American Bar Association ཞེས་ཨ་རིའི་ཁྲིམས་རྩོད་མཐུན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རི་གཉིས་ནས་བོད་ནང་མི་རིགས་རྩ་གཏོར་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐད་ཞིབ་འཇུག་གནང་དགོས་པའི་གྲོས་ཆོད་ཅིག་གཏན་འབེབས་གནང་འདུག

དེ་ཡང་ Global Alliance for Tibet & Persecuted Minorities (GATPM) ཞེས་བོད་གཙོས་པའི་མནར་གཅོད་མྱོང་མཁན་གྲངས་ཉུང་མི་རིགས་ཆེད་དུ་རྒྱལ་སྤྱིའི་གནའ་འབྲེལ་ཚོགས་པའི་དྲ་ཐོག་གནས་ཚུལ་སྤེལ་བའི་ནང་། ཟླ་བ་འདིའི་ཚེས་ ༥ དང་ ༦ བཅས་ཉིན་གྲངས་གཉིས་རིང་ཨ་རིའི་ཤི་ཁ་ཀོ་གྲོང་ཁྱེར་ནང་ American Bar Association ཞེས་ཨ་རིའི་ཁྲིམས་རྩོད་མཐུན་ཚོགས་ཀྱི་ལས་ཁུངས་ཨ་མར་ལོ་འཁོར་ཚོགས་ཆེན་ཚོགས་ཡོད་པ་དང་འབྲེལ། ཁ་ཉིན་ཕྱི་ཚེས་ ༥ སྟེ་ཚོགས་ཆེན་གྱི་ཉིན་དང་པོར་བོད་ནང་གི་གནད་དོན་དང་འབྲེལ་ནས་གྲོས་ཆོད་ཨང་ ༥༠༢ གཏན་འབེབས་བྱས་ཡོད་ཅིང་། གྲོས་ཆོད་དེའི་ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱལ་སྤྱིའི་ནག་ཉེས་ཁྲིམས་ལུགས་སྟངས་འཛིན་ལས་ཁུངས་ལ་བོད་ནང་མི་རིགས་རྩ་གཏོར་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གིན་ཡོད་པའི་གནད་དོན་ཐོག་ཞིབ་འཇུག་ཀྱིས་དུས་ཐོག་གསལ་བཤད་བྱ་དགོས་པའི་འབོད་སྐུལ་དང་། དེ་བཞིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་བོད་ནང་གི་གནས་སྟངས་ཐོག་འབྲེལ་ཡོད་དམིགས་བསལ་ཞིབ་འཇུག་སྐུ་ཚབ་གཅིག་བསྐོ་བཞག་གནང་དགོས་པ་མ་ཟད། བོད་ཀྱི་གནས་སྟངས་དེ་གྲོས་གཞི་ནང་འཇོག་དགོས་པ་འཁོད་འདུག
གྲོས་ཆོད་དེ་ནི་ཨ་རིའི་ཁྲིམས་རྩོད་མཐུན་ཚོགས་ཀྱི་ International Law Section (ILS) རྒྱལ་སྤྱིའི་ཁྲིམས་ལུགས་སྡེ་ཚན་གྱི་ཐོག་མ་འཆར་འབུལ་ཞུས་པ་ཞིག་ཡིན་འདུག་པ་དང་། ལོ་འཁོར་ཚོགས་ཆེན་ཐོག་ལྷན་ཞུགས་གནང་བའི་མཐུན་ཚོགས་དེའི་ House of Delegates ཞེས་སྲིད་བྱུས་གཏན་འབེབས་བྱེད་མཁན་གྱི་སྡེ་ཚན་ཁྲོད་མངའ་སྡེ་དང་ས་གནས། དེ་བཞིན་དམིགས་བསལ་ཁྲིམས་རྩོད་པ་བཅས་ཁྱོན་ཚོགས་མི་ ༥༩༠ ནས་དགག་བྱ་གང་ཡང་མེད་པའི་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པ་རེད་འདུག

སྐབས་དེར་ཨ་རིའི་ཁྲིམས་རྩོད་པ་དང་ International Law Section (ILS) རྒྱལ་སྤྱིའི་ཁྲིམས་ལུགས་སྡེ་ཚན་གྱི་འགན་འཛིན་ཟུར་པ་ Sara Sandford ལགས་ཀྱིས་ཨ་རིའི་ཁྲིམས་རྩོད་མཐུན་ཚོགས་ནས་ཁྲིམས་ཀྱི་དབང་བསྒྱུར་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་དུ་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་ཐོག་གྲོས་ཆོད་གཏན་འབེབས་ཀྱིས། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ནག་ཉེས་ཁྲིམས་ལུགས་སྟངས་འཛིན་ལས་ཁུངས་དང་། རྒྱལ་ཚོགས་ལ་འབོད་སྐུལ་ཞུས་ཡོད། ལྷག་པར་ཕྱི་ལོ་ ༡༩༥༠ ལོ་ནས་བཟུང་བོད་དང་བོད་མི་རྣམས་དེ་ལྟ་བུའི་གནས་སྟངས་འོག་གནས་དགོས་བྱུང་ཡོད་པ་མ་ཟད། མཐུན་ཚོགས་དེའི་བཞེངས་ཕྱོགས་དང་ཛ་དྲག་གི་དེ་འབྲེལ་ལག་བསྟར་དགོས་པའི་འབོད་སྐུལ་བྱས་པ་ནི་ཧ་ཅང་གལ་གནད་ཆེན་པོ་ཞིག་ཡིན་ཞིང་། དུས་ཚོད་དེ་ཡང་གཉན་འཕྲང་ཅན་ཞིག་ཡིན་པ་གསུངས་འདུག
དེ་བཞིན་རྒྱལ་སྤྱིའི་ནག་ཉེས་ཁྲིམས་ལུགས་ཚོགས་ཆུང་གི་ཚོགས་གཙོ་དང་ཁྲིམས་རྩོད་པ་གཅིག་ལྕོགས་ Regina M. Paulose ལགས་ཀྱིས། བོད་ཀྱི་གནས་སྟངས་ཐད་དེ་ལྟ་བུའི་གྲོས་ཆོད་གཏན་འབེབས་བྱུང་བར་གནས་ཚུལ་བཟང་པོ་དེར་ང་ཚོས་དགའ་བསུ་ཞུ་བཞིན་ཡོད་པ་དང་། མ་འོངས་པ་མཐུན་ཚོགས་དེ་དང་ཁྱབ་ཁོངས་སྡེ་ཚན་ཚོས་བོད་ཀྱི་གནད་དོན་དང་འབྲེལ་བའི་ཁྲིམས་ལུགས་ཀྱི་དབང་བསྒྱུར་དང་། དྲང་བདེན། དེ་བཞིན་འགན་འཁུར་བཅས་ཀྱི་ཐོག་ལ་གྲོས་མོལ་དང་གླེང་སློང་རྒྱ་ཆེར་གནང་ཐུབ་པའི་ལས་དོན་ལ་རེ་བ་བྱེད་བཞིན་ཡོད་ཅེས་གསུངས་འདུག

གནད་དོན་དེ་དང་འབྲེལ་ནས་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་ནང་དུ་རྟེན་གཞི་བྱས་པའི་ GATPM ཞེས་བོད་གཙོས་པའི་མནར་གཅོད་མྱོང་མཁན་གྲངས་ཉུང་མི་རིགས་ཆེད་དུ་རྒྱལ་སྤྱིའི་གནའ་འབྲེལ་ཚོགས་པའི་ཚོགས་གཙོ་ཚེ་རིང་པ་སངས་ལགས་ཀྱིས། གྲོས་ཆོད་དེར་དགའ་བསུ་ཡིས་འབྲེལ་ཡོད་རྣམས་ལ་ཐུགས་རྗེ་ཆེ་ཞུས་དང་སྦྲགས། དེ་ནི་ཨ་རིའི་ཁྲིམས་རྩོད་མཐུན་ཚོགས་ཀྱི་ལོ་རྒྱུས་ནང་ཐེངས་དང་པོ་ཆགས་ཀྱི་ཡོད་ཅིང་། ལྷག་པར་བོད་མི་ཚོ་ལ་རྒྱལ་སྤྱིའི་ཁྲིམས་ལུགས་མདུན་སར་དྲང་བདེན་འཚོལ་བའི་ལམ་ཁ་གསར་པ་ཞིག་ཡིན་པ་འགྲེལ་བརྗོད་ཀྱིས། རྒྱལ་ཚོགས་དང་ཨ་རི་གཉིས་མཚོན་པའི་འབྲེལ་ཡོད་རྣམས་ནས་ཨ་རིའི་ཁྲིམས་རྩོད་མཐུན་ཚོགས་ཀྱིས་བཞག་པའི་གྲོས་ཆོད་དེར་དོ་སྣང་བྱས་ནས་ལོ་ངོ་ ༦༠ ལྷག་བདེན་དོན་འཐབ་རྩོད་བྱེད་བཞིན་པའི་བོད་མི་རྣམས་ལ་དོན་དམ་གྱི་ཕན་ཐོགས་པའི་ལས་དོན་སྤེལ་གནང་ཡོང་བའི་རེ་བ་ཞུ་བཞིན་ཡོད་ཅེས་གསུངས་འདུག

གཞི་རྩའི་ American Bar Association ཨ་རིའི་ཁྲིམས་རྩོད་པའི་མཐུན་ཚོགས་དེ་ནི་ཕྱི་ལོ་ ༡༨༧༨ ལོར་ཨ་རིའི་རྒྱལ་ཁབ་ཀྱི་ཁྲིམས་དང་བཟང་སྤྱོད་ཀྱི་རྨང་གཞི་འཛུགས་པའི་དམིགས་ཡུལ་བཟུང་ནས་དབུ་བརྙེས་པ་ཞིག་ཡིན་པ་དང་། དེང་གི་དུས་སུ་རང་དབང་སྲུང་སྐྱོབ་དང་དྲང་བདེན་འཚོལ་བའི་དམིགས་ཡུལ་ཐོག་མུ་མཐུད་གནས་བཞིན་ཡོད་པ་རེད་འདུག




