Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་དགོན་སྡེ་ཁག་གིས་དམར་ཤོག་ཚོགས་པའི་ཆབ་སྲིད་དྲིལ་བསྒྲགས་སྤེལ་དགོས་པ་སོགས་ཀྱི་ཁྲིམས་སྒྲིག་གཏན་འབེབས།

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༥ ལོའི་ཆོས་ཕྱོགས་ཀྱི་ལས་དོན་དང་འབྲེལ་བའི་ཁྲིམས་སྒྲིག་ལ་བསྐྱར་བཅོས་ཀྱི་ཟིན་བྲིས་གཏན་འབེབས་བྱས་ཡོད་པ་དང་། བོད་བརྒྱུད་ནང་བསྟན་གྱི་དགོན་པ་སོགས་ཆོས་ཕྱོགས་ཀྱི་ལས་དོན་སྤེལ་ཡུལ་སྒྲིག་འཛུགས་ཚང་མས་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་དྲིལ་བསྒྲགས་རྒྱ་གང་ཆེ་སྤེལ་དགོས་པ་དང་རྒྱལ་ཞེན་གྱི་སློབ་གསོ་སྤེལ་དགོས་པར་མ་ཟད། རྒྱ་ཡིག་དང་རྒྱ་སྐད་ཐོག་ནས་ཆོས་ཁྲིད་གང་མང་བྱེད་དགོས་པ་སོགས་འཁོད་འདུག

ཉེ་ཆར་ Bitter Winter ཞེས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གི་གནས་སྟངས་དང་འབྲེལ་བའི་གནས་ཚུལ་སྤེལ་མཁན་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བར་རྒྱ་ནག་གཞུང་གིས་ཟླ་ ༣ ཚེས་ ༢༤ ཉིན་དེ་སྔ་ཕྱི་ལོ་ ༢༠༠༥ ལོར་གཏན་འབེབས་བྱས་པའི་ཆོས་ཕྱོགས་ཀྱི་ལས་དོན་སྤེལ་ཡུལ་སྒྲིག་འཛུགས་ཁག་གི་བཏང་འཛིན་སྒྲིག་གཞི་ཞེས་པར་བསྐྱར་བཅོས་ཀྱི་ཟིན་བྲིས་ཡོངས་གྲགས་བྱས་འདུག་པ་དང་། ཟིན་བྲིས་དེར་བསམ་ཚུལ་རིགས་ཡོད་ཚེ་ཟླ་ ༤ ཚེས་ ༢༤ ནང་འབྲེལ་ཡོད་ལ་འབྲེལ་བ་བྱེད་དགོས་ཞེས་བཀོད་ཡོད།

བསྐྱར་བཅོས་ཁྲིམས་སྒྲིག་ནང་ཆོས་ཕྱོགས་ཀྱི་སྒྲིག་འཛུགས་དང་ལྟེ་གནས་ཡོངས་རྫོགས་ཀྱིས་རྒྱ་ནག་གཞུང་ལ་ངེས་པར་དུ་དེབ་སྐྱེལ་བྱེད་དགོས་པ་སོགས་དེ་སྔ་དང་གཅིག་མཚུངས་ཡོད་པ་དེ་ལྟར་ཡང་། ཆོས་ཕྱོགས་ཀྱི་ལྟེ་གནས་ཚང་མས་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་དྲིལ་བསྒྲགས་ཀྱི་ལས་དོན་ལ་ཧུར་བརྩོན་དགོས་པ་དང་། སྒྲིག་འཛུགས་དང་ལྟེ་གནས་ཁང་དེ་དག་གིས་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་དགོས་པ། དེ་བཞིན་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཞེས་སྲིད་འཛིན་ཞི་ཅིན་ཕིང་གི་བསམ་བློ་རྣམས་ངོས་ལེན་དང་ལག་བསྟར་མཐིལ་ཕྱིན་བྱེད་དགོས་པ། རྒྱ་ནག་གི་ཆོས་དད་དང་འབྲེལ་བའི་ཁྲིམས་སྒྲིག་གཙོས་རྒྱལ་ཁབ་ཀྱི་ཁྲིམས་ལ་བརྩི་སྲུང་བྱེད་དགོས་ཞེས་སོགས་འཁོད་ཡོད། 

དེའི་ནང་གཞུང་ལ་དགའ་ཞེན་དང་སྐྱོན་བརྗོད་མ་གནང་བ་ཁོ་ན་མིན་པར་ཆོས་ཕྱོགས་ཀྱི་ཚོགས་པ་སྒྲིག་འཛུགས་ཁག་ནས་རྒྱལ་ཞེན་གྱི་སློབ་གསོ་སྤེལ་དགོས་པ་དང་། འགོ་ཁྲིད་དང་ཏང་སྲིད་གཞུང་། དེ་བཞིན་སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་དགོས་གལ་ཡིན་སྐོར་སོགས་སློབ་གསོ་སྤེལ་དགོས་པ། ཆོས་ཕྱོགས་ཀྱི་འགོ་ཁྲིད་མི་སྣ་རྣམས་རྒྱལ་ཁབ་ལ་རྒྱབ་སྐྱོར་དང་དགའ་ཞེན་ཇི་ཡོད་སོགས་གཞི་རྩར་བཟུང་སྟེ་འདེམས་སྒྲུབ་བྱེད་དགོས་ཞེས་སོགས་བཀོད་འདུག

ལྷག་པར་དུ་བསྐྱར་བཅོས་ཁྲིམས་སྒྲིག་ནང་བོད་དང་ཤིན་ཅང་། དེ་བཞིན་ནང་སོག་བཅས་ལ་དམིགས་ཏེ་ཆོས་ཕྱོགས་ཀྱི་ལྟེ་གནས་དང་སྒྲིག་འཛུགས་དེ་དག་ཏུ་རྒྱ་ཡིག་དང་རྒྱ་སྐད་གཙོ་བཟུང་ཐོག་ཆོས་བཤད་དང་སློབ་ཁྲིད་བྱེད་དགོས་པར་མ་ཟད། རྗེས་འཇུག་སློབ་མ་རྣམས་ལ་རྒྱལ་ཁབ་དང་ཁྲིམས་སོགས་ལ་བརྩི་སྲུང་ཞུ་དགོས་པ་དང་། ཆོས་ལུགས་ཁ་ལ་འཁྱེར་ནས་རྒྱུན་ལྡན་གྱི་འཚོ་བ་དང་ཤེས་ཡོན། ཁྲིམས་སྒྲིག རྒྱལ་ཁབ་ཀྱི་ལས་དོན་བཅས་ལ་འགོག་རྐྱེན་བཟོ་མི་ཆོག་པ་སོགས་ཆེད་བཀོད་བྱས་འདུག

Bitter Winter གསར་ཁང་གིས་གསུངས་པར་རྒྱ་ནག་གཞུང་གིས་འགྲོ་སྟངས་ཤིག་གི་ཐོག་ནས་ཟླ་ ༤ ཚེས་ ༢༤ བར་ཁྲིམས་སྒྲིག་བསྐྱར་བཅོས་དེར་བསམ་ཚུལ་ཡོད་ཚེ་བཤད་རྒྱུའི་དུས་ཚོད་བཞག་ཡོད་ཀྱང་། དོན་དངོས་ཐོག་བསྐྱར་བཅོས་ཀྱི་ཟིན་བྲིས་ལ་བསྒྱུར་བཅོས་དམིགས་བསལ་གང་ཡང་འགྲོ་མི་སྲིད་པར་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་རྒྱ་ནག་ཉམས་ཞིབ་པ་བསྟན་འཛིན་ཕན་ཐོགས་ལགས་སུ་དེ་འབྲེལ་ཐོག་བཅར་འདྲི་ཞུས་པར་ཁོང་གིས་ཐབས་མཁས་པོའི་ཐོག་ནས་བོད་ཀྱི་ཆོས་རིག་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པར་མངོན་གསལ་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།