ཟླ་བ་འདིའི་ཕྱི་ཚེས་ ༡༢ ཉིན་རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བའི་རྒྱབ་ཤ་དཀར་པོའི་ཡིག་ཆ་ཆེས་ཐོག་མ་དེ་འདོན་སྤེལ་བྱས་ཡོད་པའི་ནང་། སྲིད་འཛིན་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་རྒྱལ་ཁབ་བདེ་འཇགས་ཀྱི་སྲིད་བྱུས་དང་འབྲེལ་བའི་བསམ་བློའི་སྐོར་བཀོད་འདུག་པ་དེའི་ནང་དུ། མངོན་གསལ་དོད་པོའི་ཐོག་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ཀྱི་གཞི་རྟེན་གཙོ་བོ་དེ་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་དང་གཞུང་འཛིན་ཡིན་པ་བཀོད་ཡོད་པ་དང་འབྲེལ། ཡིག་ཆ་དེས་རྒྱ་ནག་རྒྱལ་ཁབ་ལས་དམར་ཤོག་ཚོགས་པའི་གཞུང་འཛིན་མུ་མཐུད་རྒྱུན་གནས་ཐུབ་རྒྱུ་གལ་ཆེ་བ་འཛིན་ཡོད་པ་མངོན་གསལ་གནང་འདུག

དེ་ཡང་ཉེ་ཆར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲྭ་གནས་ཐོག་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བའི་ཆེས་ཐོག་མའི་རྒྱབ་ཤ་དཀར་པོའི་ཡིག་ཆ་དེའི་སྐོར་གནས་ཚུལ་སྤེལ་བའི་ནང་། ཟླ་བ་འདིའི་ཕྱི་ཚེས་ ༡༢ ཉིན་རྒྱ་ནག་གཞུང་གིས་རྒྱ་ཡིག་ཁོ་ནའི་ཐོག་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བའི་རྒྱབ་ཤ་དཀར་པོའི་ཡིག་ཆ་ཞིག་འདོན་སྤེལ་བྱས་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སླད་དུ་ཨིན་ཡིག་གཙོས་པའི་སྐད་ཡིག་ཁ་ཤས་ཤིག་གི་ནང་དུ་ཡིག་ཆ་དེའི་སྐོར་ཐུང་ངུ་ཞིག་བཀོད་པའི་ནང་དུ། རྒྱ་ནག་གི་དུས་རབས་གསར་པའི་ནང་གི་རྒྱལ་ཁབ་བདེ་འཇགས་ཀྱི་སྲིད་བྱུས་ནང་དུ་མང་ཚོགས་ཀྱི་བདེ་འཇགས་རང་ལ་དམིགས་ཡོད་པ་དང་། ལས་དོན་གཙོ་བོ་དེ་ཆབ་སྲིད་ཀྱི་བདེ་འཇགས་ཡིན་པ། དེ་བཞིན་རྒྱལ་ཁབ་ཀྱི་བདེ་དོན་གཞི་རྩ་གཙོ་བོ་ཡིན་པ་སོགས་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བའི་བསམ་བློའི་སྐོར་མ་གཏོགས། དམར་ཤོག་ཚོགས་པ་གཙོ་བོ་ཡིན་པའི་སྐོར་མངོན་གསལ་དོད་པོ་དེ་ཙམ་བཀོད་མེད་སྐོར་དང་སྦྲགས། རྒྱ་ནག་གཞུང་གིས་བྱེད་ཕྱོགས་དེས་ཐེངས་འདིའི་ཡིག་ཆ་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ལས་རྒྱ་ནག་ནང་གི་མང་ཚོགས་གཙོ་བཟུང་གི་བྲིས་ཡོད་པ་མངོན་གསལ་གནང་འདུག
གང་ལྟར་རྒྱ་ནག་གི་ཡིག་ཆ་དཀར་པོའི་ཡིག་ཆ་ཁྱོན་ལ་ཞིབ་ལྟ་བྱས་པ་ཡིན་ན། དེའི་ནང་རྒྱ་ནག་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ཐད་དམར་ཤོག་ཚོགས་པའི་གཞུང་འཛིན་རྒྱུན་གནས་དང་སྲ་བརྟན་ཡོང་དགོས་གལ་དང་། ལྷག་པར་དུ་ཡིག་ཆ་དེའི་ནང་གི་དམར་ཤོག་ཚོགས་པའི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་སྲུང་སྐྱོབ་དང་འབྲེལ་བའི་སྡེ་ཚན་གྱི་ནང་དུ་རྒྱ་ནག་རྒྱལ་ཁབ་ཀྱི་བདེ་འཇགས་ནི་དམར་ཤོག་ཚོགས་པར་ཐུག་ཡོད་པ་དང་། རྒྱ་ནག་གི་ངོས་ནས་དེ་གའི་ཆབ་སྲིད་བདེ་འཇགས་དེ་གལ་ཆེ་ཤོས་སུ་ངོས་འཛིན་བྱས་པའི་བརྒྱུད་ཆབ་སྲིད་བདེ་འཇགས་ཀྱི་དམིགས་ཡུལ་ཐོག་ནས་རྒྱ་ནག་གི་ས་ཁུལ་ཁག་གི་ནང་དུ་ལས་འཆར་སྒྲིག་གི་ཡོད་ཚུལ་བཀོད་པ་སོགས་ལུང་འདྲེན་དང་སྦྲགས། ཡིག་ཆ་དེ་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མང་ཚོགས་རྣམས་ལ་རྒྱ་ནག་དམར་ཤོག་ཚོགས་པ་དང་དེའི་གཞུང་འཛིན་ལ་ལྟ་ཕྱོགས་དང་འབྲེལ་བའི་བརྡ་ལན་ཞིག་མངོན་རྒྱུ་ཡོད་པ་གསུངས་འདུག

མ་ཟད་ཡིག་ཆ་དེའི་ནང་གི་ཆབ་སྲིད་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ་དེ་གལ་ཆེ་ཤོས་ཡིན་པའི་སྡེ་ཚན་ནང་། ཆབ་སྲིད་བདེ་འཇགས་ནི་དུས་རབས་གསར་པའི་རྒྱལ་ཁབ་བདེ་འཇགས་ཀྱི་སྲོག་རྩ་ལྟ་བུ་ཡིན་པ་དང་། ཆབ་སྲིད་བདེ་འཇགས་ཀྱི་སྲོག་ཤིང་དེ་དམར་ཤོག་ཚོགས་པ་དང་དེའི་གཞུང་འཛིན་གྱི་བདེ་འཇགས་ཡིན་པ་ལྟར། དམར་ཤོག་ཚོགས་པའི་འགོ་ཁྲིད་གཞུང་འཛིན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྲུང་སྐྱོབ་བྱ་རྒྱུ་དེ་གལ་ཆེ་ཤོས་ཡིན་སྐོར། དེ་བཞིན་ཆབ་སྲིད་བདེ་འཇགས་ངེས་གཏན་མེད་པ་ཡིན་ན་རྒྱ་ནག་དེ་བཞིན་གཅིག་སྒྲིལ་མེད་པ་དང་ཟང་ཟིང་གི་གནས་སུ་འགྱུར་རྒྱུ་ཡིན་པ་ལྟར། རྒྱལ་ཁབ་སླར་གསོའི་མཐར་ཐུག་གི་དམིགས་ཡུལ་འགྲུབ་མ་ཐུབ་པ་ཆགས་རྒྱུ་དང་། མང་ཚོགས་ཀྱི་ཕུགས་རྒྱང་རིང་པོའི་བདེ་དོན་སྲུང་སྐྱོབ་ཀྱང་བྱ་ཐུབ་རྒྱུ་མིན་པ་བཀོད་ཡོད་པ་ཐེར་འདོན་གནང་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཐེངས་འདིའི་རྒྱ་ནག་གི་ཡིག་ཆ་དེས་རྒྱ་ནག་མི་མང་རྣམས་ལ་བརྡ་ལན་གསལ་པོ་སྤྲད་ཀྱི་ཡོད་པ་དེའང་རྒྱ་ནག་དམར་ཤོག་ཚོགས་པའི་ངོས་ནས་སྤྱི་ཚོགས་བརྟན་ལྷིང་ལ་དོ་སྣང་ཆེ་བ་བྱེད་རྒྱུ་ཡིན་པ་དང་། གཞི་རིམ་མིང་མང་ཁྲོད་ནས་རྙོག་གླེང་རྣམས་སེལ་ཐུབ་པ་བྱས་ཏེ་མཐུན་སྒྲིལ་དང་བརྟན་ལྷིང་བསྐྲུན་རྒྱུ་ཡིན་སྐོར་བརྗོད་པ་ལ་གཞིགས་ན། རྒྱ་ནག་གཞུང་གིས་བོད་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སླད་གཞི་རིམ་མང་ཚོགས་རྣམས་བེད་སྤྱོད་གཏང་རྒྱུ་ཡིན་པའི་གོ་བ་རྟོགས་ཐུབ་ཀྱི་ཡོད་པ་གསུངས་འདུག
རྩ་བའི་རྒྱ་ནག་གཞུང་གིས་རྒྱབ་ཤ་དཀར་པོའི་ཡིག་ཆ་དང་འབྲེལ་བའི་ཨིན་ཡིག་ཡིག་སྒྱུར་གྱི་ནང་དུ་བོད་ཅེས་དམིགས་སུ་བཀར་ནས་ཐེར་འདོན་བྱས་མེད་ཀྱང་། རྒྱ་ནག་ལ་ཁ་གཏད་ཀྱི་ནུབ་ཕྱོགས་སྟོབས་ཤུགས་དེ་དག་གིས་རྒྱ་ནག་ལ་གནོན་སྡོམ་དང་ཚད་འཛིན་བྱ་རྒྱུའི་ཐབས་ཤེས་གང་ཡོང་བྱེད་བཞིན་ཡོད་པ་ལྟར། ང་ཚོའི་ངོས་ནས་རྒྱ་ནག་དམར་ཤོག་ཚོགས་པའི་དུས་རབས་གསར་པའི་བོད་དང་ཤིན་ཅང་ཐོག་དབང་འཛིན་གྱི་ཐབས་བྱུས་རྣམས་བེད་སྤྱོད་བཏང་སྟེ། ཁྲིམས་ལྟར་གཞུང་ལ་དོ་ཕོག་གཏོང་མཁན་དང་གཞུང་མགོ་རྟིང་སློག་ཐབས་བྱེད་མཁན་རྣམས་ལ་དྲག་གནོན་གྱིས་ཕྱི་ཕྱོགས་ཀྱི་ཐེ་བྱུས་འགོག་སྟེ་བདེ་འཇགས་ཀྱི་གནས་སྟངས་ཡར་རྒྱས་གཏང་དགོས་སྐོར་བཀོད་པ། ལྷག་པར་དུ་བོད་རང་བཙན་དང་ཤར་ཏུར་ཀི་སི་ཐན་གྱི་ཕྱི་ཕྱོགས་ཀྱི་ཁ་བྲལ་སྟོབས་ཤུགས་དག་ཡང་ཡང་འགུལ་སྐྱོད་བྱེད་ཀྱི་ཡོད་ཅེས་བཀོད་པ་ལ་གཞིགས་ན། ཡིག་ཆའི་ནང་དུ་བོད་དང་འབྲེལ་བའི་འགྲེལ་བརྗོད་བྱས་པ་རྣམས་རྒྱ་ནག་གི་དུས་རྟག་ཏུ་མཐོང་ཆུང་གི་དུས་རབས་ཞེས། བོད་ནང་མ་འགྲིག་པ་མཐའ་དག་ཕྱི་རྒྱལ་གྱི་འདྲེ་ངན་ལ་ཁ་གཡར་བའི་བྱ་ཚུལ་དང་གཅིག་པ་ཡིན་པ་དང་། ཁ་གཡར་བའི་བྱེད་སྟངས་དེས་བོད་ནང་དུ་དམར་ཤོག་ཚོགས་པའི་གཞུང་འཛིན་གྱི་ནོར་འཁྲུལ་རྣམས་ལ་སྐྱོན་བརྗོད་མི་ཡོང་བ་དང་། དམར་ཤོག་ཚོགས་པ་དེ་བཞིན་ནུབ་ཕྱོགས་སྟོབས་ཤུགས་ཁྲོད་རྒྱ་ནག་རྒྱལ་ཁབ་ཀྱི་བདག་དབང་དང་ཆེ་མཐོང་སྲུང་སྐྱོབ་བྱེད་མཁན་ཞིག་ཏུ་སྟོན་ཏེ་རྒྱལ་ཞེན་གྱི་བློ་བསྐྲུན་རྒྱུ་བཅས་དམིགས་ཡུལ་གཉིས་སྒྲུབ་ཀྱི་ཡོད་པ་ཐེར་འདོན་གནང་འདུག




