོག་དགོས་པའི་སྐུལ་འདེབས།

Tibetan News Headlines

  • Tibetan spiritual leader heads to America for a knee treatment
  • Former Sikyong Lobsang Sangay speaks on Reincarnation and Geopolitics in Delhi
  • State oracle Nechung issues prayer recitation notice for Dalai Lama’s upcoming knee treatment
  • China’s suppression of Tibetan protests over hydropower discussed at side-event of UN human rights council
  • US Congressional delegation calls on PM Narendra Modi after visit to Dharamshala

རེས་གཟའ་པ་སངས། ༢༠༢༤།༠༦།༢༡

  • ༸གོང་ས་མཆོག་ཨ་རིར་ཞབས་པུས་སྨན་བཅོས་སླད་བཞུགས་སྒར་ནས་ཆིབས་ཐོན་མཛད་སོང་།
  • རྒྱ་གར་གཞུང་ངོས་ནས་སྐུའི་ཡང་སྲིད་གནད་དོན་ཐད་ཐེ་བྱུས་གནང་རྒྱུ་མེད་པར་ཨ་རིས་འཛིན་པའི་སྲིད་བྱུས་དེར་རྒྱབ་སྐྱོར་གནང་དགོས།
  • གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དུ་༸རྒྱལ་བའི་༸སྐུ་ཕྱྭའི་ཞབས་རིམ་འགྲོ་གང་ཆེ་གསོག་སྒྲུབ་དགོས་པ།
  • རྒྱལ་ཚོགས་ཀྱི་ལྷན་ཚོགས་དང་བསྟུན་ཁམས་སྡེ་དགེའི་གནད་དོན་ཐད་ཟུར་ཚོགས་ཞིག་ཚོགས་གནང་འདུག
  • བཞུགས་སྒར་ནས་ཕྱིར་ཐོན་རྗེས་ཨ་རིའི་སྐུ་ཚབ་རུ་ཁག་ནས་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་དང་མཇལ་འཕྲད་གནང་འདུག

དེ་རིང་ཕྱི་ཟླ་ ༥ ཚེས་ ༢༠ ཉིན་ཐེ་ཝན་གྱི་བདམས་ཐོན་སྲིད་འཛིན་སྐུ་ཞབས་ Lai Ching-te མཆོག་ནས་སྲིད་འཛིན་གྱི་དམ་འབུལ་བཞེས་ཡོད་པ་དང་བསྟུན། དམ་འབུལ་གྱི་མཛད་རིམ་ཐོག་སྲིད་འཛིན་ Lai ལགས་ཀྱིས་ཐེ་ཝན་མི་མང་རྣམས་ཀྱིས་རང་ཐག་རང་གཅོད་ཀྱི་སྙིང་སྟོབས་དང་མང་གཙོའི་ལམ་ལུགས་འདི་ཉིད་བདག་སྲུང་གནང་བར་བསྔགས་བརྗོད་དང་འབྲེལ། རྒྱ་ནག་གཞུང་གིས་ཁུལ་དེར་དྲག་པོའི་འཇིགས་སྐུལ་བྱེད་མཚམས་འཇོག་དགོས་པ་གསུངས་འདུག

Taiwan New President Inauguration
Photo: Getty Images

དེ་ཡང་དེ་རིང་ཕྱི་ཚེས་ ༢༠ ཉིན་ཐེ་ཝན་གྱི་རྒྱལ་ས་ Taipei ནང་རྟེན་གཞི་བྱས་པའི་ཁུལ་དེའི་སྲིད་འཛིན་ལས་ཁུངས་ཀྱི་མདུན་ཐང་དུ། མང་གཙོ་ཡར་ཐོན་ཚོགས་པའི་བདམས་ཐོན་སྲིད་འཛིན་སྐུ་ཞབས་ Lai Ching-Te མཆོག་དང་སྲིད་འཛིན་གཞོན་པ་ལྕམ་ Hsia Bi-khim མཆོག་གཉིས་ཀྱིས་ཐེ་ཝན་རྩ་ཁྲིམས་ཀྱི་དགོངས་དོན་ལྟར་གཞུང་འབྲེལ་ཐོག་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་ལས་ཁུར་དམ་འབུལ་གྱི་རྟེན་འབྲེལ་གནང་ཡོད་པ་དང་། རྒྱལ་ཡོངས་རང་བཞིན་གྱི་སྲིད་འཛིན་དམ་འབུལ་གྱི་མཛད་སྒོའི་ཐོག་སྲིད་འཛིན་གསར་པ་སྐུ་ཞབས་ Lai མཆོག་གིས་ད་རེས་ལོ་རྒྱུས་ཐོག་ཐེངས་དང་པོ་ཁུལ་དེའི་ཆབ་སྲིད་ཚོགས་པ་ཞིག་གིས་ཐེངས་གསུམ་བསྟུད་མར་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ཡོད་པ་དང་། ལྷག་པར་ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པར་རྒྱལ་ཁ་ཐོབ་པ་དེ་ནི་ཁུལ་དའི་མི་མང་རྣམས་ཀྱིས་རང་ཐག་རང་གཅོད་ཀྱི་སྙིང་སྟོབས་ལ་རྟེན་ནས་བྱུང་ཡོད་སྟབས་མང་གཙོའི་ལམ་ལུགས་འདི་ཉིད་བདག་སྲུང་གནང་བར་བསྔགས་བརྗོད་གནང་བ་དང་སྦྲགས། སྲིད་འཛིན་གྱི་ལས་ཡུན་ཁྲོད་ཐེ་ཝན་གྱི་རྩ་ཁྲིམས་གཞི་རྩར་བཟུང་སྟེ་ཐེ་ཝན་མི་མང་གི་རེ་བ་དང་མངོན་འདོད་ཁག་བསྒྲུབ་རྒྱུའི་ཐད་ཆོད་སེམས་བརྟན་པོ་ཡོད་པ་ཙམ་མ་ཟད། རྒྱ་ནག་གཞུང་གིས་ཁུལ་དེར་སྲིད་དོན་དང་དྲག་པོའི་འཇིགས་སྐུལ་བྱེད་མཚམས་འཇོག་དགོས་པ་གསུངས་འདུག

མ་ཟད་ཐེ་ཝན་མི་མང་ནི་ཞི་བདེ་དང་གྲོས་མོལ། མང་གཙོ་དང་རང་དབང་། དེ་བཞིན་མཉམ་གནས་སོགས་ཀྱི་རྩ་ཆེའི་རིན་ཐང་ལ་དགའ་མོས་གནང་མཁན་གྱི་མི་རིགས་ཞིག་ཡིན་སྐོར་འགྲེལ་བརྗོད་ཀྱིས་ཁོང་གི་གཞུང་འཛིན་ངོས་ནས་ཁུལ་དེར་ཡོད་པའི་མང་གཙོའི་ལམ་ལུགས་གཙོས་མངའ་ཁུལ་དུ་ཞི་བདེ་བརྟན་ལྷིང་རྒྱུན་གནས་ཡོང་ཐབས། དེ་བཞིན་ཐེ་ཝན་གྱི་ས་ཁོངས་བདག་དབང་སྲུང་སྐྱོབ་ཐད་ཆོས་སེམས་བརྟན་པོ་ཡོད་ཞེས་དང་། རྒྱ་ནག་ངོས་ནས་ཀྱང་ཐེ་ཝན་མི་མང་གི་གདམ་ཀར་བརྩི་འཇོག་བརྒྱུད་མི་མང་གིས་བདམས་པའི་ཁྲིམས་མཐུན་གྱི་སྲིད་གཞུང་དང་མཉམ་ལས་གནང་དགོས་པ་དང་། ཕྱོགས་གཉིས་ཀྱི་དཀའ་ངལ་ཁག་གྲོས་མོལ་ལམ་ནས་སེལ་དགོས་པ། དེ་བཞིན་ཐེ་ཝན་ལ་དྲག་རྒོལ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་གནང་འདུག

Taiwan New President Inauguration

སྲིད་འཛིན་ Lai ལགས་ཀྱིས་ད་དུང་རྒྱ་ནག་གཞུང་གིས་ནམ་ཀུན་ནས་རྒྱལ་སྤྱིའི་ཁྲོད་ཐེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཡིན་པ་དང་ཐེ་ཝན་རྒྱ་ནག་དང་ཆིག་སྒྲིལ་བྱ་རྒྱུའི་དམིགས་ཡུལ་དེ་ནམ་ཡང་དོར་མི་སྲིད་པ་རེད་ཅེས་གསུངས་ཏེ། ཁོང་གིས་སྣེ་ཁྲིད་པའི་ཐེ་ཝན་མི་འབོར་ས་ཡ་ ༢༣ ཡོད་པ་རྣམས་ཀྱིས་རང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་འགན་ལེན་ཐུབ་ཐབས་སུ་ཐེ་ཝན་སྔར་ལས་སྲ་བརྟན་དང་ཆིག་སྒྲིལ་གྱི་ནུས་པ་གོང་འཕེལ་གཏོང་དགོས་གལ་ཙམ་མ་ཟད། གཞུང་འཛིན་གསར་པས་རྒྱལ་སྤྱིའི་ཁྲོད་རྒྱལ་ཁབ་སུལའང་མགོ་སྒུར་གྱི་མེད་པ་དང་དམག་འཁྲུག་རྒྱབ་རྒྱུ་མེད་པ། དེ་བཞིན་སྔར་ཡོད་གནས་བབ་རྒྱུན་འཁྱོངས་བྱ་རྒྱུ་སོགས་དམ་བཅའ་བཞི་གཙོ་བཟུང་གིས་རྒྱལ་ཁབ་མདུན་སྐྱོད་ཕྱོགས་སུ་སྣེ་ཁྲིད་གནང་རྒྱུ་ཡིན་པ་གསུངས་འདུག

གསུང་བཤད་ཀྱི་མཐའ་མར་ཁོང་གིས་ཨ་རི་གཙོ་བོར་འགྱུར་བའི་གཞན་མང་གཙོ་རྒྱལ་ཁབ་ཁག་ནས་རྒྱ་ནག་གཞུང་གི་དྲག་པོའི་འཇིགས་སྐུལ་ལ་ལྟོས་མེད་ཐེ་ཝན་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ལས་དོན་ཐད་རོགས་རམ་བྱས་ཡོད་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། གལ་ཏེ་མང་གཙོའི་རྒྱལ་ཁབ་རྣམས་ཀྱིས་ཐེ་ཝན་རྒྱལ་ཁབ་ལ་སྲུང་སྐྱོབ་བྱས་མི་ཐུབ་ཚེ།  འཛམ་གླིང་ཞི་བདེ་དང་བརྟན་ལྷིང་། མང་གཙོ། དཔལ་འབྱོར་རང་དབང་རྒྱུན་གནས་ཐད་དོ་ཕོག་ཤུགས་ཆེ་ཐེབས་ངེས་ཡིན་པ་ཙམ་མ་ཟད། སླད་མར་ཡང་གཞུང་འཛིན་ངོས་ནས་ཕྱིའི་རྒྱལ་ཁབ་ཁག་དང་མཉམ་ལས་ཀྱིས་ཐེ་ཝན་དེ་བཞིན་ཁ་ཕྱོགས་གསར་པ་ཞིག་གི་ཕྱོགས་སུ་ཁྲིད་རྒྱུ་ཡིན་པ་གསུངས་འདུག

Taiwan New President Inauguration

སྤྱིར་དེ་རིང་ཐེ་ཝན་སྲིད་འཛིན་ Lai Ching-te མཆོག་གི་དམ་འབུལ་མཛད་སྒོར་ཕྱིའི་རྒྱལ་ཁབ་ཁག་ ༢༩ ལྷག་ནས་དམིགས་བསལ་སྐུ་མགྲོན་ ༥༠༠ ལྷག་ཆེད་ཕེབས་གནང་ཡོད་པ་དང་། དེའི་ཁོངས་སུ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གི་དབུས་པའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ཚོགས་ཁག་ནས་ལྷན་བཞུགས་གནང་བ་མ་ཟད། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་དྲུང་ཆེ་སྐུ་ཞབས་ Mike Pompeo ལགས་ཀྱིས་གཙོས་ཕྱི་སྲིད་དྲུང་ཆེ་གཞོན་པ་ Richard Armitage ལགས། Lithuanian གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ Dalia Grybauskaite ལགས་བཅས་ཕེབས་ཡོད་པ་རེད། མ་ཟད་སྐུ་ཞབས་ Lai Ching-te ལགས་ཀྱི་དེ་རིང་དངོས་སུ་སྲིད་འཛིན་གྱི་འགན་བཞེས་ཀྱི་ཡོད་པ་དང་བསྟུན། ཨ་རི་དང་དབྱིན་ཡུལ་གཙོས་པའི་མང་གཙོའི་རྒྱལ་ཁབ་ཁག་དང་གནད་ཡོད་མི་སྣ་མང་པོས་དགའ་བསུའི་འཚམས་འདྲི་ཞུས་ཡོད་པ་དང་། ལྷག་པར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ Antony Blinken མཆོག་ནས་འཚམས་འདྲི་དང་སྦྲགས། རྒྱ་གཞུང་གིས་དྲག་གནོན་ལ་ལྟོས་མེད་ཐེ་ཝན་མང་ཚོགས་ནས་མང་གཙོའི་ལམ་ལུགས་སྲུང་སྐྱོབ་ཐུབ་པར་བསྔགས་བརྗོད་གནང་འདུག

Taiwan New President Inauguration
Photo: NewYork Times

དེའི་བར་ན་རྒྱ་ནག་གི་ཚོང་ལས་ལས་ཁུངས་ཀྱིས་ཐེ་ལྦན་གྱི་སྲིད་འཛིན་གསར་པས་ལས་ཁར་དམ་འབུལ་བཞེས་པའི་ཁྲོད།  ཨ་རིའི་ Boeing ཞེས་གནམ་གྲུ་བཟོ་ལས་ཁང་གི་རྒྱལ་སྲུང་དང་མཁའ་དབྱིངས་བདེ་འཇགས་སྡེ་ཚན་དང་། གཞན་ཡང་ General Atomics Aeronautical system དང་ general dynamic land system ཞེས་ཨ་རིའི་དམག་གི་གནམ་གྲུ་གཙོས་པའི་དམག་ཐབས་ཀྱི་འཕྲུལ་རིགས་བཟོ་ཚོང་བྱེད་མཁན་གྱི་ཚོང་ལས་ཁང་བཅས་ཀྱིས་ཐའེ་ཝན་ལ་དམག་གི་གོ་མཚོན་ཚོང་འགྲེམས་བྱེད་ཀྱི་ཡོད་པའི་ཉེས་འཛུགས་དང་བཅས། ཚོང་ལས་ཁང་དེ་དག་བློ་འགེལ་མི་རུང་བར་ངོས་འཛིན་གྱིས། མ་འོངས་རྒྱ་ནག་ཏུ་མ་འཛུགས་བྱེད་མི་ཆོག་པ་དང་བཟོ་ཚོང་ལས་ཁང་དེ་དག་གི་འཛིན་སྐྱོང་དང་འབྲེལ་བའི་དཔོན་རིགས་མཐོ་གྲས་རྣམས་རྒྱ་ནག་ཏུ་བསྐྱོད་མི་ཆོག་པ་མ་ཟད། རྒྱ་ནག་གི་མཐོང་ཆེན་དང་ཡུལ་དེའི་ནང་ལས་ཀ་བྱེད་ཆོག་པའི་ལག་འཁྱེར་རྣམས་ཕྱིར་འཐེན་བྱ་རྒྱུའི་སྲིད་དོན་ཉེས་ཆད་བཀལ་འདུག

ཤིན་ཧུའ་ Xinhua གསར་ཁང་ཁག་གིས་སྤེལ་བའི་གནས་ཚུལ་ནང་རྒྱ་གཞུང་གིས་ཨ་རིའི་ཚོང་ལས་ཁང་དེ་དག་ལ་ཉེས་ཆད་དེ་ལྟར་བཀལ་དགོས་དོན་གཙོ་བོ་ནི་རྒྱ་ནག་གི་རྒྱལ་ཁབ་བདག་དབང་དང་། བདེ་འཇགས་སྲུང་སྐྱོབ། དེ་བཞིན་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁེ་ཕན་སྲུང་རྒྱུའི་སླད་བྱས་པ་ཞིག་ཡིན་པ་བརྗོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།