བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་རིང་མིན་ཕྱི་ཟླ་ ༡༢ པའི་ཟླ་མགོ་ཙམ་ལ་རྒྱ་གར་བྱང་ཤར་འབྲས་ལྗོངས་དང་ནུབ་བྷེང་གྷལ་དུ་ཆིབས་བསྒྱུར་བཀྲིན་མཛད་གཏན་ཁེལ་འདུག

འདི་ལོའི་ཕྱི་ཟླ་དགུ་པའི་ནང་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་དབུས་པའི་འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཀྱི་དགེ་འདུན་པའི་འཐུས་མི་བླ་མ་བསོད་ནམས་ལགས་དང་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ V.B.Pathak ལགས་རྣམ་གཉིས་དབུས་སྡེ་ཚན་ཁག་ཅིག་གི་འགན་འཛིན་དང་གཞུང་འབྲེལ་གནད་ཡོད་མི་སྣའི་སྐུ་ཚབ་བཅས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འདི་ལོའི་ཕྱི་ཟླ་བཅུ་པའི་ནང་འབྲས་ལྗོངས་ཁུལ་དུ་ཆིབས་བསྒྱུར་མཛད་གནང་ཡོང་བའི་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཐུགས་དགྱེས་ཚོར་ཆེན་པོས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་ཡོད་ཀྱང་། ཁུལ་དེར་ཆུ་ལོག་གི་གོད་ཆག་ཤུགས་ཆེར་བྱུང་བར་བརྟེན་ཕྱི་ཟླ་ ༡༠ ནང་ཆིབས་བསྒྱུར་མཛད་ཐུབ་མེད་པ་རེད། ད་ཆ་ཕྱི་ཟླ་ ༡༢ ཚེས་ ༡༡ ཉིན་འབྲས་ལྗོངས་སུ་ཆིབས་བསྒྱུར་བཀྲིན་བསྐྱང་གཏན་ཁེལ་འདུག་པ་དང་ཁུལ་དེའི་མང་ཚོགས་ལ་བཀའ་ཆོས་བཀའ་དྲིན་སྩལ་གཏན་ཁེལ་ཡོད་པ་རེད།

དེ་རིང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་འབྲས་ལྗོངས་ནང་གི་མགོན་པོ་༸གང་ཉིད་མཆོོག་གི་ཆིབས་བསྒྱུར་མཛད་གཏན་ཁེལ་བའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་གསལ། ཕྱི་ལོ་ ༢༠༢༣ ཕྱི་ཟླ་ ༡༢ ཚེས་ ༡༢ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གཅིག་རིང་སྒང་ཏོག་འབྲས་ལྗོངས་དཔལ་འབྱོར་རྩེད་ཐང་དུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་དང་། ཚེས་ ༡༤ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནུབ་བྷེང་གྷལ་མངའ་སྡེའི་སཱ་ལུ་སྒར་དུ་རྟེན་གཞི་བྱས་པའི་གསང་ཆེན་དཔལ་ལྡན་སྲད་རྒྱུད་གྲྭ་ཚང་དུ་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་བཅས་ཐུགས་གཏན་ཁེལ་ཡོད་པ་གསལ་འདུག

ཤེས་རྟོགས་བྱུང་བར་དེ་རིང་སྔ་དྲོ་ཚོུད་ ༡༠༌༣༠ སྟེང་བཀྲིས་གླིང་དྲུང་ཆེ་ལྷན་ཁང་དུ་འབྲས་གཞུང་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ V.B.Pathak ལགས་ཀྱིས་ཐུགས་འགན་གཙོ་བཞེས་ཐོག་འབྲེལ་ཡོད་དཔོན་རིགས་ཁག་གཅིག་ལྷན་འཛོམས་ཀྱིས་ ༸རྒྱལ་བའི་བཞུགས་གནས་ཕོ་བྲང་དང་༸སྐུ་ཕྱྭའི་ཉེན་སྲུང་། བཀའ་ཆོས་སྕལ་ཡུལ་གྲ་སྒྲིག དེ་བཞིན་འགྲིམ་འགྲུལ་འགག་སྒོ་སོགས་ཀྱི་ལས་གཞི་འཆར་སྒྲིག་དང་འབྲེལ་བཀའ་བསྡུར་ཡང་གནང་འདུག

རྩ་བའི་དེ་སྔ་ཕྱི་ཟླ་ ༡༠ ནང་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེར་སྤྲིན་འཐོར་དྲག་ཆར་བྱུང་ནས་ལྷོ་ནག་མཚོ་དང་ Teesta གཙང་པོ་ཆེས་ཆེར་འགས་པར་བརྟེན་མངའ་སྡེའི་ས་གནས་དུ་མའི་ནང་མི་རྒྱུ་ཟོག་གསུམ་བཅས་པར་གོད་ཆག་ཚབས་ཆེན་ཕོག་པར་བརྟེན་ཁུལ་དེའི་ནང་གི་༸གོང་ས་མཆོག་གི་ཆིབས་བསྒྱུར་གྱི་མཛད་འཆར་རེ་ཞིག་ཕྱིར་བཤོལ་མཛད་པ་དང་འབྲེལ། འབྲས་ལྗོངས་མངའ་སྡེའི་ནང་ཆུ་ལོག་གི་གོད་ཆག་ཤུགས་ཆེར་བྱུང་སྐབས་མགོན་པོ་༸གང་ཉིད་མཆོག་གིས་མང་ཚོགས་ཡོངས་ལ་ཐུགས་སྨོན་དང་ཏཱ་ལའི་བླ་མའི་དགེ་རྩ་ནས་ངལ་སེལ་རོགས་དངུལ་གསོལ་སྩལ་མཛད་ཡོད།

གཞི་རྩའི་ཐེངས་འདིའི་མགོན་པོ་༸གང་ཉིད་མཆོག་གི་འབྲས་ལྗོངས་དང་ནུབ་བྷེང་གྷལ་ནང་གི་ཆིབས་བསྒྱུར་ནི་ཕྱི་ཟླ་ ༡༢ ཚེས་ ༡༡ ནས་ཚེས་ ༡༤ བར་མཛད་ཀྱི་ཡོད་པ་དང་། དེ་རྗེས་ཕྱི་ཚེས་ ༡༦ ཉིན་རྒྱ་གར་བི་ཧཱར་མངའ་སྡེ་ནང་རྟེན་གཞི་བྱས་པའི་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་བཀྲིན་མཛད་གཏན་ཁེལ་ཡོད་པ་རེད། པར་ཁག Government of Sikkim དང་dalailama དྲ་རྒྱ་སོགས་ལས་བཏུས།