༸གོང་ས་མཆོག་དབུ་བཞུགས་ཐོག་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ལས་ཁུར་དམ་འབུལ་ཞུ་རྒྱུ།

Tibetan News Headlines

  • Kharchu Pema Garbha Dharma Centre and All Himalayan Buddhists Salbari offers ‘Tenshug’ to the Dalai Lama
  • Tibetans Attempt to Stop Poaching by Chinese Police Officers; reprimanded by Local Officers
  • China Orders Removal of Former Abbot Lobsang Tenpa from Ragya Monastery’s Abbot Lineage
  • Chinese Authorities Coerce Tibetans in Ngari into Mandatory Road Construction
  • 2026 Tibet Forum Calls for Repeal of China’s Ethnic Unity Law in Five-Point Declaration
  • Chinese Official Sentenced to Death over Disclosure of State Secrets to Foreign Intelligence
  • Alalamo: New Gorshey Song “Kowa Laso” by Tenzin Yeshi  (Yema) and Tenzin Dolma

ཪེས་གཟའ་མིག་དམར། ༢༠༢༦།༡༡།༢༤

  • ༸གོང་ས་མཆོག་ལ་མཁར་ཆུ་པདྨ་གརྦྷ་ཆོས་ཚོགས་ཀྱི་ངོས་ནས་བརྟན་བཞུགས་བསྟར་འབུལ།
  • རྒྱ་མི་ཉེན་རྟོགས་པས་བོད་ཀྱི་སྟོང་ལ་ཉེ་བའི་རི་བདག་ལ་རྔོན་རྒྱག་པར་ས་གནས་བོད་མིས་ངོ་རྒོལ།
  • མགོ་ལོག་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་དགོན་པ་དེ་ཉིད་ཀྱི་མཁན་རབས་ནས་ཕྱིར་འཐེན་དགོས་པའི་བཙན་བཀའ་བཏང་འདུག
  • མངའ་རིས་ས་ཁུལ་གྱི་ཡུལ་མི་རྣམས་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞི་ནང་བཙན་སྐུལ་བྱེད་བཞིན་པ།
  • མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་ཕྱིར་འཐེན་དགོས་པ་སོགས་ཀྱི་དོན་ཚན་ལྔ་གཏེན་འབེབས་ཐོག་ ༢༠༢༦ ལོའི་གངས་ལྗོངས་གླེང་སྟེགས་ཚོགས་འདུ་མཇུག་སྒྲིལ།
  • རྒྱལ་ཁབ་ཀྱི་གསང་བ་མཁོ་སྤྲོད་བྱས་རྐྱེན་རྒྱ་གཞུང་གི་ལས་བྱེད་ཅིག་ལ་སྲོག་ཐོག་ཁྲིམས་ཐག་བཅད་པ།
  • ཨ་ལ་ལ་མོ་ལེ་ཚན། སྒྱུ་རྩལ་བ་བསྟན་འཛིན་ཡི་ཤེས་ལགས་དང་ལྷན་ཀོ་བ་ལ་སོ་ཞེས་པའི་སྒར་གཞས་གསར་པའི་སྐོར་བཅར་འདྲི།

ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་། སྐབས་ ༡༧ པའི་བཀའ་ཤག་གི་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ལས་ཁུར་དམ་བཅའ་འབུལ་བཞེས་ཀྱི་མཛད་སྒོ་འཚོག་གཏན་ཁེལ་འདུག

Oath-Taking Ceremony of Sikyong Penpa Tsering to Be Held in Presence of the Dalai Lama
པར་དབང་། ཆེས་མཐོའི་ཁྲིམས་ཞིབ་ཁང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཟླ་འདིའི་ཕྱི་ཚེས་ ༢༧ རེས་གཟའ་ལྷག་པའི་ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག སྐབས་ ༡༧ པའི་བཀའ་ཤག་གི་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གི་མདུན་དུ་ལས་ཁུར་དམ་བཅའ་འབུལ་བཞེས་ཀྱི་མཛད་སྒོ་འཚོག་གཏན་ཁེལ་ཡོད་པ་རེད་འདུག

མཛད་རིམ་ལ་གཞིགས་ན། སྔ་དྲོ་ཕྱག་ཚོད་ ༨ པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་སྐུ་མགྲོན་རྣམ་པ། དེ་བཞིན་སྲི་ཞུ་ལས་བྱེད་རྣམ་པ་དང་ས་གནས་མི་མང་བཅས་བཞུགས་གྲལ་དུ་འཁོད་བསྟུན་ཁྲིམས་ཞིབ་པ་ཆེ་བ་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ། དེ་བཞིན་བདམས་ཐོན་སྲིད་སྐྱོང་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸རྒྱལ་བའི་ཕོ་བྲང་གི་རྒྱལ་སྒོ་ནས་སྤྱན་རྒྱ་སྤོས་སྣེ་དང་བཅས་མཛད་སྒོའི་གཙོ་མགོན་དུ་གདན་འདྲེན་ཞུ་རྒྱུ་མ་ཟད། ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུ་རྒྱུ་དང་། དེའི་རྗེས་སུ་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་མདུན་དུ་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ལས་ཁུར་དང་གསང་རྒྱའི་དམ་འབུལ་བཞེས་གནང་རྒྱུ་དང་སྦྲགས། སྲིད་སྐྱོང་མཆོག་ནས་དམ་འབུལ་ཡིག་ཆ་དང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་མཛད་ཁུར་དང་གསང་རྒྱའི་དམ་འབུལ་མ་དེབ་བཅས་སུ་མཚན་རྟགས་འགོད་རྒྱུ་ཡིན་པ་རེད་འདུག

དམ་འབུལ་གྲུབ་རྗེས་སུ་སྲིད་སྐྱོང་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུ་རྒྱུ་དང་རིམ་པས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་དང་། ཆེས་མཐོའི་ཁྲིམས་ཞིབ་པ་གཞན་གཉིས། སྐབས་ ༡༦ པའི་བཀའ་ཤག་གི་བཀའ་ཟུར་རྣམ་པ། དེ་བཞིན་རང་དབང་ཅན་གྱི་སྡེ་ཚན་གྱི་འགན་འཛིན་རྣམ་པ་དང་ལས་བྱེད་འདེམས་ལྷན་གྱི་ཚོགས་མི་རྣམ་པ་བཅས་ནས་སྲིད་སྐྱོང་མཆོག་ལ་རྟེན་འབྱུང་མཇལ་དར་འབུལ་བཞེས་གནང་རྒྱུ་ཡིན་པ་རེད་འདུག

Oath-Taking Ceremony of Sikyong Penpa Tsering to Be Held in Presence of the Dalai Lama
པར་དབང་། བོད་མིའི་སྒྲོག་འཛུགས།

སྤྱིར་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡ ཉིན་རྒྱལ་སྤྱིའི་ཁྱོན་དུ་གནས་སྡོད་བཙན་བྱོལ་བོད་མི་རྣམས་ཀྱིས་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ་གནང་ཡོད་པ་དང་། སྔོན་འགྲོའི་འོས་བསྡུ་དེའི་ཁྲོད་བོད་མི་ཁྱོན་ ༥༡༠༠༠ ལྷག་ཙམ་གྱི་སྲིད་སྐྱོང་གི་འོས་བསྡུའི་ནང་མཉམ་བཞུགས་གནང་བའི་ཁོངས་ནས་ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འོས་གྲངས་བརྒྱ་ཆ་ ༦༡.༠༢ ཐོབ་ཡོད་པ་རེད། དེ་འབྲེལ་དབུས་འོས་བསྡུ་ལས་ཁང་ངོས་ནས་ཕྱི་ཟླ་ ༢ ཚེས་ ༡༣ ཉིན་གསར་འགོད་གསལ་སྒྲགས་ཤིག་གི་ཐོག་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་ནང་སྔོན་འགྲོའི་སྐབས་འོས་མི་གཅིག་ལ་འོས་ཤོག་ཁྱོན་འབོར་གྱི་བརྒྱ་ཆ་ ༦༠ ཡན་ཐོབ་ཡོད་ཚེ་དངོས་གཞིའི་ལས་རིམ་འགྲོ་མི་དགོས་པར་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བར་ངོས་འཛིན་གསལ་བསྒྲགས་བྱ་རྒྱུ་ཞེས་གསལ་བ་ལྟར་ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བའི་གསལ་བསྒྲགས་གནང་ཡོད་པ་རེད།

ལས་རིམ་ལྟར་ན་ཟླ་འདིའི་ཚེས་ ༢༧ ཉིན་སྐབས་ ༡༧ པའི་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལས་ཁུར་དམ་བཅའ་འབུལ་བཞེས་ཀྱི་མཛད་སྒོ་འཚོག་རྒྱུ་དང་། དེ་ནས་ཕྱི་ཚེས་ ༣༡ ཉིན་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདམས་ཐོན་སྤྱི་འཐུས་རྣམ་པས་དམ་བཅའ་འབུལ་བཞེས་གནང་གི་ཡོད་པ་རེད།

རྩ་བའི་ཐེངས་འདིའི་འོས་བསྡུ་ཆེན་མོའི་ཁྲོད་དབུས་འོས་བསྡུ་ལས་ཁང་ནས་བལ་ཡུལ་མཆོད་འཇོར་ས་ཁུལ་དུ་འོས་བསྡུའི་སྒྲིག་གཞིར་འགལ་འཛོལ་ཚབས་ཆེ་བྱུང་བའི་ངོས་འཛིན་དང་འབྲེལ། མཆོད་འཇོར་ས་གནས་མང་ཚོགས་ལ་དངོས་གཞི་འོས་འཕང་རྒྱུའི་ཐོབ་ཐང་ཕྱིར་འཐེན་གནང་སྟབས། ས་གནས་ཀྱི་འཐུས་ཚབ་ཁག་གཅིག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བཅར་ནས་དབུས་འོས་བསྡུ་ལས་ཁང་ལ་ཁྲིམས་གཏུགས་གནང་བཞིན་ཡོད་པ་རེད།  བཙན་བྱོལ་བོད་མིའི་ཁྲོད་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་ཀྱི་ཞུ་སྙན་དེར་ངོ་བཞེས་གནང་ཚེ་དེ་འབྲེལ་ཐག་གཅོད་ཀྱིས་འོས་བསྡུའི་གྲུབ་འབྲས་ལ་ཤུགས་རྐྱེན་ཇི་ཐེབས་བཤད་ཚོད་དཀའ་བར་གྱུར་ཡོད་པ་དང་། གནས་སྟངས་དེ་འདྲའི་ཁྲོད་སྔོན་འགྲོའི་འོས་བསྡུའི་སྐབས་སྲིད་སྐྱོང་གི་འོས་མིར་བཞེངས་མཁན་དབུ་དཀར་ཚང་སྐལ་རྡོར་ལགས་ཀྱིས་ཀྱང་རང་ཉིད་ཀྱི་ངོ་དེབ་ཐོག་བལ་ཡུལ་ནང་འོས་བསྡུའི་སྒྲིག་ལམ་དང་འགལ་བའི་ཚབས་ཆེའི་གནས་ཚུལ་ར་སྤྲོད་བྱུང་བ་དེས། འདི་ལོའི་འོས་བསྡུ་དྲང་བདེན་གྱི་ལམ་ནས་སོང་ཡོད་མེད་ཐད་བློ་འཚབ་དང་དོགས་གཞི་ཆེན་པོ་བཟོས་ཡོད་སྐོར་དང་། ཁྲིམས་འགལ་གྱི་བྱ་སྤྱོད་དེ་དག་གིས་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ལའང་དོགས་གནད་ཆེན་པོ་བསླངས་ཡོད་ཚུལ་གསུངས་འདུག་པ་ལྟར། བོད་མི་ཁག་གཅིག་གིས་དེར་རྒྱབ་སྐྱོར་ཞུས་ཀྱང་ཁག་གཅིག་གིས་དེར་སྐྱོན་བརྗོད་དང་འབྲེལ་བལ་ཡུལ་ནང་གི་ཆབ་སྲིད་ཀྱི་ཚོར་བ་རྣོ་བའི་གནད་དོན་ལ་དགོངས་པ་བཞེས་དགོས་པ་སོགས་ཀྱི་དགོངས་ཚུལ་སྣ་ཚོགས་བཏོན་བཞིན་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།