ཧྥ་རན་སི་ནང་གནས་སྡོད་གནང་མཁན་བོད་དོན་ལས་འགུལ་བ་བོད་མི་བསོད་ནམས་དོན་གྲུབ་ལགས་ཀྱིས། ཟླ་བ་སྔོན་མ་ནས་འགོ་འཛུགས་གནང་བའི་བོད་དོན་དྲིལ་བསྒྲགས་ཆེད་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དེ་བཞིན་དེ་རིང་ཉིན་གྲངས་ ༣༤ པ་ཆགས་ཀྱི་ཡོད་པ་དང་། ད་བར་སྤྱི་ལེ་ ༢༤༠༠ ལྷག་ཙམ་བསྐྱོད་ཡོད་པ་རེད་འདུག

རྩ་བའི་བསོད་ནམས་དོན་གྲུབ་ལགས་ཀྱིས་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དེ་བཞིན་ཟླ་བ་སྔོན་མའི་ཚེས་ ༡ ཉིན་ཧྥ་རན་སིའི་བྱང་ཕྱོགས་མངའ་སྡེ་ Grenoble ནས་འགོ་འཛུགས་གནང་ཡོད་པ་དང་། ཐེངས་འདིའི་ལས་འགུལ་ཐོག་ཁོང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་གདུག་རྩུབ་ཀྱི་བྱ་སྤྱོད་ཡོངས་གྲགས་ཡིན་པ་དང་། ཁོ་ཚོས་གསར་བརྗེའི་མིང་ཐོག་ནས་མི་གསོད་ཁྲག་སྦྱོར་གྱི་བྱ་སྤྱོད་སྤེལ་ཏེ་ ༡༩༥༩ ལོར་མགོ་སྐོར་བསླུ་བྲིད་དང་གདུག་རྩུབ་ཐོག་བོད་བཙན་བཟུང་བྱས་ཡིན་པ་དང་། ད་ཆ་ཡང་བོད་ནང་རྒྱ་ནག་གིས་སྲིད་བྱུས་འདྲ་མིན་བརྒྱུད་མི་རིགས་སིམ་བསྒྱུར་བྱེད་མུས་ཡིན་པ་སོགས་ད་ལྟའི་དངོས་ཡོད་ཛ་དྲག་གནས་སྟངས་མངོན་གསལ་དང་འབྲེལ། རྒྱ་གཞུང་གིས་ཁྲིམས་འགལ་ཐོག་བཙན་ཁྲིད་བྱས་པའི་ཆུང་སྲིད་༸པཎ་ཆེན་རིན་པོ་ཆེ་མཆོག་གི་འདས་སོན་གྱི་གནས་ཚུལ་ཁ་གསལ་བཟོ་དགོས་པ། དེ་བཞིན་རྒྱ་ནག་གི་བཙོན་ཁང་ནང་དུ་ཡོད་པའི་བོད་ཀྱི་བླ་སྤུལ་རྣམས་དང་། ཉེས་མེད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས་པ་སོགས་ཀྱི་ཐོག་ནས་བོད་དང་འབྲེལ་བའི་དོན་ཚན་ ༡༣ ཐོག་དྲིལ་བསྒྲགས་གནང་བཞིན་པ་ཡོད་པ་རེད།
འདི་གའི་གསར་འགོད་པས་དེ་འབྲེལ་བསོད་ནམས་དོན་གྲུབ་ལགས་སུ་བཀའ་འདྲི་ཞུ་སྐབས་ཁོང་གིས། ཟླ་བ་སྔོན་མ་ནས་འགོ་འཛུགས་ཀྱིས་ཉིན་ལྟར་སྤྱི་ལེ་ ༧༠ འམ་ ༨༠ ཙམ་སྐོར་སྐྱོད་གནང་གི་ཡོད་པ་དང་། ད་བར་གྲོང་ཁྱེར་ཆེ་ཁག་ ༩ ཙམ་ནང་སྐོར་སྐྱོད་གནང་ནས་དེ་རིང་ Pont-Audemer ཞེས་པའི་གྲོང་གསེབ་ཏུ་འབྱོར་ཡོད་པ་འགྲེལ་བརྗོད་གནང་བ་དང་འབྲེལ། སྤྱིར་བཏང་ཧྥ་རན་སི་གནང་རྐང་འཁོར་སྐྱོར་སྐྱོད་གནང་སྐབས་ཡུལ་ལྗོངས་ཁོ་ན་བལྟ་ནས་འགྲོ་སའི་ལམ་ཞིག་ཡོད་ཀྱང་། ཁོང་ལམ་དེ་ནས་མ་བསྐྱོད་པར་ཁུལ་དེའི་གྲོང་གསེབ་སྐོར་ནས་ཡུལ་མི་མང་དག་ཅིག་ལ་བོད་དོན་དྲིལ་བསྒྲགས་གནང་ཐབས་གནང་གི་ཡོད་པ་དང་། དེ་ལྟར་གྲོང་གསེབ་བརྒྱུད་ནས་བསྐྱོད་སྐབས་སྐབས་རེ་ཁྱི་ཡིས་རྗེས་འདེད་བཏང་བ་སོགས་ཀྱི་དཀའ་ངལ་ཡོད་པ་གསུངས་སོང་།

རྩ་བའི་བསོད་ནམས་དོན་གྲུབ་ལགས་ནས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་དེ་བཞིན་སྤེལ་བ་ཐེངས་དང་པོ་མིན་པར་འདས་པའི་ལོ་བཞི་ཙམ་ནང་ལོ་ལྟར་སྲུང་བརྩི་ཞུ་བཞིན་པའི་འཛམ་གླིང་རྒྱལ་དར་ཉིན་མོར་མཉམ་ཞུགས་གནང་མྱོང་ཡོད་པ་མ་ཟད། གཞན་ཡང་དེ་སྔོན་ཁོང་ནས་བོད་དོན་དྲིལ་བསྒྲགས་ཆེད་ཞི་བའི་གོམ་བགྲོད་སོགས་ཀྱི་ལས་འགུལ་ལའང་མཉམ་ཞུགས་གནང་མྱོང་ཡོད་པ་རེད།




