རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་དང་འབྲེལ་ནས་སྲོག་ཐོག་ཉེས་ཆད་བཅད་ཡོད་པ་དང་། ཉེས་ཆད་དེའང་ལོ་གཉིས་དུས་འགྱངས་བྱས་ཡོད་པ་རེད་འདུག

དེ་ཡང་ཁ་སང་ཚེས་ ༧ ཉིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཤིན་ཧུའ་སོགས་ཀྱི་ནང་གནས་ཚུལ་ཐོན་ཁག་ལ་གཞིགས་ན། རྒྱལ་སྲུང་བློན་ཆེན་ཟུར་པ་ Wei Fenghe ཝེ་ཧྥེན་ཧཱའེ་དང་ Li Shangfu ལི་ཧྲང་ཧྥུ་གཉིས་ལ་ལྐོག་ཟ་རུལ་སུངས་དང་སྲིད་དོན་གོ་གན་བེད་སྤྱོད་ཀྱིས་སྒེར་གྱི་ཁེ་ཕན་བླངས་བའི་ཉེས་འཛུགས་འོག་ལོ་གཉིས་དུས་འགྱངས་ཀྱི་སྲོག་ཐོག་ཁྲིམས་ཐག་བཅད་ཡོད་པ་རེད་འདུག
Wei Fenghe ཝེ་ཧྥེན་ཧཱའེ་ཡིས་ཕྱི་ལོ་ ༢༠༡༨ ནས་ ༢༠༢༣ བར་རྒྱལ་སྲུང་བློན་ཆེན་གྱི་ལས་གནས་འཁུར་ཡོད་པ་དང་། Li Shangfu ལི་ཧྲང་ཧྥུ་ཡིས་ཕྱི་ལོ་ ༢༠༢༣ ཟླ་ ༣ ནས་ཟླ་ ༨ པའི་ལས་འགན་འཁུར་ཡོད་པ་དེ་ལྟར་ཡང་། ཕྱི་ལོ་ ༢༠༢༣ ལོ་དེའི་ནང་ཁོ་པ་གཉིས་ལ་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་དང་འབྲེལ་ནས་ཞིབ་འཇུག་བྱས་པའི་རྗེས། ཕྱི་ལོ་ ༢༠༢༤ ལོར་ཤིན་ཧུའ་གནས་ཚུལ་སྤེལ་བའི་ནང་ཝེ་ཧྥེན་ཧཱའེ་ཡིས་དངུལ་ཕོན་ཆེན་ལྐོག་རྔན་བླངས་ཡོད་པ་དང་སྒེར་གྱི་ནང་སྒྲིག་བརྒྱུད་གཞན་ལ་ཚུལ་མཐུན་མིན་པའི་ཁེ་ཕན་སྤྲོད་ཡོད་སྟབས། བྱ་སྤྱོད་དེ་ནི་ཛ་དྲག་གི་རང་བཞིན་ཞིང་ཡིན་ཞིང་། ཧ་ཅང་གནོད་འཚེ་ཆེ་བའི་ཤུགས་རྐྱེན་ཞིག་ཡིན་པ་མངོན་གསལ་བྱས་ཡོད། དེ་བཞིན་ལི་ཧྲང་ཧྥུ་ཡིས་དངུལ་གྱི་ལྐོག་རྔན་བླངས་བ་མ་ཟད་གཞན་ལ་ཡང་ལྐོག་རྔན་སྤྲོད་ཡོད་ཅིང་། རང་གཞན་གཉིས་ཀྱི་སྒེར་གྱི་ཁེ་ཕན་གྲུབ་ཡོད་སྟབས། ཆབ་སྲིད་ཀྱི་ལས་འགན་ཡོངས་སུ་གྲུབ་མེད་པར་མངོན་གསལ་བྱས་ཡོད།
བཅིངས་གྲོལ་དམག་ཉིན་རེའི་གསར་ཤོག་ཐོག་གནས་ཚུལ་སྤེལ་བའི་ནང་། དམག་དོན་དང་འབྲེལ་བའི་འབྲེལ་ཡོད་རྣམས་ནས་ཝེ་ཧྥེན་ཧཱའེ་དང་ལི་ཧྲང་ཧྥུ་ལྟ་བུའི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་དེ་དཔེ་མཚོན་དུ་ལྟ་དགོས་པའི་བཀོད་ཁྱབ་བཏང་སྟེ། དམར་ཤོག་ཚོགས་པར་བློ་དཀར་ལ་ཞེན་མ་བྱས་ཚེ་དེ་ལྟ་བུའི་མཇུག་འབྲས་ཡོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག
རྒྱ་ནག་ནང་དུ་སྲོག་ཐོག་གི་ཁྲིམས་ཆད་དེ་ལོ་གཉིས་རིང་དུས་འགྱངས་བྱེད་སྲོལ་ཡོད་པ་ཞིག་ཡིན་པ་དང་། ལོ་དེ་དག་གི་རིང་ཉེས་པ་གང་ཡང་བསགས་མེད་ཚེ་ཉེས་ཡངས་བཏང་སྟེ། ཚེ་བཙོན་གྱི་ཁྲིམས་བཅད་བཏང་བའི་ལུགས་སྲོལ་ཞིག་ཡོད་པ་དེ་ནི་གནས་ཚུལ་གསར་པ་ཞིག་ཆགས་ཀྱི་མི་འདུག སྲོག་ཐོག་གི་ཁྲིམས་ཆད་ཁྲོད་དེ་སྔོན་ཕྱི་ལོ་ ༢༠༢༢ ལོར་ཁྲིམས་དཔོན་ཟུར་པ་ Fu Zhenghua ཧྥུ་ཀྲེང་ཧུའ་དང་ཕྱི་ལོ་ ༢༠༡༣ ལོར་ Liu Zhijun ལིའུ་ཀྲི་ཇུན་ཟེར་བར་ཁྲིམས་ཆད་བཏང་ཡོད་ཀྱང་རིམ་པས་ཚེ་བཙོན་གྱི་ཁྲིམས་ཆད་དུ་གྱུར་ཡོད་པ་རེད་འདུག
གནད་དོན་དབྱེ་ཞིབ་པ་དེ་དག་གིས་རྒྱ་ནག་ནང་དུ་འགོ་ཁྲིད་འཇུ་བཟུང་དང་ལྷག་པར་དམག་དོན་དང་འབྲེལ་བའི་མཐོ་གྲས་དཔོན་རིགས་འཇུ་བཟུང་གི་ཁྲིམས་ཆད་བཏང་བའི་གནད་དོན་དེ་དག་ལ་གཞིགས་ཚེ། རྒྱ་ནག་གི་དམག་དོན་བཀོད་ཁྱབ་ཀྱི་སྒྲོམ་གཞི་ལ་ཛ་དྲག་གི་དཀའ་ངལ་ཙམ་མ་ཟད། དེང་རབས་དང་མཐུན་པའི་དམག་དོན་གྱི་མྱུར་ཚད་མཐོ་བོའི་ཡར་རྒྱས་ལ་འགོག་རྐྱེན་གྱི་རྣམ་པ་ཞིག་ཡིན་པ་སོགས་བརྗོད་ཀྱི་ཡོད་པ་རེད།

ཡང་གནས་ཚུལ་གཞན་ཞིག་ལ་འདི་ཚེས་ ༦ ཉིན་བོད་ལྗོངས་ཉིན་རེའི་གསར་ཤོག་ཐོག་གནས་ཚུལ་སྤེལ་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཟེར་བའི་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་དང་། གཞིས་རྩེ་གྲོང་ཁྱེར་གྱི་ཁང་དམར་རྫོང་གི་རྫོང་དཔོན་ཀྲུའུ་ཐའོ་ཟེར་བས་དམར་ཤོག་ཚོགས་པའི་སྒྲིག་འགལ་ཚབས་ཆེན་བྱས་པའི་དོགས་གཞིའི་འོག་བོད་རང་སྐྱོང་ལྗོངས་ཟེར་བའི་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་དང་། ལྟ་ཞིབ་ལྷན་ཁང་གིས་ཞིབ་བཤེར་བྱེད་བཞིན་ཡོད་སྐོར་བསྒྲགས་འདུག མ་ཟད་ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་ཟེར་བའི་དྲུང་ཆེ་གཞོན་པ་དང་། དམར་ཤོག་ཚོགས་པའི་ཚོགས་མི་ཕུར་བཀྲ་ཡིས་སྒྲིག་ཁྲིམས་དང་འགལ་བའི་ནག་ཉེས་ཚབས་ཆེན་བསགས་བའི་དོགས་གཞིའི་འོག ཆབ་མདོ་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལྷན་ཁང་གིས་ཞིབ་བཤེར་བྱེད་བཞིན་ཡོད་པ་བཀོད་འདུག
གཞི་རྩའི་ཞི་ཅིན་ཕིང་ཕྱི་ལོ་ ༢༠༡༢ ལོར་དབང་ཆ་འཛིན་པ་ནས་བཟུང་ཏང་སྲིད་དམག་གསུམ་གྱི་དབང་ཆ་གཅིག་སྡུད་ཆེད་དུ་རང་གི་འདོད་མོས་དང་མ་མཐུན་པའི་དཔོན་རིགས་མང་དག་ལ་ལྐོག་ཟ་རུལ་སུངས་གཙང་སེལ་ཟེར་བའི་སྲིད་བྱུས་ལག་བསྟར་ཁྲོད་ད་བར་མཐོ་གྲས་དཔོན་རིགས་མང་དག་ཅིག་གནས་དབྱུང་བཏང་ཡོད་པ་དང་། དེའི་ཁྲོད་དམག་དཔོན་མཐོ་གྲས་ ༡༠༡ ཙམ་དང་། དེའི་ནང་ནས་དམག་སྤྱི་དང་དམག་སྤྱི་གཞོན་པ་ ༣༦ ཆགས་ཡོད་པ་མ་ཟད། འདས་པའི་ལོ་ ༢ ལྷག་གི་རིང་ལ་བོད་ཁུལ་གྱི་མཐོ་རིམ་དཔོན་རིགས་ ༢༠ ཙམ་ལ་ཞིབ་བཤེར་གྱིས་གནས་དབྱུང་བཏང་ཡོད་པ་རེད།




