Tibetan Royal Year of 2151 | Year of the Wood Dragon

༸པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་པ་སོགས་དོན་ཚན་ལྔ་ཅན་གྱི་རེ་འབོད།

Tibetan News Headlines

  • Women of Tibet: Tsering Dolkar | Former Political Prisoner

རེས་གཟའ་ཉིན་མ། ༢༠༢༤།༠༦།༢༣

  • བོད་ཀྱི་བེུད་ལས་ཚན། ཆབ་སྲིད་བཙོན་ཟུར་སྨིན་དྲུག་ཤར་ཚེ་རིང་སྒྲོལ་དཀར་ལགས།

ཪེས་གཟའ་པ་སངས་ཉིན་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་བླ་སྤྱི་ལྷན་ཚོགས་ཀྱི་མཚན་ཐོག་ནས་མཁན་ཚབ་སྔགས་ཆེན་རིན་པོ་ཆེ་མཆོག་གིས། འདི་ག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་ ༡༡ མཆོག་གི་གནད་དོན་དང་འབྲེལ་བའི་དོན་ཚན་ལྔ་ཅན་གྱི་འབོད་སྐུལ་ཞིག་གནང་ཡོད་པ་རེད། 

tashi-lhunpo-monastry

དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༧ ཉིན། དེ་སྔོན་རྒྱ་ནག་གཞུང་གིས་༸པཎ་ཆེན་ཆུང་སྲིད་ཪིན་པོ་ཆེ་མཆོག་དང་གང་ཉིད་ཀྱི་ནང་མི་སྐུ་འཁོར་བཅས་པ་འཛིན་ཟུང་གིས་ད་བར་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༢༩ འཁོར་བའི་རྗེས་དྲན་ཉིན་མོ་དང་བསྟུན། རྒྱལ་ས་ལྡི་ལིར་ཡོད་པའི་ The Foreign Correspondents Club of South Asia ཞེས་ལྷོ་ཨེ་ཤི་ཡའི་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ཀྱིས། གང་ཉིད་ཀྱི་གནད་དོན་དང་འབྲེལ་བའི་དམིགས་བསལ་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད་པ་དང་། ལྷན་ཚོགས་དེའི་ཐོག་རྒྱལ་སྤྱི་དང་རྒྱ་གར་གྱི་གསར་འགོད་པ། དེ་བཞིན་དོན་གཉེར་ཅན་སོགས་མི་གྲངས་ ༣༠ ལྷག་ཙམ་ཞིག་འདུ་འཛོམས་བྱུང་ཡོད་པའི་ཁར། བཀྲིས་ལྷུན་པོའི་མཁན་ཚབ་སྔགས་ཆེན་རིན་པོ་ཆེ་མཆོག་གིས་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱིས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་བའི་གཞུང་འབྲེལ་ཁྲིམས་འཆར་ཞིག་གཏན་འབེབས་ཡོང་ཐབས་དང་།  གང་ཉིད་ཀྱི་མཚན་ཐོག་གཟེངས་རྟགས་ཤིག་འབུལ་ཐབས།  དེ་བཞིན་སྐུའི་འཁྲུངས་སྐར་ཡོངས་ཁྱབ་ཀྱི་སྲུང་བརྩི་ཞུ་ཐབས་སོགས་ཀྱི་དོན་ཚན་ལྔ་ཅན་གྱི་འབོད་སྐུལ་ཞིག་གནང་ཡོད་པ་རེད།  

tashi-lhunpo-monastry

ལྷོ་ཤར་ཨེ་ཤི་ཡའི་ཕྱི་རྒྱལ་གསར་འགོད་པའི་མཐུན་ཚོགས་ཀྱི་གོ་སྒྲིག་ཞུས་པའི་གཏམ་བཤད་ལས་རིམ་དེའི་ཐོག སྔགས་ཆེན་རིན་པོ་ཆེ་མཆོག་གིས་ད་དུང་།  བོད་མའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༩༥ ལོའི་ཕྱི་ཟླ་ ༥ ཚེས་ ༡༤ ཉིན། དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་མཛད་མ་ཐག་དགུང་ལོ་ ༦ ལ་སོན་པའི་ཆུང་སྲིད་རིན་པོ་ཆེ་མཆོག་ཉིན་གྲངས་གསུམ་རྗེས། གང་ཉིད་ཡབ་ཡུམ་དང་བཅས་པ་བཙན་ཁྲིད་ཀྱིས་ད་བར་འཆི་གསོན་སོགས་ཀྱི་གནས་སྟངས་གང་ཡང་ཤེས་རྟོགས་མེད་པར་གར་སོང་ཆ་མེད་དུ་གྱུར་ཡོད་པ་བཅས་ཀྱི་གནད་དོན་ཁག་ཀྱང་འགྲེལ་བརྗོད་གནང་ཡོད་པ་རེད།

tashi-lhunpo-monastry

༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་ཀྱིས་ད་བར་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༢༩ ཕྱིན་པའི་དུས་དྲན་གྱི་ལྷན་ཚོགས་དེའི་ཐོག་ད་དུང་།   གསར་འགོད་པ་དང་གཞན་ཡང་དོན་གཉེར་ཅན་ཁག་གཅིག་གིས། རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་ནས་༸པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་ད་བར་དོན་འབྲས་སོན་པའི་ཕྱག་ལས་ག་རེ་གནང་ཡོད་མེད་དང་།   རྒྱ་ནག་གཞུང་གིས་གང་ཉིད་བཙན་ཁྲིད་བྱས་དགོས་པའི་དམིགས་ཡུལ་སོགས་ཀྱི་སྐོར་ཐུགས་འཚབ་ཆེན་པོའི་ཐོག་ནས་བཀའ་འདྲི་ཞུ་མཁན་བྱུང་བར།  སྐབས་དེར་གསུང་བཤད་གནང་མཁན་རྒྱ་གར་གྱི་གསར་འགོད་པ་གྲགས་ཅན་སྐུ་ཞབས་ Vijay Kranti མཆོག་གིས། ཆོས་དུག་ཏུ་རྩིས་མཁན་རྒྱ་ནག་དམར་པོའི་གཞུང་གིས་སྤྲུལ་སྐུའི་ཡང་སྲིད་ཐོག་ཐེ་བྱུས་ཀྱིས་རིམ་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་བཅས་པར་ཡང་ཐེ་བྱུས་ཀྱིས་བོད་དེ་ཧམ་བཟས་བྱ་རྒྱུའི་སྲིད་བྱུས་ཤིག་ཡིན་ཞེས་གསུངས་པ་དང་།  དེ་བཞིན་ལྷོ་ཨེ་ཤི་ཡའི་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་ Prakash Nanda མཆོག་གིས། བཙན་བྱོལ་དུ་བོད་མི་ཆིག་འབུམ་ལྔ་ཁྲི་ཙམ་ལས་མེད་ཀྱང་།  བོད་ནང་གི་བོད་མིའི་བཀའ་སྡུག་དང་བོད་མིའི་བདེན་དོན་ཐབས་རྩོད་ཐོག ཨ་རི་གཙོས་པའི་ཡོ་རོབ་སོགས་ཀྱི་རྒྱལ་ཁབ་ཁག་གཅིག་ནང་གྲོས་ཆོད་རིམ་པར་བཞག་ཐུབ་པ་བྱུང་ཡོད་པ་མ་ཟད། རྒྱལ་ཁབ་མང་པོའི་རྫོང་བརྒྱ་ལྷག་གི་ནང་གསུམ་བཅུའི་དུས་དྲན་ནམ་ཡིན་ལ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་ཀྱི་ཡོད་པ་སོགས་ཀྱི་གསལ་བཤད་ཀྱང་གནང་སོང་།  

གཞི་རྩའི་རྒྱལ་ས་ལྡི་ལི་ཁུལ་དུ་ཕྱི་ཚེས་ ༡༧  ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༢༩ འཁོར་བའི་རྗེས་དྲན་དང་བསྟུན། ལྡི་ལི་བོད་སྒར་བསམ་ཡས་གླིང་གི་ས་གནས་བུད་མེད་ལྷན་ཚོགས་ངོས་ནས་མར་མེའི་ཁྲོམ་སྐོར་དང་།   གང་ཉིད་གང་མགྱོགས་གློད་བཀྲོལ་ཡོང་ཐབས་ཀྱི་ཐུགས་སྨོན་སོགས་ཀྱང་གནང་ཡོད་པ་རེད།  

འབྲེལ་ཡོད་གསར་གནས།

གསར་གནས།