ཡུ་རོབ་རྒྱལ་ཁབ་ ༢༨ ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་མུ་མཐུད་ཛ་དྲག་ཡིན་པའི་བསྒྲགས་གཏམ་སྤེལ་འདུག

Tibetan News Headlines

  • Art & Culture: In Conversation with Tibetan Actor, Musician and Producer Tsering Dorjee Bawa

ཪེས་གཟའ་ཉི་མ། ༢༠༢༦།༡༡།༠༨

  • སྒྱུ་རྩལ་བ་ཚེ་རིང་འབའ་བ་ལགས་དང་གླེང་མོལ།

སུད་སི་ཇི་ཎི་ཝ་གྲོང་ཁྱེར་དུ་འཚོག་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༨ པའི་ཐོག་ཡུ་རོབ་ཀྱི་རྒྱལ་ཁབ་ ༢༨ ཀྱིས་མཉམ་འབྲེལ་སྒོ་ནས་བསྒྲགས་གཏམ་སྤེལ་བའི་ནང་རྒྱ་གཞུང་གི་བཙན་གནོན་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་མུ་མཐུད་ཛ་དྲག་ཡིན་པ་གསལ་འདོན་དང་འབྲེལ། བྱ་བྲལ་རིན་པོ་ཆེ་དང་། སྒོ་ཤེས་རབ་རྒྱ་མཚོ། མགོ་ལོག་དཔལ་ལྡན། སེམས་སྐྱིད་སྒྲོལ་མ་དང་བཀྲིས་རྡོ་རྗེ་བཅས་ཆབ་སྲིད་བཙོན་པ་རྣམས་ཕྲལ་དུ་གློད་བཀྲོལ་དགོས་པའི་དགོས་འདུན་བཏོན་འདུག

28 European Countries Raise Concerns Over Tibet’s Human Rights Situation at UNHRC

དེ་ཡང་ཁ་སང་ཕྱི་ཚེས་ ༢༠ ཉིན་ Austria ཨོ་སི་ཀྲི་རི་ཡ་དང་། Germany འཇར་མ་ནི། France ཕ་རན་སི། Poland པོ་ལེནྜ། Croatia, Cyprus སོགས་ཡུ་རོབ་རྒྱལ་ཁབ་ཁག་ ༢༨ ཀྱིས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐོར་སེམས་འཚབ་ཡོད་པའི་མཉམ་སྦྲེལ་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དང་།  བསྒྲགས་གཏམ་དེ་ནི་རྒྱལ་ཚོགས་ཀྱི་གཏན་འཇགས་པོ་ལེནྜ་གྱི་སྐུ་ཚབ་སྐུ་ཞབས་ Miroslaw Broilo གིས་སྒྲོག་སྦྱང་ཞུས་འདུག བསྒྲགས་གཏམ་ནང་རྒྱལ་ཁབ་ ༢༨ དེ་དག་གིས་རྒྱ་ནག་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་ཛ་དྲག་ཅན་གྱི་གནས་སྟངས་ལ་སེམས་འཚབ་དང་འབྲེལ། རྒྱ་ནག་གིས་རང་གི་རྩ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་ཀྱི་འབྲུ་དོན་ལྟར་རང་གཞན་ཀུན་གྱི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལུགས་དབང་འགྱུར་ལ་གུས་བརྩི་དང་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཞུས་འདུག

དེ་བཞིན་བོད་ནང་གི་བཅའ་སྡོད་སློབ་གྲྭའི་གནད་དོན་དང་། རྒྱ་ནག་གི་ཆུ་མཛོད་ལས་གཞིར་ངོ་རྒོལ་བྱེད་མཁན་རྣམས་ལ་དམ་དྲག་བྱེད་ཕྱོགས་བཅས་ལུང་འདྲེན་གྱིས། ཁུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་མུ་མཐུད་ཛ་དྲག་ཡིན་པ་འགྲེལ་བརྗོད་དང་འབྲེལ། བོད་ཕྲུག་རྣམས་བཙན་དབང་གིས་བཅའ་སྡོད་སློབ་གྲའི་ནང་བཅུག་པ་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་ཁྲིད་བྱེད་མཁན་སློབ་གྲྭ་རྣམས་སྒོ་བརྒྱབ་པ་སོགས་ཀྱི་གནད་དོན་ལ་སེམས་འཚབ་དང་།  ལྷན་དོན་དུ་བྱ་བྲལ་རིན་པོ་ཆེ་དང་། སྒོ་ཤེས་རབ་རྒྱ་མཚོ། མགོ་ལོག་དཔལ་ལྡན། སེམས་སྐྱིད་སྒྲོལ་མ། བཀྲ་ཤིས་རྡོ་རྗེ་གཙོས་པའི་བོད་དང་། ཡུ་གུར། རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་བཅས་འཕྲལ་དུ་ཆ་རྐྱེན་མེད་པར་གློད་གྲོལ་བྱེད་དགོས་པའི་འབོད་སྐུལ་ཡང་གནང་ཡོད་ཅིང་། རྒྱ་ནག་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆེས་མཐོའི་སྐུ་ཚབ་དང་དམིགས་བསལ་ལས་བྱེད་རྣམས་བོད་ནང་གཟིགས་སྐོར་དུ་བསྐྱོད་ཐུབ་པའི་ཆེད་མཐུན་འགྱུར་སྦྱོར་དགོས་པའི་རེ་སྐུལ་ཡང་ཞུས་འདུག

28 European Countries Raise Concerns Over Tibet’s Human Rights Situation at UNHRC

ཐེངས་འདིའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་སྐབས་གཞན་ཡང་ཅེག་སྤྱི་མཐུན་རྒྱལ་ཁབ་དང་། ཕིན་ལན། འཇར་མ་ཎི། ལི་ཐུ་ནི་ཡ། སུད་སི་བཅས་ཚོགས་མི་རྒྱལ་ཁབ་སྒེར་སོ་སོའི་གཏམ་བཤད་ཁྲོད་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཐུགས་འཚབ་ཀྱི་རྣམ་པ་གསལ་འདོན་གནང་ཡོད་པ་མ་ཟད། འཇར་མ་ཎིའི་ངོས་ནས་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ངོས་འཛིན་གྱི་ལས་དོན་ཐད་ཐེ་གཏོགས་བྱེད་བཞིན་པར་སྐྱོན་བརྗོད་དང་འབྲེལ། ཆོས་ལུགས་ཀྱི་ཚན་པ་རྣམས་ལ་གཞུང་གི་ཐེ་གཏོགས་གང་ཡང་མེད་པར་རང་ཉིད་ཀྱི་དབུ་འཁྲིད་འདེམས་རྒྱུའི་ཆོག་མཆན་སྤྲོད་དགོས་པ་གསུངས་འདུག

སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱི་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་བརྒྱུད་ཡུ་རོབ་ཀྱི་རྒྱལ་ཁབ་ ༢༨ དེ་དག་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། རྒྱ་ནག་གཞུང་ནས་རྒྱལ་ཁབ་དེ་དག་གི་ཞུ་འབོད་ལ་དྭངས་ལེན་གྱིས་བོད་མིར་དྲག་གནོན་མཚམས་འཇོག་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཡོངས་རྫོགས་ཆ་རྐྱེན་གང་ཡང་མེད་པར་གློད་གྲོལ་དགོས་པའི་ཞུ་སྐུལ་གནང་འདུག་ལ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་དང་དམིགས་བསལ་སྐུ་ཚབ་རྣམ་པ་བོད་ནང་ཆེད་ཕེབས་ཐུབ་རྒྱུ་དེ་ནི་ཧ་ཅང་གལ་ཆེ་ཡིན་པ་གསུངས་འདུག

མ་ཟད་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོས་ནས་ཀྱང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐོག་ཡུ་རོབ་ཀྱི་རྒྱལ་ཁབ་ ༢༨ ནས་བོད་ནང་གི་གནས་སྟངས་གླེང་སློང་གནང་བར་དགའ་བསུ་ཞུས་པ་དང་འབྲེལ། ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས། རང་དབང་ཉུང་དུ་འགྲོ་བཞིན་པའི་འཛམ་གླིང་འདིའི་ནང་དུ། བོད་མི་རྣམས་ནི་སྤྱི་སྤྱོད་ཀྱི་རིན་ཐང་སྲུང་སྐྱོབ་བྱེད་མཁན་གྱི་མདུན་ཕྱོགས་སུ་གནས་ཡོད་པ་དང་། བོད་མིའི་འཐབ་རྩོད་ནི་བོད་མི་གཅིག་པུའི་མ་ཡིན་པར། རང་དབང་ལ་དགའ་བའི་མི་རྣམས་ཀྱིས་མཉམ་འབྲེལ་གྱི་འཐབ་རྩོད་ཅིག་ཡིན་སྐོར་གསུངས་པ་དང་འབྲེལ། དྲང་བདེན་གྱི་ནུས་སྟོབས་བརྒྱུད་སྲིད་དབང་སྒེར་གཅོད་ལམ་ལུགས་ལ་གདོང་ལེན་བྱེད་མཁན་བོད་དོན་འཐབ་རྩོད་པ་རྣམས་ལ་དེ་ལྟ་བུའི་རྒྱབ་སྐྱོར་ནི་ཧ་ཅང་འོས་ཞིང་འཚམས་པ་ཡིན་སྐོར་གསུང་འདུག

28 European Countries Raise Concerns Over Tibet’s Human Rights Situation at UNHRC
པར་དབང་། International Campaign for Tibet

རྩ་བའི་སུད་སི་ཇི་ཎི་ཝ་གྲོང་ཁྱེར་དུ་འཚོག་བཞིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་བསྟུན། ཟླ་བ་འདིའི་ཚེས་ ༡༨ ཉིན་ Society for Threatened Peoples ཞེས་གཞུང་འབྲེལ་མིན་པའི་ཚོགས་པས་གོ་སྒྲིག་ཞུས་པའི་ཟུར་ཚོགས་ཤིག་གིས་ཐོག་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་མཉམ་ཞུགས་གནང་ནས། བོད་པའི་ངོ་བོ་དང་། རིག་གཞུང་། ཤེས་ཡོན་བཅས་སྲུང་སྐྱོབ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་པར་ནན་བཤད་ཀྱིས། ད་ལྟའི་ཆར་དེ་དག་ཆགས་འཇིག་གི་ཉེན་ཁར་སླེབས་ཡོད་པའི་གཏམ་བཤད་གནང་ཡོད་པ་དང་།

གཞན་ཡང་ཁ་སང་་ཕྱི་ཚེས་ ༢༡ ཉིན་ Helsinki Foundation for Human Rights ཞེས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཟུར་ཚོགས་གཞན་ཞིག་གོ་སྒྲིག་གནང་བའི་ཐོག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་པ་དཔལ་མོ་བསྟན་འཛིན་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉེ་དུས་འདོན་སྤེལ་གནང་བའི་བོད་ནང་གི་ཆུ་མཛོད་ལས་གཞི་ཁག་དང་འབྲེལ་བའི་ངོ་སྤྲོད་དང་། དེ་བཞིན་བོད་གནས་ལྟ་ཞིབ་ཀྱི་ཉམས་ཞིབ་པ་བསྟན་འཛིན་ཆོས་སྐྱིད་ལགས་ཀྱིས་བོད་མི་ཚོས་ལས་འཆར་དེ་དག་ལ་ཞི་བའི་སྒོ་ནས་ངོ་རྒོལ་གནང་ཕྱོགས་སྐོར་གསུང་བཤད་གནང་འདུག་པ་མ་ཟད། རྒྱ་གར་དྷ་རམ་ས་ལ་རྟེན་གཞི་བྱས་པའི་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་བདེ་ཆེན་དཔལ་མོ་ལགས་ཀྱིས་བོད་ཀྱི་གཙང་པོ་ཐོག་རྒྱ་ནག་གིས་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱེད་པའི་དབང་གིས་ས་ཁུལ་གྱི་བདེ་འཇགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པའི་སྐོར་གསུང་བཤད་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།