Tibetan Royal Year of 2151 | Year of the Wood Dragon

ཉི་ཧོང་དུ་བོད་སོག་ཆིངས་ཡིག་བཞག་ནས་ལོ་ ༡༡༠ འཁོར་བར་བོད་སོག་གི་ཆོས་རིག་སྐོར་བགྲོ་གླེང་ཚོགས་པ།

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

ཕྱི་ལོ་ ༡༩༡༣ ལོར་བོད་དང་སོག་པོའི་བར་ཆིངས་ཡིག་བཞག་ནས་འདི་ལོ་ལོ་ངོ་ ༡༡༠ འཁོར་བའི་དུས་དྲན་དང་བསྟུན་ནས་ཟླ་བ་འདིའི་ཕྱི་ཚེས་ ༡༥ ཉིན་ལྷོ་སོག་པོའི་ལྷན་ཚོགས་དང་ཉི་ཧོང་སྐུ་ཚབ་དོན་ཁང་། ཐེ་ཝན་མང་གཙོའི་སློབ་གྲྭ་གསར་པ་མཉམ་སྦྲེལ་གྱི་གོ་སྒྲོག་ཊོཀ་ཡོ་གཙུག་ལག་སློབ་གཉེར་ཁང་དུ་བོད་སོག་རིག་གཞུང་དང་ཆོས་ཕྱོགས་བགྲོ་གླེང་ཚོགས་འདུ་ཞིག་བསྐོང་ཚོགས་གནང་འདུག

ཚོགས་འདུ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་མཆོག་དབུ་བཞུགས་དང་འབྲེལ། སོག་པོ་དང་ཐེ་ཝན། བོད་མི་བཅས་མཁས་པ་བཅོ་ལྔ་མཉམ་ཞུགས་ཀྱིས་བོད་སོག་གི་ལོ་རྒྱུས་གནས་བབ་ཐོག་བགྲོ་གླེང་གནང་ཡོད་ཅིང་། བགྲོ་གླེང་ཚོགས་འདུ་དེ་ཚོགས་ཐུན་གསུམ་དུ་དབྱེ་ནས་ཚོགས་ཐུན་དང་པོའི་ནང་ཕྱི་ལོ་ ༡༩༡༣ ལོའི་བོད་སོག་མཛའ་འབྲེལ་ཆིངས་ཡིག་གི་གལ་གནད་སྐོར་དང་། ཚོགས་ཐུན་གཉིས་པའི་ནང་བོད་སོག་གི་ལོ་རྒྱུས་དང་རིག་གཞུང་འབྲེལ་ལམ་དང་དེའི་གལ་གནད་སྐོར། དེ་བཞིན་ཚོགས་ཐུན་གསུམ་པར་ད་ལྟའི་བོད་དང་སོག་པོའི་གནས་སྟངས་དང་། ཡོང་འགྱུར་བོད་སོག་མཉམ་འབྲེལ་བྱེད་ཕྱོགས་ཀྱི་སྐོར་བགྲོ་གླེང་ལྷུག་པོ་གནང་འདུག

ཚོགས་འདུའི་ཐོག་མར་གཙོ་སྐྱོང་བ་ Miura Kotaro ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་ཕེབས་བསུའི་འཚམས་འདྲི་དང་ཚོགས་འདུའི་དམིགས་ཡུལ་ངོ་སྤྲོད་གནང་བའི་ཁྲོད། ཐེངས་འདིའི་ཚོགས་འདུར་བོད་དང་སོག་པོ་གཉིས་དབར་ཡུན་རིང་གི་ལོ་རྒྱུས་ལྡན་པོ་རིག་གཞུང་དང་ཆོས་ཕྱོགས་ཀྱི་འབྲེལ་ལམ་གཏིང་ཟབ་ཀྱི་གལ་གནད་ཐོག་མཁས་པ་ཕན་ཚུན་དབར་གྲོས་བསྡུར་དང་ཉམས་ཞིབ་ཀྱི་འབྲུ་དོན་གསལ་བཏོན་གནང་རྒྱུ། དེ་བཞིན་ཚོགས་བཅར་བ་རྣམས་ནས་ཕྱི་ལོ་ ༡༩༡༣ ལོར་བོད་དང་སོག་པོ་བར་བཞག་པའི་ཆིངས་ཡིག་གི་ཁྲིམས་མཐུན་རང་བཞིན་སོགས་ཀྱི་སྐོར་དོ་སྣང་གནང་དགོས་པའི་རེ་སྐུལ་ཞུས་འདུག

སྐབས་དེར་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་གོ་སྒྲིག་ཚོགས་ཆུང་ལ་འདི་ལྟ་བུའི་གལ་ཆེ་ཚོགས་འདུ་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞེས་དང་བོད་དང་སོག་པོའི་དབར་ཡུན་རིང་ནས་ལོ་རྒྱུས་དང་ཆོས་ཕྱོགས་ཀྱི་འབྲེལ་ལམ་གཏིང་ཟབ་ཡོད་པར་ངོ་སྤྲོད་གནང་བ་དང་ཆབས་ཅིག ལྷག་པར་དུ་ཕྱི་ལོ་ ༡༩༡༣ ལོའི་བོད་སོག་ཆིངས་ཡིག་གི་གནད་དོན་དེ་བོད་དང་སོག་པོ་གཉིས་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པའི་དཔང་རྟགས་ཤིག་ཡིན་སྐོར་གསལ་བཤད་གནང་སྟེ་མཐར་ཊོག་ཡོ་གཙུག་ལག་སློབ་གཉེར་ཁང་གིས་དེ་འབྲེལ་རྒྱབ་སྐྱོར་དང་མཁས་པ་རྣམས་ནས་གསུང་བཤད་དང་དཔྱད་རྩོམ་སྒྲོག་སྦྱངས་གནང་བར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞེས་གསུངས་འདུག

ཊོག་ཡོ་གཙུག་ལག་སློབ་གཉེར་ཁང་གི་གཙུག་ལག་སློབ་དཔོན་ Prof Ako Tomoko ལགས་ཀྱིས་གཙུག་ལག་སློབ་གླིང་འདིར་མཁས་པ་རྣམས་ནས་འདུ་འཛོམས་ཀྱིས་ཨེ་ཤ་ཡའི་གལ་ཆེའི་ལོ་རྒྱུས་ཀྱི་གནད་དོན་ཐོག་བགྲོ་གླེང་གནང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་འདུག

རྩ་བའི་བོད་སོག་ཆིངས་ཡིག་ཅེས་པ་ནི། བོད་དང་སོག་པོ་གཉིས་མན་ཇུ་གོང་མའི་དབང་འོག་ནས་ཐོན་ཏེ་རྒྱ་ནག་ནས་ཁག་ཁག་བྱས་ཏེ། རང་དབང་རང་བཙན་གྱི་གཞུང་ཞིག་བྱས་ནས། བོད་སོག་གཞུང་གཉིས་ཕན་ཚུན་རྒྱུན་དུ་ཆོས་ལུགས་གཅིག་པའི་མཐུན་ལམ་དང་། དེ་སྔོན་གྱི་གྲོགས་པོའི་མཐུན་ལམ་ཉེ་རུ་གཏོང་ཆེད་དུ་རང་དབང་ལྡན་པའི་སོག་པོའི་རྒྱལ་ཁབ་ཀྱི་ཕྱི་རྒྱལ་བློན་ཆེན་ལས་ཚབ་ནིག་ཏ་སྦི་ལེག་ཐུ། ཏཱ་བླ་མ་རབ་བརྟན། དམག་སྤྱི་བློན་ཆེན་གྱི་ལས་རོགས། མན་ལི་ཀ་ཀྲར། སྦི་ཙུ། གྲམ་ཀྲིན་འུ་རུན། བོད་ཀྱི་སྐུ་ཚབ་སྐུ་བཅར་མཚན་ཞབས་མཁན་ཆེ་བློ་བཟང་ངག་དབང་ཡོངས་གྲགས་སུ་སོག་པོ་རྡོ་རྗེ་ཡིབ། དངུལ་ཁང་དོ་དམ་མགྲོན་གཉེར་ངག་དབང་ཆོས་འཛིན། དྲུང་ཡིག་དགེ་འདུན་རྒྱལ་མཚན་བཅས་ནས་བོད་སོག་གཉིས་ཀྱི་སོ་སོའི་བདག་དབང་དང་ཆོས་སྲིད། ཚོང་དང་དཔལ་འབྱོར་སོགས་དོན་ཚན་དགུ་ཅན་ཞིག་བོད་སོག་གཉིས་དབང་ཆ་འདྲ་མཉམ་གྱི་ཐོག་ནས་ཆུ་བྱི་ ༡༩༡༣ ལོར་སོག་པོའི་རྒྱལ་ས་ཨུར་གར་ཞེས་ད་ལྟའི་ཆར་ཨོ་ལན་བྷྭ་ཐུར་དུ་ངོས་འཛིན་གནང་བ་དེར་བཞག་པའི་ཆིངས་ཡིག་ཅིག་ཡིན་པ་རེད།

གཞི་རྩའི་ཕྱི་དྲོལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༡༠ ནས་ ༡༧ བར་ཉིན་གྲངས་བརྒྱད་རིང་ཉི་ཧོང་དུ་གཞུང་འབྲེལ་ཕྱོགས་སྐྱོད་གནང་བའི་ཁྲོད། ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཙོས་པའི་ཚོགས་མི་ལྷན་མཇལ་མོལ་གནང་སྟེ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ངོ་སྤྲོད། དེ་བཞིན་བོད་དོན་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་རྣམ་པས་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་ཞལ་བཞེས་ཀྱང་གནང་འདུག་པར་མ་ཟད། ཉི་ཧོང་གི་ཆི་བ་དང་རེ་ཏ་ཀུ་གཙུག་ལག་སློབ་གཉེར་ཁང་དུ་ཆེད་ཕེབས་ཀྱིས་བོད་དང་རྒྱལ་སྤྱིའི་འབྲེལ་ལམ་ཐོག་གསུང་བཤད་གནང་འདུག ལྷག་པར་དུ་འདི་ཚེས་ ༡༤ ཉིན་ཉི་ཧོང་གི་ཀྱོ་ཊོ་ཚུ་ཆིན་གསར་ཁང་གི་བཀར་འདྲིར་དང་ལེན་དང་ཤིན་ཇུ་ཀུ་བུན་ཀར་བསྟི་གནས་ཁང་ Shinjuku Bunka Center དུ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསར་འགོད་གསལ་བསྒྲགས་དང་། ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བརྩམས་པའི་འབྲུག་གི་དུག་རླངས་ལ་ཁ་གཏད་ཅེས་པ་ཉི་ཧོང་སྐད་དུ་བསྒྱུར་བའི་དཔེ་དེབ་དབུ་འབྱེད་གནང་འདུག

དེ་བཞིན་ཕྱི་དྲིལ་བཀའ་བློན་མཆོག་གིས་ཉི་ཧོང་སྐུ་ཚབ་དོན་ཁང་དུ་ས་གནས་བོད་རིགས་མང་ཚོགས་ལ་མཇལ་འཕྲད་ཀྱིས་ཕྱོགས་སྐྱོད་ཀྱི་དམིགས་ཡུལ་སོགས་ངོ་སྤྲོད་དང་འབྲེལ། མཐར་བོད་མི་རྣམས་ནས་རྩ་བའི་དམིགས་ཡུལ་མ་བརྗེད་པར་རྡོག་རྩ་གཅིག་སྒྲིལ་ངང་ནས་གནས་དགོས་པའི་ལམ་སྟོན་གནང་འདུག

ཉི་ཧོང་དུ་བོད་སོག་ཆིངས་ཡིག་བཞག་ནས་ལོ་ ༡༡༠ འཁོར་བ་དང་བསྟུན་བོད་སོག་གི་ཆོས་རིག་སྐོར་བགྲོ་གླེང་ཚོགས་འདུ་དེའི་སྐོར་ཉི་འོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་སུ་བཀའ་འདྲི་ཞུས་ཡོད་པས་གོང་གི་སྒྲ་སྒམ་ནས་གསན་ཐུབ།

པར་དབང་བོད་མིའི་སྒྲིག་འཛུགས།

འབྲེལ་ཡོད་གསར་གནས།

གསར་གནས།