ཨ་རུ་ནཱ་ཅལ་དང་རྒྱ་ནག་གིས་བཙན་བཟུང་བྱས་པའི་བོད་བར་ས་མཚམས་ཡོད་པ་ནན་བརྗོད།

Tibetan News Headlines

  • Art & Culture: In Conversation with Tibetan Actor, Musician and Producer Tsering Dorjee Bawa

ཪེས་གཟའ་ཉི་མ། ༢༠༢༦།༡༡།༠༨

  • སྒྱུ་རྩལ་བ་ཚེ་རིང་འབའ་བ་ལགས་དང་གླེང་མོལ།

རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་སྲིད་བློན་ཆེན་མཆོག་གིས་ཨ་རུ་ནཱ་ཅལ་མངའ་སྡེ་དང་རྒྱ་ནག་གི་བཙན་བཟུང་བྱས་པའི་བོད་བར་ས་མཚམས་ཡོད་པ་ནན་བརྗོད་གནང་འདུག

Arunachal Pradesh Minister Mama Natung on IndoTibet Border

དེ་ཡང་ཟླ་བ་འདིའི་ཚེས་ ༡ ནས་ ༣ བར་ཉིན་གྲངས་གསུམ་རིང་ཇམ་མུ་ནང་དུ་རྟེན་གཞི་བྱས་པའི་ Galaxy College of Education, Jammu མཐོ་སློབ་དེའི་ནང་རྒྱལ་ཡོངས་བདེ་འཇགས་ཀྱི་གོ་རྟོགས་ལྷན་ཚོགས་ The Forum for Awareness of National Security (FANS) ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༡༡ པ་དེ་འཚོགས་འདུག་པ་དང་། ལྷན་ཚོགས་དེའི་ཐོག་སྐུ་མགྲོན་གཙོ་བོར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་སྲིད་དང་མཐའ་མཚམས་བློན་ཆེན་ Mama Natung མཱ་མཱ་ནཱ་ཏུང་ལགས་གདན་ཞུས་གནང་འདུག་ཅིང་། ཁོང་གིས་གསར་འགོད་པའི་དྲི་བར་ལས་འདེབས་ཁྲོད། རྒྱ་ནག་གིས་ས་མཚམས་གནད་དོན་དང་འབྲེལ་ནས་བྱེད་བབ་ལ་སྐྱོན་བརྗོད་ཀྱིས། ད་ལྟའི་རྒྱ་གར་ནི་རྒྱ་ནག་གི་ཧམ་འཛུལ་ལ་གླགས་རྙེད་པ་ཞིག་ཡོད་སྐོར་གསུངས་བ་མ་ཟད། རྒྱ་གར་དང་འབྲེལ་བའི་རྒྱལ་སྤྱིའི་ས་མཚམས་ ༧ ཡོད་པའི་ནང་ནས་ཨ་རུ་ནཱ་ཅལ་ལ་གསུམ་སྟེ། Myanmar འམ་འབར་མ་དང་། འབྲུག  དེ་བཞིན་རྒྱ་ནག་གིས་དབང་འགྱུར་བྱས་པའི་བོད་ཡིན་ཞིང་། བོད་ནི་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་ལས་རྒྱ་ནག་མ་རེད་ཅེས་ནན་བརྗོད་ཀྱིས། ཕྱི་ལོ་ ༡༩༥༩ ལོར་བོད་དེ་རྒྱ་ནག་གི་བཙན་བཟུང་བྱས་པ་ཞིག་རེད་ཅེས་ཐེར་འདོན་གནང་འདུག

དེ་བཞིན་རྒྱ་ནག་གིས་ཨ་རུ་ནཱ་ཅལ་མངའ་སྡེའི་ས་ཁུལ་ཁག་གཅིག་བོད་ཀྱི་ལྷོ་ཕྱོགས་ཡིན་པའི་བདག་དབང་རྩོད་བཞིན་པའི་ཐོག་ཕྱི་ལོ་ ༢༠༡༧ ནས་འགོ་འཛུགས་ཀྱིས་རིམ་པས་ཕྱི་ལོ་ ༢༠༢༡ དང་ ༢༠༢༣། ༢༠༢༤། ༢༠༢༥། ༢༠༢༦ བཅས་ཀྱི་ནང་ས་ཁུལ་ ༡༠༠ ལྷག་ལ་མིང་གསར་པ་བཏགས་ཡོད་པ་དེ་ལྟར་ཡང་། རྒྱ་གར་གྱི་ངོས་ནས་དེ་ནི་གཞི་རྩ་མེད་པ་ཞིག་ཡིན་པ་རེད་ཅེས་སྐྱོན་བརྗོད་རིམ་པ་གནང་ཡོད་སྟབས། གནད་དོན་དེ་དང་འབྲེལ་ནས་བློན་ཆེན་ཁོང་གིས་རྒྱ་གར་གཞུང་གི་ངོས་ནས་ཨ་རུ་ནཱ་ཅལ་སོགས་ཀྱི་མཐའ་མཚམས་ཁག་ཏུ་འཛུགས་སྐྲུན་སོགས་ཀྱི་ཡར་རྒྱས་གཏོང་བཞིན་པ་རེད་ཅེས་ནན་བརྗོད་གནང་འདུག ལྷག་པར་ཁོང་གིས་རྒྱ་གར་བྱང་ཤར་གྱི་རིག་གཞུང་དང་འཐབ་བྱུས་ཀྱི་གནད་འགག་ལ་གཞིགས་ཏེ། ལོ་རྗེས་མའི་ལྷན་ཚོགས་དེ་ཉིད་ཨ་རུ་ནཱ་ཅལ་ནང་དུ་འཚོག་རྒྱུར་མགྲོན་བརྡ་ཡང་བཏང་འདུག

The Forum for Awareness of National Security (FANS)

ལྷན་ཚོགས་དེའི་བརྗོད་གཞི་ནི་ Cultural Security is National Security འམ་རིག་གཞུང་བདེ་འཇགས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་ཡིན་ཞེས་པ་དེ་ཡིན་ཞིང་། སྐུ་མགྲོན་གཙོ་བོ་ཁོང་གིས་ཚོགས་འདུའི་ཐོག་ས་སྐྱེས་རྡོ་སྐྱེས་ཀྱི་གོམས་གཤིས་དང་རིན་ཐང་། ངོ་བོ་སྲུང་སྐྱོབ་བྱ་རྒྱུ་དེ་ནི་རྒྱལ་ཁབ་ཆིག་སྒྲིལ་གྱི་ནུས་པ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་སོགས་གསུངས་འདུག ལྷག་པར་ཚོགས་འདུའི་ཐོག་རྒྱལ་ཡོངས་བདེ་འཇགས་ཀྱི་གོ་རྟོགས་ལྷན་ཚོགས་ཀྱི་སྣེ་ཁྲིད་གཙོ་བོ་གནང་མཁན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སློབ་སྟོན་པ་དང་རྒྱལ་ཡོངས་དྭང་བླངས་ཞབས་ཞུ་ཚོགས་པའི་འགོ་ཁྲིད་གཙོ་གྲས་ Dr. Indresh Kumar ཨིན་དྲེཤ་ཀུ་མཱར་ལགས་ཀྱིས་གཙོས་པའི་དམག་དཔོན་དང་སྤྱི་ཚོགས་ཀྱི་སྣེ་ཁྲིད་པ་སོགས་གནད་ཡོད་མི་སྣ་མང་པོ་ཞིག་ལྷན་འཛོམས་གནང་འདུག

རྩ་བའི་ལྷན་ཚོགས་དེ་དང་ལྷན་དུ་ཟླ་བ་འདིའི་ཚེས་ ༢ ནས་ ༣ བར་ཉིན་གྲངས་གཉིས་རིང་མཐོ་སློབ་དེ་ཉིད་དུ་ Bharat Tibbat Sahyog Mancyh འམ་འཕགས་བོད་འབྲེལ་མཐུད་ཚོགས་པའི་རྒྱལ་ཡོངས་འགན་འཛིན་ལྷན་ཚོགས་འཚོགས་ཡོད་པ་དང་། དེའི་བརྗོད་གཞི་གཙོ་བོ་དེ་ Himalayas in the 21st Century: India’s Security, Challenges and Emerging Dimensions འམ་དུས་རབས་ཉེར་གཅིག་ནང་གི་ཧི་མ་ལ་ཡ། རྒྱ་གར་གྱི་བདེ་འཇགས། གདོང་ལེན། རྣམ་པ་གསར་པ་ཞེས་པ་དེ་ཡིན་ཞིང་། ལྷན་ཚོགས་དེའི་ཐོག་སྐུ་ཞབས་ཨིན་དྲེཤ་ཀུ་མཱར་ལགས་དང་། སྐུ་མགྲོན་གཙོ་བོར་བཀའ་ཟུར་ཐུབ་བསྟན་ལུང་རིག་མཆོག བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས། རྒྱ་གར་རྒྱལ་ཡོངས་དྭང་བླངས་ཞབས་ཞུ་ཚོགས་པའི་ལས་བྱེད་ Rupesh Kumar རུ་པེཤ་ཀུ་མཱར་ལགས། འཕགས་བོད་འབྲེལ་མཐུད་ཚོགས་པའི་རྒྱལ་ཡོངས་དྲུང་ཆེ་ Pankaj Goyal པངྐཇ་གོ་ཡཱལ་ལགས། དེ་བཞིན་ཇམྨུ་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་མི་ Sanjeev Manmotra སན་ཇིཝ་མཱན་མོ་ཏྲ་ལགས་སོགས་ཆེད་ཕེབས་གནང་འདུག

འཕགས་བོད་འབྲེལ་མཐུད་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་སྐུ་ཞབས་ཨིན་དྲེཤ་ཀུ་མཱར་ལགས་ཀྱིས་དམག་སྤྱི་ཟུར་པ་ Shivkumar Sharma ཤིབ་ཀུ་མཱར་ཤརྨ་ལགས་འཕགས་བོད་འབྲེལ་མཐུད་གླེང་སྟེགས་ཀྱི་རྒྱལ་ཡོངས་ཚོགས་གཙོར་བསྐོ་བཞག་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།