Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་གྱ་ཧི་མ་ལ་ཡའི་འཁྱགས་རོམ་མཚེའུ་རྒྱས་ཏེ་ཆུ་ལོག་ཀྱི་ཉེན་ཁ་ཟློག་ཐབས་སུ་རྟོག་ཞིབ་བྱེད་བཞིན་པ།

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

རྒྱ་གར་རྒྱལ་ཡོངས་གོད་ཆགས་སྟངས་འཛིན་ལྷན་ཚོགས་ཀྱི་ངོས་ནས་རྒྱ་གར་རྒྱལ་ཡོངས་ནང་ཚ་དྲོད་འཕེལ་བཞིན་པ་དང་། ཆར་ཞོད་ཡང་ཡང་བྱུང་བ། དེ་བཞིན་ཆར་ཞོད་ཀྱི་ཡུན་ཚད་དང་ཤུགས་ཚད་བཅས་མདོར་ན་གོ་ལའི་གནམ་གཤིས་འགྱུར་ལྡོག་རྐྱེན་པས་ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་པའི་འཁྱགས་རོམ་མཚེའུ་དེ་དག་རྒྱས་ཏེ་ཆུ་ལོག་ཀྱི་ཉེན་ཁ་ཡོད་སྟབས། དེ་འབྲེལ་དཀའ་ངལ་ཟློག་ཐབས་སུ་འགྲུལ་བསྐྱོད་རྟོག་ཞིབ་ཀྱི་ལས་གཞི་སྤེལ་དང་སྤེལ་བཞིན་ཡོད་པ་རེད་འདུག

དེ་ཡང་ National Disaster Management Authority (NDMA) ཞེས་རྒྱ་གར་རྒྱལ་ཡོངས་གོད་ཆགས་སྟངས་འཛིན་ལྷན་ཚོགས་ཀྱིས་ཞིབ་འཇུག་ཁྲོད་རྒྱ་གར་གྱི་ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་པའི་འཁྱགས་རོམ་གྱི་མཚེའུ་ ༧༥༠༠ ཙམ་ནས་ ༡༨༩ འདི་བཞིན་ཉེན་ཁ་ཅན་དུ་ར་སྤྲོད་བྱུང་སྟེ། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢༥ ཉིན་ National Glacial Lake Outburst Floods Risk Mitigation Programme (NGRMP) ཞེས་འཁྱགས་རོམ་གྱི་མཚེའུ་རྒྱས་ཏེ་ཆུ་ལོག་ཀྱི་ཉེན་ཁ་ཞི་བའི་ལས་འཆར་ཐད་ཧིན་སྒོར་བྱེ་བ་ ༡༥༠ འགྲོ་གྲོན་གཏང་རྒྱུ་བཀའ་ཁྲོལ་ཐོབ་ཡོད་པ་དང་། ལས་འཆར་དེའི་བརྒྱུད་ནས་ཉེན་ཁ་དེ་དག་ལ་ཞིབ་འཇུག་དང་། Automated weather and water level monitoring stations (AWWS) གནམ་གཤིས་དང་ཆུའི་མཐོ་ཚད་ལྟ་ཞིབ་འཕྲུལ་ཆས་འཛུགས་རྒྱུ། དེ་བཞིན་མཚེའུ་དང་དེའི་བཞུར་རྒྱུན་ས་ཁུལ་ཁག་ཏུ་ Early warning systems (EWS) ཞེས་སྔོན་བརྡའི་འཕྲུལ་ཆས་གསར་འཛུགས་སོགས་མདོར་ན་མཚེའུ་དེ་དག་གི་ཆུའི་མཐོ་ཚད་དམའ་རུ་གཏོང་ཐབས་ཆེད་ཡིན་པ་རེད་འདུག

རྩ་བའི་འདི་ལོའི་ཕྱི་ཟླ་ ༤ པའི་ནང་ Indian Space Research Organisation ཞེས་རྒྱ་གར་གྱི་བར་སྣང་ཞིབ་འཇུག་ཚོགས་པའི་ཕྱི་ལོ་ ༡༩༨༤ ནས་ཕྱི་ལོ་ ༢༠༢༣ བར་ཟུང་སྐར་བརྒྱུད་བླངས་པའི་ཧི་མ་ལ་ཡའི་ཁུལ་གྱི་གཙང་པོའི་གཤོང་ལ་རྟོག་ཞིབ་བྱས་སྐབས། མཚའུ་དེ་དག་རྒྱས་བཞིན་ཡོད་པའི་གྲུབ་དོན་མངོན་གསལ་བྱུང་ཡོད་པ་དང་འབྲེལ། ཕྱི་ལོ་ ༢༠༢༡ ལོར་རྒྱ་གར་བྱང་ཕྱོགས་ཨུ་ཏྟར་ཁན་ཌི་ནང་འཁྱགས་རོམ་བརྡབས་གཅོག་རྐྱེན་པས་ Rishi རི་ཤི་གྲོང་གསེབ་ནང་ཆུ་ལོག་བྱུང་སྟེ། མི་གྲངས་ ༢༠༠ ལྷག་རྐྱེན་འདས་དང་ཆུ་གློག་སོགས་གཏོར་སྐྱོན་ཚབས་ཆེན་བྱུང་ཡོད་པ་མ་ཟད། སྔ་ལོའི་ཕྱི་ཟླ་ ༡༠ ནང་རྒྱ་གར་བྱང་ཤར་འབྲས་ལྗོངས་ཀྱི་ནུབ་བྱང་ཁུལ་དུ་ཡོད་པའི་ South Lohonak ལྷོ་ནག་མཚེའུ་རྒྱས་པ་ལ་བརྟེན་ནས་དེའི་བཞུར་རྒྱུན་དུ་ཡོད་པའི་གྲོང་ཚོ་དེ་དག་ནང་མི་རྒྱུ་ཟོག་གསུམ་ལ་གོད་ཆགས་ཤུགས་ཆེ་བྱུང་ཡོད་ཅིང་ Teesta ཆུ་གློག་ཁང་གི་ལས་འཆར་སོགས་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད།

གནད་དོན་དེ་དང་འབྲེལ་ནས་ NDMA ཀྱིས་འབྲས་ལྗོངས་ནང་ཉེན་ཁ་ཅན་གྱི་འཁྱགས་རོམ་མཚེའུ་ ༡༦ མངོན་གསལ་གནང་ཡོད་པ་དང་བསྟུན། འབྲས་ལྗོངས་མངའ་སྡེ་གཞུང་གིས་ཁ་སང་ཕྱི་ཚེས་ ༢༨ ནས་ཕྱི་ཟླ་ ༩ ཚེས་ ༡༤ བར་ Mangan རྫོང་ནང་ཡོད་པའི་འཁྱགས་རོམ་མཚེའུ་ལྔ་ལ་འགྲུལ་བསྐྱོད་རྟོག་ཞིབ་འགོ་འཛུགས་བྱས་ཡོད་པ་དང་། ས་ཁུལ་དེ་དག་ནི་འཕགས་བོད་མཐའ་མཚམས་ཁུལ་དུ་ཆགས་ཀྱི་ཡོད་པ་མ་ཟད། ལས་འཆར་དེའི་ནང་ཕྱི་རྒྱལ་དང་རྒྱ་གར་གྱི་ས་ཁམས་ཚན་རིག་སོགས་ཚོགས་སྡེ་ཁག་འདྲ་མིན་ནས་ཆེད་མཁས་པ་ ༣༢ གཙོས་པའི་ལས་མི་ ༥༦ ཆེད་གཏོང་གནང་ཡོད་པ་རེད་འདུག

དེ་བཞིན་ NDMA རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་གྱི་རྫོང་ལྔའི་ནང་འཁྱགས་རོམ་མཚེའུ་ ༢༧ ཉན་ཁ་ཅན་དུ་ར་སྤྲོད་གནང་ཡོད་པ་དང་བསྟུན། ཟླ་བ་འདིའི་ཕྱི་ཚེས་ ༡༩ ཉིན་ལྷན་ཚོགས་དེའི་ངོས་ནས་ཁུལ་དེར་ཞིབ་འཇུག་སྡེ་ཁག་གཉིས་ཆེད་གཏོང་གནང་ཡོད་པ་མ་ཟད། ལ་དྭགས་དང་འཇའ་མུ། ཀྴ་མིར་བཅས་ཀྱི་ནང་དུའང་དེ་འབྲེལ་ལས་གཞི་སྤེལ་འཆར་ཡོད་པ་རེད་འདུག

གཞི་རྩའི་སྔ་ལོའི་ནང་ Nature ཞེས་པའི་དུས་དེབ་ཐོག་ཞིབ་འཇུག་གི་འབྲུ་དོན་མངོན་གསལ་གནང་བའི་ནང་འཛམ་བུ་གླིང་ཁྱོན་ཡོངས་ཀྱི་ནང་དུ་འཁྱགས་རོམ་མཚེའུ་རྒྱས་ཏེ་ཆུ་ལོག་ཀྱི་གོད་ཆགས་བརྒྱུད་མི་གྲངས་ས་ཡ་ ༡༥ ལ་གོད་ཆགས་ཕོག་པའི་ཉེན་ཁ་ཡོད་ལུགས་བཀོད་པ་དང་། དེའི་ནང་ནས་མི་གྲངས་ཕྱེད་ཀ་ལྷག་རྒྱ་གར་དང་པ་ཀིས་ཐན། པེ་རུ། དེ་བཞིན་རྒྱ་ནག་བཅས་ཀྱི་གནས་སྡོད་བྱེད་མཁན་ཡིན་པ་མངོན་གསལ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།