Tibetan Royal Year of 2151 | Year of the Wood Dragon

བོད་རང་དབང་གི་ཆེད་དུ་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་འགོ་བཙུགས་འདུག

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

བོད་མིའི་རང་དབང་སྒེར་ལངས་སམ་གསུམ་བཅུའི་དུས་དྲན་ཐེངས་ ༦༥ སླེབས་ལ་ཉེ་བ་དང་བསྟུན། ཁ་སྔོན་ཕྱི་ཚེས་ ༡༤ ཉིན་ཐའེ་ཝན་གྱི་རྒྱལ་ས་ Taipei ཐའེ་པེ་ཁུལ་གྱི་ ༢༢༨ གཉིས་གཉིས་བརྒྱད་ཞེས་པའི་ཞི་བདེའི་སྤྱི་གླིང་དུ་བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་གོ་སྒྲིག་འོག་བོད་རང་དབང་གི་ཆེད་དུ་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དབུ་འཛུགས་གནང་འདུག་པ་དང་འབྲེལ། སླར་ཡང་འདི་ཚེས་ ༢༡ དང་ ༢༨ དེ་བཞིན་ཟླ་ ༣ ཚེས་ ༢ དང་ ༦ བཅས་སོ་སོར་དེ་འབྲེལ་ལས་འགུལ་སྤེལ་འཆར་ཡོད་པ་རེད་འདུག

ཁ་སྔོན་ཕྱི་ཚེས་ ༡༤ ལས་འགུལ་གྱི་ཉིན་དང་པོའི་ཐོག་ཐའེ་ཝན་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ཧུང་སིན་ཧན་ལགས་དང་། ཐའེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་འཐུས་མི་ Puma Shen པུ་མཱ་ལགས། རྒྱ་ནག་དམར་ཤོག་ལ་ཁ་གཏད་གཅོག་མཁན་ཧོང་ཀོང་གཞོན་སྐྱེས་ཀྱི་ཚོགས་པ་ Hongkong outlanders དྲུང་ཆེ་ Sky Fung ཧྥེང་ཤཱའོ་ཏིཡན་གཙོས་པའི་ས་གནས་ཀྱི་མང་ཚོགས་ཁག་ཅིག་བཅས་ཁྱོན་མི་གྲངས་ ༢༠ ཙམ་མཉམ་ཞུགས་གནང་སྟེ། ཁུལ་དེའི་ Yuan གྲོས་ཚོགས་ཁང་པའི་མདུན་དུ་བོད་གཙོས་པའི་ཧོང་ཀོང་དང་། ཐའེ་ཝན་གྱི་གནད་དོན་སོགས་ཀྱི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་གནང་འདུག

སྐབས་དེར་བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས། ཕྱི་ལོ་ ༡༩༥༡ ལོར་རྒྱ་དམར་གཞུང་གིས་བོད་ཐོག་ཆིངས་ཡིག་དོན་ཚན་ ༡༧ ཞེས་པ་བཙན་གྱི་བཞག་ཏུ་བཅུག་པའི་ལོ་རྒྱུས་ཁག་ངོ་སྤྲོད་དང་འབྲེལ། ལྷག་པར་དེང་གི་ཆར་བོད་ནང་བླ་སྤྲུལ་ཡང་སྲིད་ངོས་འཛིན་མཚོན་པའི་བོད་མིའི་ཆོས་དད་རང་དབང་ལ་དམ་བསྒྲགས་སྣ་ཚོགས་བྱེད་བཞིན་ཡོད་པ་དེ་ལྟར་ཡང་། ༸རྒྱལ་བའི་ཡང་སྲིད་ངོས་འཛིན་ལ་ཐེ་བྱུས་བྱེད་ཐུབ་ཀྱི་མ་རེད་ཅེས་ནན་བརྗོད་གནང་འདུག

གནས་དོན་དེ་དང་འབྲེལ་ནས་བཀྲ་ཤིས་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་པས་ཁོང་གིས། བོད་དོན་ལས་འགུལ་གང་འདྲ་ཞིག་སྤེལ་ཡང་རྒྱ་སྐད་ཀྱི་ཐོག་ནས་གཏམ་བཤད་སོགས་གནང་གི་ཡོད་པ་ནི་རྒྱ་ནག་ལ་ཐད་ཀར་གནོན་ཤུགས་འགྲོ་ཡི་ཡོད་པ་གསལ་པོ་ཡིན་སྐོར་གསུངས་པ་དང་འབྲེལ། བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དེ་ཕྱི་ལོ་ ༢༠༡༡ ལོར་ཐོག་མ་སྒེར་གྱི་དབུ་འཛུགས་གནང་བ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་གཙོ་བོ་ནི་ཐའེ་ཝན་ནང་གི་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་དང་སློབ་མ་སོགས་ལ་རྒྱ་ནག་གི་གདུག་རྩུབ་འོག་གཞིས་ལུས་རྒྱ་ཆེ་མི་མང་ལ་རང་དབང་མེད་པ་གཙོས་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་ཙམ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་སོགས་མདོར་ན་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཞིག་ཆགས་སྟབས་བོད་མི་རྣམས་ཀྱི་མཉམ་ཞུགས་གནང་དགོས་གལ་ཡིན་ཞིང་། དེ་འབྲེལ་ལས་འགུལ་རྣམས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མཉམ་རུབ་ཀྱི་ཐོག་ནས་གནང་གི་ཡོད་པ་འགྲེལ་བརྗོད་གནང་སོང་།

དེ་བཞིན་མང་གཙོ་ཡར་ཐོན་ཚོགས་པའི་འཐུས་མི་ Puma Shen པུ་མཱ་ལགས་ཀྱིས་རྒྱ་དམར་གཞུང་གིས་ཐའེ་ཝན་ཐོག་དཔལ་འབྱོར་དང་འབྲེལ་ལམ་གཉིས་ཀའི་ཐོག་གནོན་ཤུགས་དང་འགོག་རྐྱེན་བཟོ་བཞིན་ཡོད་ཅིང་། ལྷག་པར་བོད་དང་ལྷན་དུ་ཞི་བའི་ཆིངས་ཡིག་བཞག་ཁུལ་བྱེད་པ་དེ་ནི་ཐའེ་ཝན་ལ་ཉེན་བརྡ་ཞིག་ཡིན་པ་མ་ཟད། ད་ལྟའི་ཆར་རྒྱ་ནག་གི་བྱེད་བབ་དེ་དག་ལ་གཞིགས་ཏེ། མ་འོངས་གྲོས་ཚོགས་ནང་རང་དབང་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་འབོད་སྒྲ་ལ་རྒྱབ་སྐྱོར་མུ་མཐུད་ཞུ་རྒྱུ་ཡིན་པ་གསུངས་འདུག

མ་ཟད་རྒྱ་ནག་དམར་ཤོག་ལ་ཁ་གཏད་གཅོག་མཁན་ཧོང་ཀོང་གཞོན་སྐྱེས་ཀྱི་ཚོགས་པ་ Hongkong outlanders དྲུང་ཆེ་ Sky Fung ལགས་ཀྱིས་རྒྱ་དམར་གཞུང་གི་བོད་ནང་བཙན་འཛུལ་བྱས་རྐྱེན་བོད་ཀྱི་ཆོས་དང་རིག་གཞུང་། གོམས་གཤིས་བཅས་ལ་རྡོག་རོལ་ཚབས་ཆེན་བཏང་ཡོད་པ་དང་། བོད་མི་མང་པོ་མི་འདོད་བཞིན་དུ་གཞན་ཡུལ་དུ་གྱར་དགོས་པ་བྱུང་ཡོད། འོན་ཀྱང་བོད་མི་རྣམས་ཀྱི་སྙིང་སྟོབས་ཞུམ་པ་མེད་པར་གནས་ཡོད་ཅེས་གསུངས་ཏེ། ཧོང་ཀོང་གི་གནད་དོན་དང་འབྲེལ་རྒྱ་ནག་གི་གཡོ་སྒྱུ་དེ་སྔོན་ཚུད་ནས་རྟོགས་མ་ཐུབ་དང་། བོད་དོན་ཐོག་དེ་ཙམ་གྱི་ཕྱག་ལས་གནང་མ་ཐུབ་པར་ཁོང་རང་ཉིད་ལ་བློ་འགྱོད་ཆེན་པོ་ཡོད་ཅེས་གསུངས་འདུག

གཞི་རྩའི་ཐའེ་ཝན་ནང་ལོ་ལྟར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་ཉེའི་ཟླ་བ་གཅིག་ཙམ་གྱི་སྔོན་ཚུད་ནས་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དབུ་འཛུགས་གནང་གི་ཡོད་ཅིང་། བོད་མིའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོའི་བར་གྱི་རེས་གཟའ་ལྷག་པ་ནམ་ཡིན་ལ་བསྟུད་མར་སྤེལ་གནང་གི་ཡོད་པ་དང་། གཙོ་བོ་རྒྱ་ནག་སྐམ་ས་ཆེན་པོའི་མི་མང་གནས་ཡུལ་གྱི་ས་ཁུལ་ཁག་དང་གྲོང་ཁྱེར་ཆེ་ཁག་ལ་ཆེད་ཕེབས་ཀྱིས་བོད་དོན་དྲིལ་བསྒྲགས་གནང་གི་ཡོད་རེད།

འབྲེལ་ཡོད་གསར་གནས།

གསར་གནས།