Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་ལ་ Narasimha Rao རྗེས་དྲན་གྱི་ཞེ་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

དེ་རིང་ཕྱི་ཟླ་ ༥ ཚེས་ ༨ ཉིན་གྱི་སྔ་དྲོ་ཚོུད་ ༩།༣༠ ཙམ་ལ་རྒྱ་གར་གྱི་མངའ་སྡེ་ཏི་ལན་ག་ནའི་ Telangana ནང་རྟེན་གཞི་བྱས་པའི་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ Shri. P.V. Narasimha Rao དམ་པ་དེ་ཉིད་ཀྱི་དགེ་རྩ་ཚོགས་པའི་སྐུ་ཚབ་ཁག་གཅིག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་མཇལ་ཁ་ཞུས་པ་དང་འབྲེལ། ཁོང་རྣམ་པས་མགོན་པོ་༸གང་ཉིད་མཆོག་རྒྱལ་སྤྱིའི་ཁྲོད་ཞི་བདེ་དང་འཚེ་མེད་ཀྱི་ཀུན་སློང་གོང་འཕེལ་སླད་དམིགས་བསལ་གྱི་མཛད་འཁུར་བཞེས་བཞིན་པར་ཆེ་བསྟོད་ཞུས་ཏེ་ན་ར་སི་མ་རའོ་རྗེས་དྲན་གྱི་ཞེ་བདེའི་གཟེངས་རྟགས་འབུལ་བཞེས་མཛད་འདུག

དེའང་དེ་རིང་སྔ་དྲོ་རྒྱ་གར་གྱི་སྲིད་བློན་ཟུར་པ་དང་ཡུལ་དེའི་ཆེས་མཐོའི་སྤྱི་དམངས་གཟེངས་རྟགས་ Bharat Ratna བཞེས་མྱོང་མཁན་ན་ར་སི་མ་རའོ་དམ་པ་དེ་ཉིད་ཀྱི་བུའི་བུ་ N V Kashyap ལགས་དང་། རྒྱ་གར་རྒྱལ་ཡོངས་འཇིགས་སྐུལ་རིང་ལུགས་འགོག་རྒོལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Maninderjeet Singh Bitta ལགས། དེ་བཞིན་གཞན་འགན་འཛིན་ལྷན་ཚོགས་ཀྱི་མི་སྣ་ཁག་གཅིག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ནས་རྒྱལ་སྤྱིའི་ཁྲོད་འཚེ་མེད་ཞི་བའི་ཀུན་སློང་གོང་སྤེལ་བརྒྱུད་འཛམ་གླིང་དེ་བཞིན་ཞི་བདེ་ཅན་ཏུ་བསྒྱུར་བར་བླ་ན་མེད་པའི་ཞབས་འདེགས་སྒྲུབ་བཞིན་པར་ཆེ་བསྟོད་ཀྱིས་ Narasimha Rao Memorial Peace Award ཞེས་པ་དེ་འབུལ་བཞེས་མཛད་འདུག

Photo: OHHDL

སྔ་དྲོའི་མཇལ་ཁ་ལེགས་གྲུབ་ཟིན་མཚམས་སུ་གསར་འགོད་པས་ན་ར་སི་མ་རའོ་དམ་པ་དེ་ཉིད་ཀྱི་བུའི་བུ་ N V Subhash ལགས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཟེངས་རྟགས་དེ་ལྟར་འབུལ་དགོས་དོན་དང་དེ་རིང་གི་མཇལ་མོལ་སྤྱི་ཡོངས་དང་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས།  ཕྱི་ལོ ༢༠༢༡ ལོ་དེ་ནི་ན་ར་སི་མ་རའོ་དམ་པ་ཁོང་དགུང་ལོ་བརྒྱ་འཁོར་བའི་དུས་དྲན་དེ་ཉིད་ཆགས་གྱི་ཡོད་པ་དང་། སྐབས་དེར་ཚོགས་པའི་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམ་པ་ཁོང་གི་རྗེས་དྲན་གཟེངས་རྟགས་དེ་ཉིད་ཕུལ་འདོད་ཆེན་པོ་བྱུང་ཡང་ནད་ཡམས་རྐྱེན་པས་ཕུལ་ཐུབ་མེད་སྟབས། དེ་རིང་༸གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་འདི་ཉིད་འབུལ་བཞེས་སླད་ཆེད་མངགས་བཅར་ཡོད་པ་ཙམ་མ་ཟད། མགོན་པོ་༸གང་ཉིད་མཆོག་ནི་རྒྱལ་སྤྱིའི་ཁྲོད་ཞི་བདེའི་རང་གཟུགས་མཚོན་གྱི་ཡོད་སྟབས་ཞི་བདེའི་གཟེངས་རྟགས་དེ་འབུལ་བཞེས་མཛད་ཡོད་པ་གསུངས་སོང་།

Photo: OHHDL

དེ་བཞིན་རྒྱ་གར་རྒྱལ་ཡོངས་འཇིགས་སྐུལ་རིང་ལུགས་འགོག་རྒོལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Maninderjeet Singh Bitta ལགས་ཀྱིས། སྐུ་ཞབས་ན་ར་སི་མ་རའོ་ལགས་ཀྱིས་རྒྱ་གར་རྒྱལ་ཁབ་ཀྱི་ཞི་བདེ་བརྟན་ལྷིང་དང་དཔལ་འབྱོར་ཐད་ཞབས་འདེགས་རླབས་ཆེན་བསྒྲུབས་ཡོད་པར་རྟེན་འདི་ལོའི་ཕྱི་ཟླ་ ༣ པའི་ནང་ཁོང་ལ་ཡུལ་དེའི་ཆེས་མཐོའི་སྤྱི་དམངས་གཟེངས་རྟགས་ Bharat Ratna འབུལ་བཞེས་མཛད་ཡོད་པ་དང་། གཟེངས་རྟགས་དེ་ཉིད་༸གོང་ས་མཆོག་གི་བྱིན་རླབས་ལ་བརྟེན་ནས་ཐོབ་ཡོད་པར་སོང་ཐེངས་འདིར་མགོན་པོ་༸གང་ཉིད་མཆོག་ལ་ང་ཚོའི་ངོས་ནས་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་ཞི་བདེའི་གཟེངས་རྟགས་དེ་འབུལ་ལམ་ཞུས་ཡོད་པ་མ་ཟད། ༸སྐུ་ཚེ་ཡུན་རིང་གནས་པའི་གསོལ་འདེབས་ཞུས་གནང་ཡོད་པ་གསུངས་སོང་།

Photo: OHHDL

ཕྱོགས་མཚུངས་ Narasimha དགེ་རྩ་ཚོགས་པའི་ཚོགས་མི་ Bala Latha ལགས་ཀྱིས་སྐུ་ཞབས་ན་ར་སི་མ་རའོ་ལགས་ནི་ཞི་བདེ་ལ་དགའ་མོས་ཆེན་པོ་གནང་མཁན་གྱི་གང་ཟག་ཅིག་ཡིན་སྟབས་ཁོང་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཉིས་ཀྱི་དབར་རྒྱལ་སྤྱིའི་ཞི་བདེའི་གནད་དོན་སྣ་ཚོགས་ཀྱི་ཐད་དམ་ཟབ་ཀྱི་འབྲེལ་བ་ཡོད་སྐོེར་གསུངས་པ་དང་ཆབས་ཅིག ༸གོང་ས་མཆོག་ནི་རྒྱལ་སྤྱིའི་ཁྲོད་ཞི་བདེའི་ཕོ་ཉ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་ཙམ་མ་ཟད། དམ་པ་ཁོང་ནས་ཀྱང་༸སྐུ་ཉིད་མཆོག་ལ་དད་གུས་དང་དགའ་མོས་ཆེན་པོ་གནང་གི་ཡོད་པར་བརྟེན། ད་རེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཞེ་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ཡོད་པ་གསུངས་སོང་།

ལྷག་དོན་དེ་རིང་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་མཇལ་ཁྲོད། བོད་མི་དགུང་ལོ་ ༡༠༡ སོན་པ་ཞིག་ལ་མ་ཎི་ཡག་པོ་བགྲང་དགོས་པ་དང་། དེ་བཞིན་བོད་པའི་ལོ་ཆུང་བྱིས་པ་ཞིག་ལ་ཤེས་ཡོན་གྱིས་བསམ་བློ་ཡར་རྒྱས་གཏོང་དགོས་པའི་བཀའ་སློབ་བཀའ་དྲིན་ཆེ་བ་བསྩལ་འདུག མ་ཟད། དེ་རིང་ནི་བོད་ཟླ་གསུམ་པའི་གནམ་གང་དང་སང་ཉིན་ནས་ས་ག་ཟླ་བ་འགོ་འཛུགས་ཀྱི་ཡོད་སྟབས། ལོ་ལྟར་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་རྟེན་གཙོ་སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོའི་སྐུ་བརྙན་དེ་བཞིན། ས་ག་ཟླ་བར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མ་ཎི་དུང་སྒྲུབ་ཀྱི་རྟེན་གཙོར་གདན་འདྲེན་ཞུ་སྲོལ་ཡོད་པ་བཞིན། ད་རེས་ཀྱང་༸རྒྱལ་བའི་ཕོ་བྲང་ནས་ཇོ་བོ་ཝ་ཏི་བཟང་པོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱིད་གྲོང་སྐྱིད་སྡུག་གིས་བྲོ་གར་གྱི་མཆོད་པ་དང་བཅས་གདན་འདྲེན་ཞུས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།