Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་ཐོག་འགྲོ་བ་མིའི་ཐོབ་ཐང་གི་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ།

Tibetan News Headlines

  • འབྲི་ཆུའི་བཞུར་རྒྱུན་དུ་ཁམས་སྡེ་དགེ་ཁུལ་གྱི་དོན་རྐྱེན་དང་འབྲེལ་ནས་གླེང་མོལ།

Saturday 02/03/2024

  • China’s dam projects in Tibet: Social and environmental impact

དེ་རིང་ཕྱི་ཟླ་ ༡ ཚེས་ ༢༣ ཉིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་དེ་གནང་སྐབས། ཚོགས་མི་རྒྱལ་ཁབ་ཁག་གཅིག་གིས་རྒྱ་གཞུང་ངོས་ནས་ཤིན་ཅང་གི་སྙན་ཐོ་ལག་བསྟར་དགོས་པ་མ་ཟད། བོད་ནང་གི་གཏན་འཇགས་བཅའ་སྡོད་སློབ་གྲྭ་སྒོ་རྒྱབ་དགོས་པའི་ཞུ་སྐུལ་གནང་མཁན་བྱུང་སོང་།

རྒྱལ་ཚོགས་ངོས་ནས་ཟླ་བ་འདིའི་ཚེས་ ༢༢ ནས་ཟླ་བ་རྗེས་མའི་ཚེས་ ༢ བར་ཚོགས་མི་རྒྱལ་ཁབ་ ༡༤ གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་གནང་གི་ཡོད་པ་ལྟར། དེ་རིང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསྐྱར་ཞིབ་གནང་འགོ་བཙུགས་པ་དེ་ནི་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་ཆགས་ཀྱི་ཡོད་པ་རེད།

ལས་རིམ་དེའི་ཐོག་ཚོགས་མི་རྒྱལ་ཁབ་ ༡༦༡ གི་སྐུ་ཚབ་རྣམས་ལ་སྐར་ཆ་ ༤༥ གཏམ་བཤད་ཀྱི་གོ་སྐབས་གནང་ཡོད་པའི་ཁྲོད། ཨ་རི་དང་། ཁེ་ན་ཌ། ཌེན་མཱརྐ འཇར་མ་ནི། ཨིས་ཊོ་ནིཡཱ། ཧྥ་རན་སི། ཨཡར་ལེནྜ། ལི་ཐུ་ནི་ཡ། ནིའུ་ཛི་ལེནྜ། ནོར་ཝེ། པོ་ལེནྜ་སོགས་ཀྱིས་བོད་ནང་གི་གནས་སྟངས་གླེང་སློང་དང་འབྲེལ། བོད་མིའི་ཐོག་དྲག་གནོན་མཚམས་འཇོག་དགོས་པ། གཏན་འཇགས་བཅའ་སྡོད་སློབ་གྲྭ་སྒོ་རྒྱབ་དགོས་པ། དེ་བཞིན་སློབ་མ་རྣམས་ལ་རང་གི་སྐད་ཡིག་སྤྱོད་རྒྱུའི་ཐོབ་ཐང་དགོས་པ་སོགས་ཀྱི་ཞུ་སྐུལ་གནང་ཡོད་པ་མ་ཟད། གཞན་ཡང་རྒྱལ་ཁབ་མང་དག་ཅིག་གིས་རྒྱ་གཞུང་ངོས་ནས་དེ་སྔ་རྒྱལ་ཚོགས་ཀྱིས་ཆེད་བཏོན་གནང་བའི་ཤིན་ཅང་དང་འབྲེལ་བའི་སྙན་ཐོ་ལག་བསྟར་དགོས་པ། སྲོག་ཐོག་ཉེས་ཆད་ཕྱིར་འཐེན། རྒྱལ་སྤྱིའི་སྤྱི་དམངས་དང་ཆབ་སྲིད་ཀྱི་ཐོབ་ཐང་ཁག་གི་གྲོས་མཐུན་ལ་ཁས་ལེན་བྱས་པ་རྣམས་ལག་བསྟར་དགོས་པ་མ་ཟད། ཧོང་ཀོང་ནང་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཕྱིར་འཐེན་དགོས་པ་སོགས་ཀྱི་ལམ་སྟོན་ཁག་གཅིག་གནང་ཡོད་པ་རེད།

གཞི་རྩའི་ཁ་སང་ཕྱི་ཚེས་ ༢༢ ཉིན་ Helsinki Foundation for Human Rights ཞེས་ཧེ་ལེན་སི་ཀི་འགྲོ་བ་མིའི་ཐོབ་ཐང་ཐེབས་རྩ་ཁང་གིས་གོ་སྒྲིག་འོག རྒྱལ་ཚོགས་ནང་བོད་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་ཀྱི་གནས་སྟངས་ཐོག་ཟུར་ཚོགས་ཤིག་ཚོགས་ཡོད་པ་དང་། སྐབས་དེར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya ཨཛ་རཱ་ཛི་ཡཱ་མཆོག་གིས་རྒྱལ་ཚོགས་ཚོགས་མི་རྣམས་ལ་རྒྱ་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་བྱ་རྒྱུར་དམིགས་བསལ་འགན་དང་གོ་སྐབས་ཡོད་པའི་འགྲེལ་བརྗོད་གནང་བ་མ་ཟད། རྒྱ་གཞུང་གིས་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་ཆ་རྐྱེན་གང་ཡང་མེད་པར་གྲོས་མོལ་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་དགོས་པའི་ཞུ་སྐུལ་གནང་འདུག

དེ་ཡང་ཟུར་ཚོགས་དེ་ཉིད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཇར་མ་ནི་སྡེ་ཚན་འགན་འཛིན་སྐུ་ཞབས་  Kai Muller ཀཡི་མུ་ལླར་ལགས་ཀྱིས་གཙོ་སྐྱོང་གནང་ཡོད་ཅིང་། དེའི་ཐོག་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངེས་སྟོན་པ་ལྷ་སྒྲོན་བཀྲས་མཐོང་ལགས། ལས་འགུལ་ཁང་དེ་ཉིད་ཀྱི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་བུ་ཆུང་ཚེ་རིང་ལགས་བཅས་ནས་མཉམ་ཞུགས་གནང་ཡོད་པ་རེད།

ཟུར་ཚོགས་སྐབས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya ཨཛ་རཱ་ཛི་ཡཱ་མཆོག་གིས་བརྙན་པར་བརྒྱུད་སྐར་མ་ལྔ་ཅན་གྱི་གསུང་འཕྲིན་ཞིག་གནང་བའི་ནང་། རྒྱ་གཞུང་གིས་འདས་པའི་ལོ་བཅུ་ཕྲག་མང་པོའི་རིང་གཞིས་བཞུགས་བོད་མིར་དྲག་གནོན་ཅན་གྱི་སྲིད་བྱུས་འདྲ་མིན་ལག་བསྟར་གྱིས་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་དང་གཏོང་བཞིན་ཡོད་པ་དང་། ལྷག་པར་ཉེ་བའི་ལོ་ཤས་ནང་བོད་ཡོངས་རྫོགས་རྒྱ་སྒྱུར་འམ་ཀྲུང་གོ་ཅན་དུ་བསྒྱུར་ཐབས་ཀྱི་སྲིད་བྱུས་དེར་བློ་འཚབ་ཆེ་ཆེར་བཏོན་ཡོད་པ་མ་ཟད། རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་གཏན་འཇགས་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་བརྒྱུད་བོད་མིའི་ངོ་བོ་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་རྩ་མེད་བཟོ་རྒྱུའི་ལས་གཞི་མང་དག་ཅིག་སྤེལ་བཞིན་པར་སེམས་འཚབ་ཡོད་པར་འགྲེལ་བརྗོད་གནང་འདུག ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེར་རྒྱ་དམར་གཞུང་གིས་ཐེ་བྱུས་བྱ་རྒྱུ་མེད་པར་བསྐྱར་ནན་གནང་བ་དང་སྦྲགས། གཞིས་ལུས་རྒྱ་ཆེ་མང་ཚོགས་རྣམས་ཀྱིས་ལྷག་བསམ་དང་སྙིང་སྟོབས། ལ་རྒྱ་བཅས་གཡོ་བ་མེད་པར་བོད་མིའི་ཆོས་རིག་དང་བཅས་པ་སྲུང་སྐྱོབ་གནང་བཞིན་པར་བསྔགས་བརྗོད་གནང་འདུག

གཞན་ཡང་ཁོང་གིས་འདས་པའི་ལོ་བཞི་དང་ཕྱེད་ཀའི་རིང་རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་འཐུས་མི་དང་གནད་ཡོད་མི་སྣར་དྲག་གནོན་དང་བསུན་གཙེར་བཟོས་ཡོད་པ་སོགས་ལུང་འདྲེན་གྱིས། ད་ལྟའི་ཆར་བོད་ཀྱི་གནད་དོན་དེ་བཞིན་རྒྱལ་ཚོགས་གཙོས་ G7 སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་སོགས་ཀྱི་ནང་དོ་སྣང་ཆེན་པོས་གླེང་སློང་གནང་བཞིན་ཡོད་པར་མངོན་གསལ་གནང་འདུག ལྷག་པར་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཀྱི་ལས་རིམ་ཐོག་འཛམ་གླིང་རྒྱལ་ཁབ་ཚང་མས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་སྒྲིག་ཁག་ལ་གུས་བརྩི་ཞུ་ཐོག་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཤུགས་ཆེར་གཏོང་བཞིན་པའི་བྱ་སྤྱོད་ཁག་ཐེར་འདོན་གྱིས་སྐྱོན་བརྗོད་བྱ་རྒྱུ་དམིགས་བསལ་འགན་དང་གོ་སྐབས་ཡོད་པ་གསུངས་འདུག

མ་ཟད་ཁོང་གིས་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་རྣམས་ལ་ཐེངས་འདིའི་རྒྱ་ནག་ཐོག་གི་དུས་བཀག་བསྐྱར་ཞིབ་ཀྱི་གོ་སྐབས་དམ་འཛིན་གྱིས་བོད་དང་། ཤིན་ཅང་། ཧོང་ཀོང་། རྒྱ་ནག་བཅས་ཀྱི་ནང་དུ་དྲག་གནོན་བྱེད་མཁན་རྒྱ་ནག་དཔོན་རིགས་ཚོར་ Global Magnitsky  ཁྲིམས་གཞི་ལག་བསྟར་བྱེད་པར་རྒྱབ་སྐྱོར་སྤྲོད་དགོས་པ་གསུངས་འདུག

སྐབས་དེར་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས། རྒྱ་ནག་གིས་བོད་ནང་ཆོས་དད་རང་དབང་རྡོག་རོལ་ཚབས་ཆེན་གཏོང་བཞིན་པའི་སྐོར་དང་། བཀྲས་མཐོང་བསྟན་འཛིན་ལྷ་སྒྲོན་ལགས་ཀྱིས་རྒྱ་གཞུང་གི་དགོས་མཁོ་དང་མཐུན་པའི་སྐད་གཉིས་སློབ་གསོ་དང་གཏན་འཇགས་བཅའ་སྡོད་སློབ་གྲྭ་སོགས་ཀྱི་སྲིད་བྱུས་ལག་བསྟར་བྱས་ཏེ། བོད་མི་སྤྱི་དང་ལྷག་པར་བོད་ཕྲུག་སློབ་མ་རྣམས་སོ་སོའི་སྐད་ཡིག་དང་རིག་གཞུང་ཐོག་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་མེད་པའི་ཛ་དྲག་གནས་སྟངས་སྐོར། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་བོད་ནང་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་སོགས་ཀྱི་ཐོབ་ཐང་རྡོག་རོལ་གཏོང་བའི་གནད་དོན་སྐོར་མངོན་གསལ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།