Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གི་མཚན་གནས་རྗེས་དྲན་གྱི་དཔེ་མཛོད་ཁང་དང་ཤེས་ཡོན་བསྟི་གནས་ཁང་གི་མདུན་ཐང་དུ་སླར་༸རྒྱལ་བའི་༸སྐུ་བརྙན་གསར་བཞེངས་གནང་རྒྱུ་ཡིན་ཞེས་གསུངས་འདུག

Tibetan News Headlines

  • འབྲི་ཆུའི་བཞུར་རྒྱུན་དུ་ཁམས་སྡེ་དགེ་ཁུལ་གྱི་དོན་རྐྱེན་དང་འབྲེལ་ནས་གླེང་མོལ།

Saturday 02/03/2024

  • China’s dam projects in Tibet: Social and environmental impact

ཕྱི་ཟླ་ ༩ ཕྱི་ཚེས་ ༨ ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ Ithaca ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་དྲན་གྱི་དཔེ་མཛོད་ཁང་དང་ཤེས་ཡོན་བསྟི་གནས་ཁང་ཞིག་གསར་བཞེངས་ལེགས་གྲུབ་བྱུང་བར་དབུ་འབྱེད་རབ་གནས་གནང་ཡོད་པ་དང་། བསྟི་གནས་ཁང་གི་མདུན་ཐང་དུ་གསར་བཞེངས་གནང་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་བརྙན་གྱི་བཟོ་དབྱིབས་ཁ་དོག་སོགས་དང་འབྲེལ་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་གླེང་སློང་མི་ཉུང་བ་ཞིག་གནང་བཞིན་པར་བརྟེན། དེ་རིང་སྔ་དྲོ་གམ་བཅར་རྣམ་རྒྱལ་གྲྭ་ཚང་གི་ཡན་ལག་བྱང་ཨ་རིའི་ཨེ་ཐི་ཁ་ཆོས་ཚོགས་ཀྱི་འགན་འཛིན་བསྟན་འཛིན་ཆོས་བཟང་ལགས་ཀྱིས་དགོངས་སེལ་དང་འབྲེལ་རིང་མིན་སླར་ཡང་༸རྒྱལ་བའི་༸སྐུ་བརྙན་གང་ལེགས་གསར་བཞེངས་གནང་རྒྱུ་ཡིན་ཞེས་གསུངས་འདུག

དེ་རིང་རྣམ་རྒྱལ་གྲྭ་ཚང་གི་ཡན་ལག་བྱང་ཨ་རིའི་ཨེ་ཐི་ཁ་ཆོས་ཚོགས་ཀྱི་འགན་འཛིན་ལགས་ཀྱིས་ངོ་དེབ་ཐོག་བསྟི་གནས་ཁང་གི་མདུན་ཐང་དུ་གསར་བཞེངས་གནང་བའི་༸རྒྱལ་བའི་༸སྐུ་བརྙན་དང་འབྲེལ་བའི་གསལ་བཤད་དང་དགོངས་སེལ་གྱི་བརྙན་ཐུང་ཞིག་འདོན་སྤེལ་གནང་བའི་ནང་ཁོང་གིས་སྤྱིར་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཡོད་པ་གཅིག་མཚུངས་ཡིན་སྟབས། ཉེ་ལམ་བསྟི་གནས་ཁང་གི་མདུན་ཐང་དུ་གསར་བཞེངས་གནང་བའི་༸རྒྱལ་བའི་༸སྐུའི་བཀོད་པ་དང་བྱད་གཟུགས་དག་ལ་བོད་མི་མང་པོས་གཟིགས་ཚུལ་མི་འདྲ་བ་དང་ཐུགས་བློ་མི་བདེ་བ་བྱུང་ཡོད་པར་བསམ་ཤེས་ཐུབ་ཀྱི་འདུག ལས་གཞི་དེའི་ལས་འགན་ཞིག་ཡོད་པའི་ཆ་ནས་དགོངས་སེལ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

དེ་བཞིན་ཁོང་གིས་༸རྒྱལ་བའི་༸སྐུ་བརྙན་དེ་གསར་བཞེངས་ཀྱི་རྒྱབ་ལྗོངས་གསལ་བཤད་གནང་སྐབས་ཐོག་མ་ཁུལ་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་དྲན་གྱི་དཔེ་མཛོད་དང་ཤེས་ཡོན་བསྟི་གནས་ཁང་གསར་བཞེངས་གནང་རྒྱུའི་འཆར་གཞི་ཡོད་པ་ལྟར་མགོན་པོ་༸གང་ཉིད་མཆོག་ལ་དད་གུས་ཧ་ཅང་ཆེ་བའི་ཨ་རི་ཀེལ་ལི་ཕོར་ནི་ཡར་གནས་བཞུགས་དད་ལྡན་སྦྱིན་བདག་གཅིག་གིས་༸རྒྱལ་བའི་༸སྐུ་བརྙན་གསར་བཞེངས་ཞུ་རྒྱུར་ཞལ་བཞེས་གནང་ཡོད་སྐོར་གསུངས་པ་དང་ཆབས་ཅིག དེའི་འགྲོ་གྲོན་ཡོངས་རྫོགས་སྦྱིན་བདག་ཁོང་ནས་གནང་རྒྱུ་ཡིན་པར་མ་ཟད། འཛམ་གླིང་ནང་མཚན་སྙན་ཡོད་པའི་བཟོ་བོའི་སྒྱུ་རྩལ་བ་ཐབས་ཤེས་གནང་སྟེ་མ་སྐུལ་དང་བླངས་ཀྱིས་བཞེངས་རྒྱུར་ཞལ་བཞེས་གནང་ཡོད་སྟབས། འབྲེལ་ཡོད་ལས་བྱེད་རྣམས་ནས་ཁོང་གི་དགེ་བའི་ལས་གཞིར་རྗེས་སུ་ཡི་རང་ཞུས་པ་དང་སྦྲགས་ཐུགས་རྗེ་ཆེ་ཞུས་ཡོད་པར་གསུངས་འདུག

ཁོང་གིས་ད་དུང་༸རྒྱལ་བའི་༸སྐུ་བརྙན་འདི་ཉིད་བོད་པའི་སྲོལ་རྒྱུན་གྱི་བཞེངས་ཚུལ་དང་མི་འདྲ་བར་དེང་དུས་ཀྱི་རྣམ་པའི་ཐོག་ནས་བཞེངས་པ་ཞིག་ཆགས་ཀྱི་ཡོད་པ་དང་། ཁ་སྔོན་༸རྒྱལ་བའི་༸སྐུ་བརྙན་གདན་ཞུ་སྐབས་ཕྱི་རྒྱལ་བ་འགས་༸སྐུ་བརྙན་དེ་མཇལ་མར་ཐག་ཏུ་སྤྱན་ཆབ་བསིལ་མཁན་ཡང་བྱུང་ཡོད་པ་གསུངས་ཏེ། ང་ཚོ་བོད་རིགས་ནང་ཁུལ་སྲོལ་རྒྱུན་གྱི་༸སྐུ་འདྲ་མཇལ་བདེ་བ་ཡོད་པ་ལས་ཕྱི་ལུགས་ཀྱི་༸སྐུ་བརྙན་བཞེངས་སྟངས་ལ་ཐུགས་བློ་མ་ཁེངས་པ་དང་༸སྐུ་ལ་གསོན་ཉམས་དེ་ཙམ་མི་འདུག་ཅེས་དགོངས་ཚུལ་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞེས་དང་རིང་མིན་སླར་ཡང་༸རྒྱལ་བའི་༸སྐུ་བརྙན་གང་ལེགས་གསར་བཞེངས་གནང་རྒྱུ་ཡིན་ཞེས་གསུངས་འདུག

གཞི་རྩའི་ད་ལྟའི་༸སྐུའི་རྒྱུ་ཆ་དེ་རིན་ཆེན་ལི་ལས་གྲུབ་པ་ཞིག་ཡིན་པ་དང་༸སྐུའི་མཐོ་ཚད་ཕི་ཀྲི་ ༩ དང་བཞུགས་ཁྲི་བཅས་ཁྱོན་མཐོ་ཚད་ཕི་ཀྲི་ ༡༣ ཡོད་པ་རེད། སྤྱི་ཚོགས་དྲ་རྒྱའི་ནང་བོད་མི་ཁག་ཅིག་གིས་༸རྒྱལ་བའི་༸སྐུ་བརྙན་ལ་གསོན་ཉམས་དེ་ཙམ་མེད་པ་སོགས་ཀྱི་དགོངས་ཚུལ་གནང་ཡོད་པ་དེ་ལྟར་ཡང་། ལ་ལས་སྒྱུ་རྩལ་གྱི་རྣམ་པ་ལྡན་ཡོད་ཅེས་དགོངས་ཚུལ་གནང་མཁན་འདུག

འབྲེལ་ཡོད་གསར་གནས།

གསར་གནས།