གྲོས་ཚོགས་ཀྱི་གྲུབ་ཆའི་ནང་ཇོ་ནང་སྤྱི་འཐུས་ཁ་སྣོན་དང་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བསྐྱར་བཅོས་ཁྲིམས་འཆར་ཆེད་འདོན།

Tibetan News Headlines

  • Art & Culture: In Conversation with Tibetan Actor, Musician and Producer Tsering Dorjee Bawa

ཪེས་གཟའ་ཉི་མ། ༢༠༢༦།༡༡།༠༨

  • སྒྱུ་རྩལ་བ་ཚེ་རིང་འབའ་བ་ལགས་དང་གླེང་མོལ།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པའི་ལས་ཉིན་ ༧ པའི་ཕྱི་དྲོ། བཀའ་ཤག་ངོས་ནས་གྲོས་ཚོིགས་ཀྱི་གྲུབ་ཆའི་ནང་ཇོ་ནང་སྤྱི་འཐུས་ཁ་སྣོན་དང་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བསྐྱར་བཅོས་ཁྲིམས་འཆར་ཆེད་འདོན་གནང་སོང་།

དེའང་དེ་རིང་ཕྱི་དྲོ་བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་བཅས་པའི་ལས་སྡོམས་སྙན་སྒྲོན་དང་བགྲོ་གླེང་གི་ལས་དོན་ཡོངས་སུ་རྫོགས་པ་མཇུག་བསྒྲིལ་དང་འབྲེལ། བཀའ་ཤག་ངོས་ནས་དེ་རིང་ཕྱི་དྲོའི་ཚོགས་དུས་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་གྱི་ཡིག་ཆ་ཨང་ ༣༡ ཆེད་འདོན་གནང་བའི་ནང་། བཅའ་ཁྲིམས་དོན་ཚན་ ༣༧ པ་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་འབྲེལ་བའི་དོན་ཚན་དང་པོའི་ཚིག་བརྗོད་རྙིང་པའི་ནང་རྙིང་མ་དང་བཀའ་རྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ་ཞེས་གསལ་བའི་ཐོག ཚིག་བརྗོད་གསར་པའི་ནང་ཇོ་ནང་ཁ་གནོན་གྱིས། རྙིང་མ་དང་བཀའ་རྒྱུད། ས་སྐྱ། དགེ་ལུགས། ཇོ་ནང་། གཡུང་དྲུང་བོན་བཅས་དྲུག་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ་ཞེས་བསྣམས་ཕེབས་འདུག

TPiE 2024 Session 8 Day 7

དེ་བཞིན་བཀའ་ཤག་ངོས་ནས་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་གྱི་ཡིག་ཆ་ཨང་ ༣༡ དེ་རང་ནང་བཅའ་ཁྲིམས་དོན་ཚན་ ༦༣ པ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་དོན་ཚན་༢ པ་ག་པའི་ཚིག་བརྗོད་རྙིང་པའི་ནང་། ཁྲིམས་ཁང་ཞིག་ནང་ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་འཁུར་བྱས་མྱོང་བའམ། ཡང་ན་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབ་ཡོད་པ་མ་ཡིན། འོན་ཀྱང་བཅའ་ཁྲིམས་འདི་ཉིད་ལག་ལེན་འགོ་འཛུགས་བྱས་པ་ནས་བཟུང་ལོ་སུམ་ཅུའི་རིང་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་བསྐོ་གཞག་དགོས་རིགས་ནང་གསེས་འདིའི་ཆ་རྐྱེན་ཁག་ལ་བསྟུན་གནང་མི་དགོས་ཅེས་པའི་ཚིག་བརྗོད་གསར་པའི་ནང་། ལོ་སུམ་ཅུའི་དུས་བཀག་དེ་སྤར་ཆ་གནང་སྟེ་ལོ་ ༤༠ བཟོས་གནང་འདུག

TPiE 2024 Session 8 Day 7

སྤྱི་འཐུས་ཚོགས་གཙོ་མཆོག་གི་ལམ་སྟོན་འོག་དེ་རིང་གྲོས་ཚོགས་སུ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་དེའི་བརྗོད་པ་དང་པོའི་ཐོག་མ་གཏོགས་ཕེབས་མེད་པ་དང་། བརྗོད་པ་གཉིས་པ་དང་གཏན་འབེབས་ལས་རིམ་སང་ཉིན་གྱི་ཚོགས་དུས་ཐོག་ཕེབས་ཀྱི་ཡོད་པ་རེད། སྲིད་སྐྱོང་མཆོག་གིས་དེ་རིང་གྲོས་ཚོགས་སུ་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་དེ་ངོ་སྤྲོད་གནང་ཕྲལ་སྤྱི་འཐུས་ཁག་གཅིག་ནས་འགག་པ་གནང་ཡང་མང་མོས་རྒྱབ་སྐྱོར་འོག་བརྗོད་པ་དང་པོའི་ཐོག་ཕེབས་སྐབས།

སྤྱི་འཐུས་ཁག་གཅིག་གིས་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བསྐྱར་བཅོས་ཁྲིམས་འཆར་གྱི་ནང་དོནདེ་ཉིད་། དེ་སྔ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་དང་དེ་འབྲེལ་ཁྲིམས་སྒྲིག་ཁག་ལ་བསྐྱར་བཅོས་ཀྱི་འཆར་ཟིན་ཚོགས་ཆུང་གིས་གྲོས་ཚོགས་སུ་བསྣམས་ཕེབས་པ་དང་དགོས་ངེས་རྒྱབ་སྐྱོར་མ་ཐོབ་པའི་བསྐྱར་བཅོས་ཁྲིམས་འཆར་གྱི་ཚོག་བརྗོད་དང་གཅིག་པ་བསྣམས་དགོས་དོན་དང་། ལྷག་པར་སྐབས་དེར་བཀའ་ཤག་ངོས་ནས་བསྐྱར་བརྗོད་ཁྲིམས་འཆར་དེར་བཟོ་བཅོས་ཚིག་བརྗོད་བསྣམས་པའི་གནད་དོན་བཅས་ལུང་འདྲེན་གྱིས་སྲིད་སྐྱོང་མཆོག་ལ་འདྲི་རྩད་ནན་པོ་གནང་སོང་།

TPiE 2024 Session 8 Day 7

སྲིད་སྐྱོང་མཆོག་གིས་སྐབས་དེར་སྤྱི་འཐུས་རྣམ་པའི་དྲི་བར་ལན་འདེབས་ཁྲོད་ཁྲིམས་ཞིབ་པ་བསྐོ་གཞག་གི་གནད་དོན་དང་འབྲེལ་སྐབས་སྔོན་མའི་བཀའ་ཤག་སྐབས་དང་། ལྷག་དོན་སྐབས་ ༡༦ པའི་བཀའ་ཤག་སྐབས་ཏེ་སྔ་ལོའི་ཕྱི་ཟླ་ ༡༡ པའི་ནང་ཁྲིམས་ཞིབ་པའི་འོས་མི་འདེམས་སྒྲུག་ཚོགས་ཆུང་ཆེད་བཙུགས་གནང་ཡོད་ཀྱང་མི་འགྲོ་རག་མེད་པ་དང་། དེ་བཞིན་ཇོ་ནང་སྤྱི་འཐུས་དང་འབྲེལ་བའི་བསྐྱར་བཅོས་ཁྲིམས་འཆར་བསྣམས་ཕེབས་པ་དེའང་ཆོས་ཚོགས་སྐབས་ ༡༢ པའི་གྲོས་ཆོད་ནང་གསལ་བསྣམས་ཡོད་པ་གསུངས་སོང་།

རྩ་བའི་བཞུགས་སྒར་དུ་ཐེངས་འདིའི་གྲོས་ཚོགས་དང་བསྟུན་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་འདྲ་མིན་ ༢༥ ནས་ཕེབས་པའི་གཞི་རིམ་མི་མང་ལས་འགུལ་བ་བརྒྱ་ཕྲག་ཁ་ཤས་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་ཁྲིམས་ཞིབ་པ་བསྐོ་བཞག་ཐུབ་པའི་བཅའ་ཁྲིམས་བསྐྱར་བཅོས་དང་ཁྲིམས་ཞིབ་པའི་སྐུ་དབང་སྔོན་ཡོད་སླར་གསོ་ངེས་པར་དུ་གནང་རོགས་ཞེས་པའི་ཞུ་འབོད་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་པ་ལྟར། གཞི་རིམ་མི་མང་གི་རེ་འབོད་ཚོགས་པའི་ཚོགས་གཙོ་བསྟན་དབྱངས་ལགས་དང་ཚེ་རིང་སྲི་བརྟན་ལགས་ཀྱིས་གྲོས་ཚོགས་འཐུས་མི་རྣམས་ལ་ཚོར་ཤུགས་ཆེན་པོའི་ཐོག་བཀའ་ཤག་གི་བཅའ་ཁྲིམས་བསྐྱར་བཅོས་ལ་རྒྱབ་སྐྱོར་དགོས་པའི་ཞུ་འབོད་གནང་སོང་།

TPiE 2024 Session 8 Day 7

སྤྱིར་དེ་རིང་གྲོས་ཚོགས་ཀྱི་ཕྱི་དྲོའི་ཚོགས་དུས་ཐོག་གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་འཕོ་འགྱུར་གྱི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ཚོགས་ཆུང་གི་ལས་བསྡོམས་དང་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་གྱི་བརྗོད་པ་དང་པོའི་ཐོག་ཕེབས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།