རྒྱ་གར་གྱི་བུད་མེད་ངོས་ནས་བོད་ཀྱི་བེུད་ཚོའི་ཐོབ་ཐང་དང་འཚོ་བའི་ཐོག་རྒྱབ་སྐྱོར་གནང་ཕྱོགས་ཀྱི་ལྷན་ཚོགས་ཤིག་དབུ་འཛུགས།

Tibetan News Headlines

  • Art & Culture: In Conversation with Tibetan Actor, Musician and Producer Tsering Dorjee Bawa

ཪེས་གཟའ་ཉི་མ། ༢༠༢༦།༡༡།༠༨

  • སྒྱུ་རྩལ་བ་ཚེ་རིང་འབའ་བ་ལགས་དང་གླེང་མོལ།

དེ་རིང་འདི་ག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་བུད་མེད་ངོས་ནས་བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་དང་འཚོ་བ་དེ་བཞིན་ཧི་མ་ལའི་བུད་མེད་ཀྱི་བདེ་འཇགས་ཞེས་པའི་བརྗོད་གཞིའི་ཐོག་ཉིན་གྲངས་གཉིས་ཀྱི་རྒྱལ་ཡོངས་ལྷན་ཚོགས་ཤིག་དབུ་འཛུགས་གནང་ཡོད་པ་རེད།  

India Tibet Friendship Society Women’s Conference Commences in Delhi

ལྷན་ཚོགས་དེ་ནི་ India Tibet Friendship Society ཞེས་པའི་རྒྱ་གར་བོད་དོབ་རྒྱབ་སྐྱོར་ཚོགས་པ་དང་འཕགས་བོད་འབྲེལ་མཐུད་ཁང་གཉིས་ཐུན་མོང་གིས་གོ་སྒྲིག་ཞུས་པ་ཞིག་དང་།   ཉིན་གྲངས་གཉིས་ཀྱི་ལྷན་ཚོགས་དེའི་ཁོངས་སུ་རྒྱ་གར་རྒྱལ་ཡོངས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་བུད་མེད་ཀྱི་སྐུ་ཚབ་གཉིས་རེ་དང་གཞན་ཡང་ཚོགས་མི་ཁག་གཅིག་ནས་ཀྱང་ལྷན་བཞུགས་གནང་འདུག  

ཁོང་ཚོའི་ཚོགས་པ་དེ་ནི་བོད་ནང་དུས་འགྱུར་བྱུང་སྟེ་ཕྱི་ལོ་ ༡༩༥༩ ལོར་བཙུགས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་པོ་དེ་ཡིན་པ་དང་།  སྤྱིར་སྟངས་ཚོགས་པ་དེའི་ངོས་ནས་བོད་དོན་དང་འབྲེལ་བའི་ཚོགས་འདུ་མང་པོ་ཞིག་གོ་སྒྲིག་ཞུ་ཡི་ཡོད་ཀྱང་།   ཕྱི་ལོ་ ༡༩༩༥ ལོར་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་དང་འབྲེལ་བའི་ལྷན་ཚོགས་གོ་སྒྲིག་ཐུབ་རྒྱུའི་ལམ་སྟོན་ལྟར།  ད་རེས་ལོ་ངོ་ ༣༠  རྗེས་དངོས་སུ་རྒྱལ་ཡོངས་ཀྱི་ལྷན་ཚོགས་འདི་ལྟ་བུ་ཞིག་གོ་སྒྲིག་ཞུས་ཐུབ་པ་དང་།   བོད་དང་རྒྱ་གར་གཉིས་ས་འབྲེལ་ཡིན་པའི་ཆ་ནས་བོད་ཀྱི་ཁོར་ཡུག་དང་བོད་མིའི་བདེ་འཇགས་དང་འཚོ་བ་བཅས་སུ་དཀའ་ངལ་ཕྲད་སྐབས་ང་ཚོར་ཡང་ཤུགས་རྐྱེན་ཞིག་འཕྲད་ཀྱི་ཡོད་སྟབས།  ད་ཆ་ང་ཚོ་བུད་མེད་ཚོའི་ངོས་ནས་འཕྲུལ་རིག་སྒྱུ་རྩལ་བརྒྱུད་བོད་ཀྱི་ལོ་རྒྱུས་དང་གནས་བབ་ལ་འཁྱོག་བཤད་དང་།  དྲང་བདེན་མ་ཡིན་པའི་གསར་འགྱུར་བརྒྱུད་སྤེལ་བཅས་ལ་ཕྱོགས་གང་ས་ནས་གདོང་ལེན་བྱེད་རྒྱུའི་གྲ་སྒྲིག་ཞིག་ཡིན་པ་གསུངས་ཀྱི་འདུག

India Tibet Friendship Society Women’s Conference Commences in Delhi

དེ་རིང་གྱི་དབུ་འབྱེད་མཛད་སྒོ་དེའི་ཐོག་སྐུ་མགྲོན་གྱི་ཚུལ་དུ་ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་དང་།   རྒྱ་གར་ཕྱི་འབྲེལ་གཞུང་ཚབ་ཟུར་པ་སྐུ་ཞབས་ Dilip Sinha མཆོག་དང་།   སློབ་དཔོན་ Kaveri Gill མཆོག  དེ་བཞིན་ JNU གཙུག་ལག་སློབ་གྲྭའི་སློབ་དཔོན་ཟུར་པ་ལྕམ་སྐུ་ཡེ་ཤེས་ཆོས་སྒྲོན་ལགས་བཅས་ཕེབས་ཡོད་པ་མ་ཟད།   སྐུ་མགྲོན་རྣམ་པ་ཚོའི་ངོས་ནས་གསུངས་བཤད་སྙིང་བསྡུས་རེ་གནང་ཡོད་པའི་ཁོངས་ནས།   གཞུང་ཚབ་ཟུར་པ་སྐུ་ཞབས་  Dilip Sinha མཆོག་ནས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཁྲོད་བོད་ཀྱི་གནས་བབ་ལོ་རྒྱུས་ངོ་སྤྲོད་དང་།   བོད་དང་རྒྱ་གར་རྒྱ་ནག་བཅས་ཀྱི་འབྲེལ་བའི་འཕེལ་རིམ་ངོ་སྤྲོད་གནང་སོང་།    

རྒྱ་གར་གྱི་ངོས་ནས་བོད་ཀྱི་གནད་དོན་དེ་གསོན་པོར་གནས་ཐབས་བྱེད་རྒྱུ་དེ་བོད་མི་ཙམ་གྱི་ཁེ་ཕན་མ་ཡིན་པར་རྒྱ་གར་ཀྱི་བདེ་འཇགས་དང་ཐད་ཀར་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཆགས་ཡོད།  ལྷག་པར་དུ་བོད་ལ་རང་བཙན་མ་འབྱུང་གི་བར་རྒྱ་གར་གྱི་བྱང་ཕྱོགས་ས་མཚམས་སུ་ནམ་ཡང་ཞི་བདེ་ཡོང་རྒྱུ་མེད་པ་དེ་གཏན་ཁེལ་ཡིན་པ་མ་ཟད།    ལོ་རྒྱུས་ཀྱི་ཐོག་ནས་བོད་དང་རྒྱ་གར་བར་ས་མཚམས་ཡོད་པ་ལས་རྒྱ་ནག་བར་ས་མཚམས་མེད་པའི་དཔང་རྟགས་གསལ་པོ་ཞིག་ནི།   རྒྱ་ནག་གཞུང་གི་ངོས་ནས་ཕྱི་ལོ་ ༡༩༥༩ རྗེས་སུ་མ་གཏོགས་ཕྱོགས་གཉིས་ཀྱི་ས་མཚམས་ས་ཁྲ་འདོན་སྤེལ་བྱེད་མྱོང་མེད་པ་སོགས་ཀྱི་ཁུངས་སྐྱེལ་གནང་སོང་།

India Tibet Friendship Society Women’s Conference Commences in Delhi

རྒྱ་གར་རྒྱལ་ཡོངས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་བུད་མེད་ལྷན་ཚོགས་དེ་རྒྱལ་ས་ལྡི་ལི་གསར་པའི་ Vishwa Yuvak Kendra རུ་འཚོག་བཞིན་པ་དང་།   ཚོགས་འདུ་གོ་སྒྲིག་ཞུས་མཁན་ཁོངས་ཀྱི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འབྲེལ་མཐུད་པ་བཀྲིས་བདེ་སྐྱིད་ལགས་ཀྱིས་གསུང་དོན་བྱས་ན།  ཉིན་གྲངས་གཉིས་དེའི་རིང་གཙུག་ལག་སློབ་གྲྭ་ཁག་གཅིག་གི་སློབ་དཔོན་དང་མཁས་དབང་ཁག་ནས་བརྗོད་གཞི་འདྲ་མིན་ཐོག་གསུངས་བཤད་གནང་རྒྱུ་མ་ཟད།   ཚོགས་བཅར་བ་ཕན་ཚུན་དབར་གྲོས་སྡུར་སོགས་གནང་སྟེ། ཉིན་གྲངས་གཉིས་ཀྱི་རྗེས་ཚོགས་འདུ་དེའི་ཐོག་ནས་མ་འོངས་ལས་འཆར་སྤེལ་ཕྱོགས་དང་འབྲེལ་བའི་གྲོས་ཆོད་གཏན་འབེབས་སོགས་གནང་རྒྱུ་ཡིན་སྐོར་གསུངས་ཀྱི་འདུག

འབྲེལ་ཡོད་གསར་གནས།

གསར་གནས།