ཁེ་ན་ཌའི་གྲོས་ཚོགས་སུ་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཇེ་ཆེར་འགྲོ་བའི་ཤུགས་རྐྱེན་སྐོར་ཉན་ཞིབ་ལས་རིམ་འཚོགས་པ།

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

ཁེ་ན་ཌའི་གྲོས་ཚོགས་ཀྱི་ཉན་ཞིབ་ལས་རིམ་ཐོག་ཁེ་ན་ཌ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཤེས་རབ་མཐར་ཕྱིན་ལགས་ཀྱིས་ཁེ་ན་ཌའི་གཞུང་ལ་དྲང་བདེན་མིན་པའི་ཉེས་ཆད་དང་བཀག་ཉར་རྣམས་རྒྱུན་ལྡན་དུ་བརྩི་མི་རུང་ལ། ལྷག་པར་དུ་སྲིད་གཞུང་འདིས་རྒྱ་ནག་དང་འབྲེལ་བའི་ཁྲིམས་སྲོལ་ཇེ་དྲག་ཏུ་བཏང་ནས་དེའི་ནང་མཁོ་འདོན་ལམ་སྲོལ་གསལ་པོར་བཟོ་བ་དང་རང་དབང་ཅན་གྱི་ཞིབ་འཇུག དེ་བཞིན་ཁེ་ན་ཌའི་མི་སེར་རྣམས་བོད་ལྟ་བུའི་ས་ཆར་འགྲོ་འོང་འདྲ་མཉམ་བྱེད་ཐུབ་པ་བཅས་ཚུད་དགོས་པའི་སྐུལ་མ་གནང་འདུག

པར་དབང་། Canada Tibet Committee

དེ་ཡང་ཁ་སང་ཕྱི་ཚེས་ ༢༠ ཉིན་ཁེ་ན་ཌའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་དང་རྒྱལ་སྤྱིའི་ཡར་རྒྱས་ཚོགས་ཆུང་གི་འགྲོ་བ་མིའི་ཐོབ་ཐང་ཚན་པས་གོ་སྒྲིག་འོག་ཡུལ་དེའི་གྲོས་ཚོགས་ཚོགས་ཁང་ཞིག་ནང་ཚོགས་གཙོ་སྐུ་ཞབས་ Faycal El-Khoury ལགས་གཙོ་བཞུགས་ཐོག་ཁེ་ན་ཌའི་ནང་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཇེ་ཆེར་འགྲོ་བཞིན་པའི་ཤུགས་རྐྱེན་སྐོར་ཉན་ཞིབ་ལས་རིམ་ཞིག་འཚོགས་ཡོད་པ་དང་། དེའི་ཐོག་བོད་མིའི་ཕྱོགས་ནས་ཁེ་ན་ཌ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཤེས་རབ་མཐར་ཕྱིན་ལགས་ཕེབས་ཡོད་པ་མ་ཟད། འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ Zumretay Arkin ལགས་དང་ཁེ་ན་ཌ་མངའ་སྡེའི་མཐོབ་སློབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྟེ་གནས་ཁང་གི་ཞིབ་འཇུག་མཐུན་འགྱུར་ལས་བྱེད་པ་སློབ་དཔོན་ MARIA CHEUNG ལགས། གཞན་ཡང་འབྲེལ་ཡོད་གྲོས་ཚོགས་འཐུས་མི་དང་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་སོགས་ནས་མཉམ་ཞུགས་གནང་འདུག

སྐབས་དེར་ཤེས་རབ་མཐར་ཕྱིན་ལགས་ཀྱིས་ཁོང་ནི་ ༢༠༢༤ ལོར་རྒྱ་གཞུང་གིས་སྲིད་དོན་ཉེས་ཆད་བཀའ་བའི་ཁེ་ན་ཌའི་མི་སེར་ ༢༠ གྲས་ཀྱི་གཅིག་ཡིན་པ་དང་ད་ལན་རྒྱལ་མཚམས་བརྒལ་བའི་གཉའ་གནོན་གྱི་གལ་ཆེའི་གནད་དོན་ཐོག་གྲོས་ཚོགས་ཀྱི་ཚོགས་ཆུང་དང་ལྷན་དུ་གླེང་མོལ་བྱ་རྒྱུའི་གོ་སྐབས་འདི་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། ལྷག་པར་རྒྱ་གཞུང་གིས་ལོ་དེར་ཁེ་ན་ཌའི་མི་སེར་ ༢༠ ལ་བཀལ་བའི་ཉེས་ཆད་དེས་ཡུན་རིང་གི་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད་ཅིང་དེ་ནི་མཚོན་དོན་ཙམ་ལས་ལྷག་པའི་གནད་དོན་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུག

པར་དབང་། HoCCommittees

མ་ཟད་རྒྱ་གཞུང་གིས་སྲིད་དོན་ཉེས་ཆད་འོག་ཚུད་པའི་ཁེ་ན་ཌའི་མི་སེར་སྒེར་ཚོས་ཉེས་ཆད་དེ་དག་ནི་ཁོང་ཚོའི་དྲང་བདེན་ལ་བཅངས་པའི་ཆོད་སེམས་གྱི་མཚོན་རྟགས་ཤིག་ཏུ་མཐོང་ཡང་། ཁོང་ཚོར་གནོད་འཚེའི་མཉེན་ཆས་དང་དྲྭ་ཐོག་སོགས་ཀྱི་བརྒྱུད་མགོ་སྐོར་གཏོང་བ་དང་འཇིགས་སྐུལ་སོགས་ཉིན་རེ་བཞིན་ཇེ་ཆེར་འགྲོ་བའི་སུན་གཙེར་དག་ལ་གདོང་ལེན་གནང་དགོས་བྱུང་ཡོད་ཅིང་། འདིས་ཁོང་རྣམས་ཀྱི་ཉིན་རེའི་འཚོ་བར་དཀའ་ངལ་ཆེ་བ་དང་སེམས་ངལ་ཆེ་རུ་བཏང་ཡོད་ལ། དམིགས་བསལ་དྲྭ་རྒྱའི་བདེ་འཇགས་འཕར་མ་དང་དོགས་ཟོན་རྒྱུན་མཐུད་དགོས་ཀྱི་ཡོད་ཅེས་གསུངས་འདུག

དེ་བཞིན་ཤེས་རབ་མཐར་ཕྱིན་ལགས་ཀྱིས་ཉེས་ཆད་དེ་དག་གིས་རྒྱལ་སྤྱིའི་འགྲུལ་བཞུད་ལ་ཡང་རྙོག་འཛིང་བཟོས་ཡོད་པ་མ་ཟད།  ལྷག་པར་དུ་བོད་དང་རྒྱ་ནག་གི་ཤུགས་རྐྱེན་ཐེབས་པའི་ས་ཁུལ་གཞན་དུ་གནས་སྡོད་གནང་བའི་ཁོང་ཚོའི་ནང་མི་ཚོར་ཉེན་ཁ་ཡོད་པའི་སེམས་ཁྲལ་ཆེ་རུ་བཏང་ཡོད་པ་དང་ཁོང་ཚོའི་ངོས་ནས་མུ་མཐུད་བོད་དོན་ཞུ་གཏུགས་གནང་བཞིན་ཡོད་ནའང་འཇིགས་སྣང་འདིས་ཁོང་ཚོའི་རང་དབང་གི་ཚོར་བ་དང་གསལ་པོར་བཤད་པའི་ནུས་པ་ཇེ་ཆུང་དུ་བཏང་ཡོད་ཅེས་མངོན་གསལ་གནང་འདུག

ལྷག་པར་ཁོང་གིས་རྒྱ་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་བྱ་སྤྱོད་དེ་དག་གིས་དམངས་གཙོའི་སྤྱི་ཚོགས་ནང་དུ་འཇིགས་སྐུལ་བྱེད་པའི་རྣམ་པ་ཞིག་མཚོན་གྱི་ཡོད་སྟབས། ཁེ་ན་ཌའི་གཞུང་ངོས་ནས་དྲང་བདེན་མིན་པའི་ཉེས་ཆད་དང་བཀག་ཉར་རྣམས་རྒྱུན་ལྡན་དུ་བརྩི་མི་རུང་ཞིང་། རྒྱ་ནག་དང་འབྲེལ་བའི་ཁྲིམས་སྲོལ་ཇེ་དྲག་ཏུ་གཏོང་དགོས་པར་མ་ཟད། དེའི་ནང་དུ་མཁོ་འདོན་ལམ་སྲོལ་གསལ་པོར་བཟོ་བ་དང་རང་དབང་ལྡན་པའི་ཞིབ་བཤེར། བོད་ལྟ་བུའི་གནས་སུ་ཁེ་ན་ཌའི་མི་སེར་ལ་འགྲིམ་བཞུད་འདྲ་མཉམ་གྱི་ཐོབ་ཐང་བཅས་ཚུད་དགོས་པ་གསུངས་འདུག

པར་དབང་། HoCCommittees

རྩ་བའི་ཁ་སང་གི་ཉན་ཞིབ་ལས་རིམ་དེའི་ཐོག་མཉམ་ཞུགས་བ་སྐུ་ཚབ་གཞན་ཚོས་གསུང་བཤད་གནང་བའི་ཁྲོད། རྒྱ་ནག་ལྟ་བུ་དབང་འཛིན་པའི་རྒྱལ་ཁབ་ཀྱིས་རྒྱུན་དུ་འཚེ་བ་དང་བཙན་ཤེད། འཇིགས་སྐུལ་དང་བཙན་གནོན། ལུས་ཀྱི་དྲག་སྤྱོད་ལ་སོགས་པའི་རྣམ་པ་འདྲ་མིིན་དང་ཐབས་བྱུས་བེད་སྤྱོད་ཀྱིས་སོ་སོའི་རྒྱལ་མཚམས་ལས་བརྒལ་ནས་བསམ་ཚུལ་མི་མཐུན་མཁན་དང་ངོ་རྒོལ་གནང་མཁན་ཚོར་སྟངས་འཛིན་བྱེད་ཀྱི་ཡོད་པ་ཡོངས་གྲགས་ཡིན་ཞིང་། དྲག་གནོན་དེར་གདོང་ལེན་ཆེད་རྒྱལ་སྤྱིའི་མཉམ་ལས་གོང་སྤེལ་གཏོང་དགོས་པ་སོགས་ཀྱི་དགོས་འདུན་ཁག་གཅིག་ཆེད་འདོན་གནང་བ་མ་ཟད། དེའི་བརྒྱུད་ཁེ་ན་ཌའི་ངོས་ནས་ཡུལ་དེར་གནས་སྡོད་གནང་མཁན་མང་ཚོགས་ཀུན་གྱི་ཐོབ་ཐང་དང་རང་དབང་ལ་སྲུང་སྐྱོབ་ཡག་པོ་གནང་ཐུབ་ཀྱི་རེད་ཅེས་གསུངས་ཡོད་འདུག

གཞན་ཡང་ཁ་སང་ཁེ་ན་ཌའི་གྲོས་ཚོགས་ཀྱི་ཉན་ཞིབ་ལས་རིམ་ཐོག་ཡུལ་དེའི་གྲོས་ཚོགས་འཐུས་མི་དང་མཉམ་ཞུགས་བ་སྐུ་ཚབ་རྣམ་པ་བཅས་ལྷན་འཛོམས་ཐོག་དྲི་བ་དྲི་ལན་གྱི་ལས་རིམ་ཞིག་ཀྱང་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།