ཨོ་གླིང་དུ་བོད་མི་གཞིས་སྤོས་ཀྱི་ལས་གཞི་སླར་གསོ་བྱུང་ཡོད་པ་གསུངས་སོང་།

Tibetan News Headlines

  • Art & Culture: In Conversation with Tibetan Actor, Musician and Producer Tsering Dorjee Bawa

ཪེས་གཟའ་ཉི་མ། ༢༠༢༦།༡༡།༠༨

  • སྒྱུ་རྩལ་བ་ཚེ་རིང་འབའ་བ་ལགས་དང་གླེང་མོལ།

དེ་རིང་གྲོས་ཚོགས་སུ་བདེ་སྲུང་ལས་ཁུངས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་དེའི་ཐོག་བགྲོ་གླེང་ཁྲོད། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཨོ་གླིང་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་འགན་རྐང་བཞེས་ཐོག་ཕྱོགས་ཡོངས་ནས་ཐབས་འཚོལ་དང་འབད་བརྩོན་ཞུ་འབྲས་སུ་ཉེ་ལམ་ཨོ་གླིང་གཞུང་ནས་དགོངས་པ་ཆེ་བཞེས་ཀྱིས་ཡུལ་དེར་བོད་མི་གཞི་སྤོས་ཀྱི་ལས་གཞི་དེ་ཉིད་སླར་གསོ་བྱུང་ཡོད་པ་གསུངས་སོང་།

དེ་ཡང་འདས་པའི་ཉིན་གྲངས་གཅིག་དང་ཕྱེད་ཀའི་རིང་གྲོས་ཚོགས་ཚོགས་མ་ཐུབ་པའི་གནས་སྟངས་རྗེས་དེ་རིང་ལས་ཉིན་ལྔ་པའི་གྲོས་ཚོགས་ཀྱི་ཚོགས་ཐེངས་གཅིག་དང་ཕྱེད་ཀའི་རིང་ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་མཇུག་སྐྱོང་གནང་བ་དང། དེ་རྗེས་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནས་བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་བསྡུས་པ་གྲོས་ཚོགས་སུ་སྙན་སྒྲོན་དང་། དེ་འབྲེལ་སྤྱི་འཐུས་རྣམ་པའི་བགྲོ་གླེང་དང་དྲི་བ་དྲི་ལན་ཐོག་ཕེབས་ཡོད་པ་མ་ཟད། དེ་རིང་ཚོགས་ཐེངས་གཅིག་ཕར་མ་ཚོགས་ཏེ་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བསྡོམས་ཐོག་ལ་ཕེབས་ཡོད།

སྐབས་དེར་བདེ་སྲུང་བཀའ་བློན་མཆོག་གིས་ཨོ་གླིང་དུ་བོད་མི་གཞིས་སྤོས་ཀྱི་ལས་གཞི་དུས་ཚོད་གང་ཙམ་འགག་ཡོད་པ་དེའི་གནས་སྟངས་སྐོར་གྱི་དྲི་བར་ཡིག་ཐོག་ལན་འདེབས་སྙན་སྒྲོན་ཞུས་པའི་ནང་དང་། བདེ་སྲུང་ལས་ཁུངས་ཀྱི་ལས་སྡོམས་སྤྱི་ཡོངས་ཐོག་བགྲོ་གླེང་གི་ལས་རིམ་ཐོག་བདེ་སྲུང་བཀའ་བློན་མཆོག་དང་སྲིད་སྐྱོང་མཆོག་གཉིས་ཀ་ནས་ལན་འདེབས་ཕེབས་པའི་ཁྲོད། ཉེ་ལམ་ཟླ་བ་འདིའི་ཚེས་ ༩ ཉིན་ཨོ་གླིང་གཞུང་གིས་སྐུ་ཚབ་དོན་གཅོད་ཆེད་འབོད་གནང་སྟེ་ཨོ་གླིང་དུ་བོད་མི་གཞིས་སྤོས་ཀྱི་ལས་གཞི་དེ་སླར་གསོ་གནང་ཡོད་པ་དང་། དེའང་བོད་མི་གཅིག་པོར་གནང་ཡོད་པ་མ་ཟད། བཀའ་ཤག་ངོས་ནས་ལས་གཞིའི་ཆེད་ཐོ་འགོད་མུ་མཐུད་གནང་བཞིན་ཡོད་པ་གྲོས་ཚོགས་སུ་སྙན་སེང་ཞུས་གནང་སོང་།

17th TPiE session 8 day 5

དེ་བཞིན་དེ་རིང་བགྲོ་གླེང་ཁྲོད། ཉེ་ཆར་སྤྱི་ཚོགས་དྲྭ་ལམ་ཐོག་བོད་མི་ཞིག་གིས་༸གོང་ས་མཆོག་ལ་མཚན་སྨད་ཚབས་ཆེ་ཞུ་བ་མ་ཟད་མགོན་པོ་མཆོག་སྐུ་དཀྲོངས་དགོས་པའི་ཚབས་ཆེའི་གཏམ་བཤད་ཞིག་བྱས་པའི་གནད་དོན་ཐད་སྤྱི་འཐུས་མང་དག་ཞིག་གིས་སེམས་ཚབས་ཤུགས་ཆེ་དང་འབྲེལ། དོ་དག་དེར་ཞིབ་དཔྱོད་ནན་པོ་གནང་དགོས་པ་དང་། ཡུལ་ཁྲིམས་ཐོག་ནས་ཉེས་ཆད་གཅོད་དགོས་པ་སོགས་ཚོར་ཤུགས་ཆེན་པོས་སྐུལ་འདེབས་གནང་སོང་བ་བཞིན། བདེ་སྲུང་བཀའ་བློན་མཆོག་གིས་སྤྱི་འཐུས་རྣམ་པའི་སེམས་ཚབས་ལ་ངོས་འཛིན་དང་འབྲེལ། བདེ་སྲུང་ལས་ཁུངས་ནས་དེ་གའི་ཛ་དྲག་གདོང་ལེན་ཚོགས་ཆུང་གི་བརྒྱུད་ནས་གནད་དོན་དེར་རྟོགས་ཞིབ་ནན་པོ་གནང་བཞིན་པ་དང་། དོ་དག་དེ་གནས་སྡོད་ས་གནས་ངོས་བཟུང་སྟེ་འབྲེལ་ཡོད་དོན་གཅོད་ལ་ཁྲིམས་ཐོག་ནས་ག་རེ་གནང་རྒྱུ་ཡོད་མེད་གཟིགས་བཞིན་ཡོད་པ་གསུངས་སོང་།

གཞན་ཡང་དེ་རིང་བདེ་སྲུང་ལས་ཁུངས་ཀྱི་ལས་བསྡོམས་བགྲོ་གླེང་ཐོག དེང་སྐབས་རྒྱ་ནག་གཞུང་གིས་རྒྱལ་ཁབ་མང་པོ་ཞིག་དང་ལྷན་དུ་འབྲེལ་ལམ་ཡར་རྒྱས་ཁྲོད། ཕྱི་རྒྱལ་ཡུལ་གྲུ་ཁག་གཅིག་གི་མི་སེར་རྣམས་ལ་མཐོང་མཆན་ visa མེད་པར་ཡུལ་དེར་བསྐྱོད་རྒྱུའི་ཆ་རྐྱེན་བསྐྲུན་པའི་འོག ཕྱི་རྒྱལ་མི་སེར་ཡིན་པའི་བོད་མི་མང་དག་ཞིག་བོད་ནང་བསྐྱོད་བཞིན་པའི་གནད་དོན་དང་འབྲེལ། དེ་དག་རྒྱ་གཞུང་གི་ངན་བྱུས་ཀྱི་ཆ་ཤས་ཆགས་སྲིད་པ་དང་། བདེ་སྲུང་ལས་ཁུངས་ནས་བོད་ནང་གཉེན་འཕྲད་ཕེབས་མཁན་རྣམས་ལ་ལམ་སྟོན་ཡིག་ཆ་ཡོད་མིན་སོགས་ཀྱི་དྲི་བ་བཏང་བར་བདེ་སྲུང་བཀའ་བློན་མཆོག་གིས་བདེ་སྲུང་ལས་ཁུངས་ཀྱི་ངོས་ནས་དེ་འབྲེལ་ལམ་སྟོན་ཡིག་ཆ་ཞིག་བཟོ་བསྐྲུན་གནང་ཟིན་ཡོད་པ་དེ་གྲོས་ཚོགས་གྲུབ་པའི་རྗེས་སུ་ཡོངས་གྲགས་གནང་རྒྱུ་ཡིན་པ་དང་། ལར་ནས་བོད་ལ་ཕེབས་མཁན་བོད་མི་རྣམས་ནས་བདེ་སྲུང་ལས་ཁུངས་ལ་ལན་གསལ་གནང་དགོས་པའི་སྐུལ་མ་གནང་སོང་།

17th TPiE session 8 day 5

ཕྱོགས་མཚུངས་དེ་རིང་གི་བགྲོ་གླེང་ཁྲོད་སྤྱི་འཐུས་མང་དག་ཞིག་ནས་སྐྱབས་མགོན་དོན་གྱི་བདག་པོ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཕྱྭའི་སྲུང་སྐྱོབ་ཐད་གནས་ཡུལ་རྒྱ་གར་དབུས་ས་གཉིས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། རྒྱལ་བའི་སྐུ་ཕྱྭའི་ཐད་སྲུང་ཆ་གནང་ཕྱོགས་ཐད་དགོངས་འཆར་དང་དྲི་བ་བཏང་སོང་ལ་བདེ་སྲུང་ལས་ཁུངས་ནས་ཀྱང་དེ་འབྲེལ་གང་ཐུབ་གནང་བཞིན་ཡོད་པ་སོགས་ཀྱི་ལན་འདེབས་ཕེབས་སོང་། ཕྱོགས་མཚུངས་སྤྱི་འཐུས་ཁག་གཅིག་ནས་༸གོང་ས་མཆོག་གིས་སྐུའི་ཁྲོད་བཞེས་དང་དགུང་ལོའི་བབ་ལ་གཞིགས་ཏེ་གང་ཉིད་ཀྱི་མཛད་འཆར་ཉུང་འཕྲི་གནང་དགོས་གལ་ཡིན་པའི་སྐོར་ལ་ཡང་གསུང་མཁན་བྱུང་སོང་།

དེ་བཞིན་སྤྱི་འཐུས་ཁག་གཅིག་གིས་བོད་མིའི་དྭང་བླངས་དམག་གི་ནང་དུ་བོད་མི་གསར་བཞུགས་ཀྱི་སྐུལ་མ་དང་མཐུན་རྐྱེན་བསྐྲུན་དགོས་པ་མ་ཟད། དེའི་ནང་གི་བེུད་སྡེ་ཚན་བསྐྱར་གསོ་གནང་དགོས་པ་བཅས་ཀྱི་སྐོར་ལ་ཡང་གསུང་མཁན་བྱུང་སོང་།

17th TPiE session 8 day 5

རྩ་བའི་དེ་རིང་སྔ་དྲོའི་ཚོགས་དུས་ཐོག་ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་ཐོག་ལས་ཉིན་གོང་མའི་ཁྲོད་ནས་མུ་མཐུད་བགྲོ་གླེང་གནང་ཡོད་པ་དང་། སྐབས་དེར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་མི་མང་དག་ཞིག་གནས་སྡོད་གནང་བཞིན་པ་དང་འབྲེལ། གཟའ་མཇུག་སློབ་གྲྭའི་གལ་གནད་བཅས་ཀྱི་སྐོར་ལ་གསུང་མཁན་བྱུང་སོང་ལ། བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་གི་ནང་དུ་དགེ་རྒན་ལས་བྱེད་པ་གཏན་འཇགས་བཟོས་དགོས་པའི་སྐོར་དང་། དགེ་རྒན་གྱི་གསོལ་ཕོག་སྤར་དགོས་པའི་སྐོར་ལ་གསུང་མཁན་བྱུང་སོང་། དེ་བཞིན་སྤྱི་འཐུས་ཁག་གཅིག་ནས་བཞུགས་སྒར་ཉེ་འཁྲིས་ཤེས་རབ་དགའ་ཚལ་སློབ་གླིང་གི་གནས་སྟངས་དང་འབྲེལ། རྗེས་འབྱོར་བོད་མིའི་སློབ་བཞུགས་ཀྱི་ལོ་ཚད་ ༣༥ བར་སྤར་ཆ་དགོས་པ་སོགས་ཀྱི་སྐོར་ནས་གསུང་མཁན་ཡང་བྱུང་སོང་། སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་བཞི་པའི་ཉིན་རྒྱབ་དང་ཁ་སང་ཉིན་གཅིག་གྲོས་ཚོགས་འཚོགས་མ་ཐུབ་པའི་རྐྱེན་ཚོགས་གཙོ་མཆོག་གི་བཀོད་ཁྱབ་འོག་དེ་རིང་ཕྱི་དྲོ་ཚོགས་དུས་གཅིག་འཕར་མ་ཚོགས་ཏེ་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བསྡོམས་ཐོག་ཕེབས་ཡོད་པ་རེད།

17th TPiE session 8 day 6

འབྲེལ་ཡོད་གསར་གནས།

གསར་གནས།