Tibetan Royal Year of 2151 | Year of the Wood Dragon

༧གོང་ས་མཆོག་གིས་ Lai Ching-te ལགས་ཐེ་ཝན་གྱི་སྲིད་འཛིན་དུ་འོས་འདེམས་བྱུང་བར་འཚམས་འདྲི་སྩལ་བ།

Tibetan News Headlines

  • འབྲི་ཆུའི་བཞུར་རྒྱུན་དུ་ཁམས་སྡེ་དགེ་ཁུལ་གྱི་དོན་རྐྱེན་དང་འབྲེལ་ནས་གླེང་མོལ།

Saturday 02/03/2024

  • China’s dam projects in Tibet: Social and environmental impact

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་དབུ་འཁྲིད་ Lai Ching-te ལགས་ཐེ་ཝན་གྱི་སྲིད་འཛིན་དུ་འོས་འདེམས་བྱུང་བར་འཚམས་འདྲི་སྩལ་བ་དང་སྦྲགས། ཁོང་གིས་ཐེ་ཝན་མི་མང་གི་རེ་བ་དང་མངོན་འདོད་འགེགས་མེད་དུ་བསྒྲུབ་ཐུབ་པའི་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

དེ་རིང་ཕྱི་ཚེས་ ༡༤ ཉིན་གནས་མཆོག་རྡོ་རྗེ་གདན་གྱི་༧རྒྱལ་བའི་བཞུགས་གནས་རྣམ་གྲྭ་དགའ་ལྡན་འཕེལ་རྒྱས་གླིང་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་གསུང་འཕྲིན་གྱི་ཐོག་མར་ཐེ་ཝན་ནང་དུ་གྲུབ་མ་ཐག་པའི་འོས་བསྡུ་དེ་ནི་རང་དབང་དང་ཆེ་མཐོང་ལ་ཡིད་སྨོན་ཞུ་མཁན་ཡོངས་ལ་སྙིང་སྟོབས་ཀྱི་འབྱུང་གཞི་དངོས་འབྲེལ་ཞིག་ཡིན་པ་རེད་ཅེས་བཀའ་སྩལ་འདུག

དེ་བཞིན་༧གོས་ས་མཆོག་དེ་སྔོན་ཐེ་ཝན་དུ་ཆིབས་བསྒྱུར་མཛད་སྐབས་ཁུལ་དེའི་མི་མང་རྣམས་ཀྱིས་མགོན་པོ་༧གང་ཉིད་མཆོག་ལ་དགའ་མོས་ཧ་ཅང་ཞུས་པའི་ཐུགས་ཚོར་དྲན་གསོ་དང་ཆབས་ཅིག ཡུལ་དེར་མང་གཙོ་ས་བརྟན་ཡོད་པར་དངོས་སུ་གཟིགས་རྒྱུ་བྱུང་ཡོད་པར་བཀའ་སྩལ་མཛད་པ་དང་། ལྷག་པར་དུ་ཐེ་ཝན་མི་མང་རྣམས་ཀྱིས་ནུས་པ་ལྡན་པའི་མང་གཙོ་གོང་འཕེལ་ཙམ་མིན་པར་ཤེས་ཡོན་དང་དཔལ་འབྱོར་གྱི་གནད་དོན་ཐོག་དོན་འབྲས་ཆེན་པོ་སོན་ཡོད་པ་དང་ལྷན་དུ་སོ་སོའི་ཕུན་སུམ་ཚོགས་པའི་རིག་གཞུང་ཡང་བདག་སྲུང་གནང་ཡོད་པར་བསྔགས་བརྗོད་མཛད་འདུག

ད་དུང་ཐེ་ཝན་གྱི་ནང་པ་རྣམས་ཀྱིས་སངས་རྒྱས་པའི་ཆོས་ལ་དད་གུས་ཆེན་པོ་ཞུ་གི་ཡོད་པར་རྗེས་སུ་ཡི་རངས་མཛད་ཀྱི་ཡོད་ཅེས་དང་། མགོན་པོ་༧གང་ཉིད་མཆོག་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་ཐེ་ཝན་གྱི་དད་ལྡན་རྣམ་པའི་རེ་འདུན་ལྟར་དུས་ནས་དུས་སུ་ཆོས་འབྲེལ་དང་ནང་སེམས་ཀྱི་ལམ་སྟོན་གང་ཐུབ་སྩལ་རྒྱུ་ཡིན་པའི་བཀའ་བཞེས་བཟང་པོ་སྩལ་བ་མ་ཟད། ཐེ་ཝན་དང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་བར་འབྲེལ་ལམ་བཟང་པོ་དགོས་རྒྱུ་དེ་ཤིན་ཏུ་ནས་གལ་འགངས་ཆེན་པོ་ཞིག་ཡིན་ལ། དེ་ཡང་རྒྱལ་སྤྱི་དང་རྒྱལ་ནང་། དེ་བཞིན་ས་གནས་བཅས་གང་ཡིན་རུང་དཀའ་ངལ་ཆེ་ཁག་རྣམས་སེལ་བའི་ཐབས་མཆོག་ནི་གྲོས་མོལ་གྱི་ལམ་དུ་བཞུགས་རྒྱུ་དེ་ཡིན་པར་དུས་ཡུན་རིང་པོ་ཞིག་ནས་ཆོད་སེམས་བརྟན་པོ་ཡོད་ཅེས་བཀའ་སྩལ་འདུག

མཐར་༧གོང་ས་མཆོག་གིས་ Lai Ching-te ལགས་སུ་ཐེ་ཝན་མི་མང་གི་རེ་བ་དང་མངོན་འདོད་འགེགས་མེད་དུ་བསྒྲུབ་ཐུབ་པའི་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

རྩ་བའི་ཁ་སང་ཕྱི་ཚེས་ ༡༣ ཉིན་ཐེ་ཝན་གྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་དེ་ Lai Ching-te ལགས་ཀྱིས་སྣེ་ཁྲིད་པའི་ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པ་ (Democratic Progressive Party) དང་། Hou Yu-ih ལགས་ཀྱིས་སྣེ་ཁྲིད་པའི་གོ་མིན་ཏང་ཆབ་སྲིད་ཚོགས་པ། (Kuomintang) དེ་བཞིན་ Ko Wen-je ལགས་ཀྱིས་སྣེ་ཁྲིད་པའི་ཐེ་ཝན་མི་མང་ཚོགས་པ་ (Taiwan People’s Party) གསུམ་གྱི་བར་གནང་ཡོད་ཅིང་། དེའི་ཁྲོད་ཆབ་སྲིད་ཚོགས་པ་སོ་སོར་བརྒྱ་ཆ་རིམ་བཞིན་ ༼༤༠་༡༽ ༼༣༣་༤༩༽ ༼༢༦་༤༦༽ བཅས་ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པར་སླར་ཡང་རྒྱལ་ཁ་ཐོབ་སྟེ། ད་གཞུང་གི་སྲིད་འཛིན་གཞོན་པ་ Lai Ching-te ལགས་སྲིད་འཛིན་དུ་འོས་འདེམས་བྱུང་ཡོད་པ་རེད།

དུས་སྐབས་དེ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་Twitter དྲ་ལམ་ཐོག་སྐུ་ཞབས་ཁོང་ལ་བོད་མི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུས་པ་དང་འབྲེལ། བཙན་བྱོལ་དུ་མང་གཙོའི་ལམ་ལུགས་ལག་བསྟར་བྱེད་བཞིན་པའི་བོད་མི་རྣམས་ནས་ཐེ་ཝན་མི་མང་གིས་རང་ཐག་རང་གཅོད་ཀྱི་སྙིང་སྟོབས་ལ་ཡིད་སྨོན་ཆེ་ཆེར་ཞུ་ཡི་ཡོད་པ་དང་། ང་ཚོས་སྤྲོ་སེམས་འཁོལ་བའི་ངང་ནས་ཕྱོགས་གཉིས་ཀྱི་མཉམ་མཐུན་འབྲེལ་ལམ་གྱི་ནུས་པ་གོང་མཐོར་གཏོང་རྒྱུར་ངང་སྒུག་གནང་བཞིན་ཡོད་ཅེས་གསུངས་འདུག

ཕྱོགས་མཚུངས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ཐེ་ཝན་གྱིས་སླར་ཡང་མང་གཙོའི་ལམ་ལུགས་ལ་དམ་བཅའ་བརྟན་པོ་ཡོད་པ་གསལ་བཏོན་གནང་ཡོད་པ་དང་། ང་ཚོ་ཕྱོགས་གཉིས་ཀྱི་མི་མང་བར་འབྲེལ་ལམ་དམ་གཟབ་ཡོང་བའི་རེ་འདུན་ཞུས་ཡོད་པ་རེད།

གཞི་རྩའི་འོས་བསྡུ་འདི་ནི་རྒྱལ་སྤྱིའི་ས་བབ་ཆབ་སྲིད་ཀྱི་གནས་སྟངས་དང་། ད་ལྟའི་ཨ་རྒྱ་གཉིས་བར་གྱི་དཀའ་རྙོག་ཅན་གྱི་འབྲེལ་ལམ་སོགས་ཕྱོགས་མང་པོ་ཞིག་ནས་གནད་འགག་ཆེན་པོ་ཞིག་ཏུ་ངོས་འཛིན་ཞུ་ཡི་ཡོད་པ་མ་ཟད། གནད་དོན་འདི་བརྒྱུད་འབྱུང་འགྱུར་རྒྱ་ནག་གིས་ཐེ་ཝན་ཐོག་སྔར་ལྷག་གནོན་ཤུགས་སྤྲོད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།