Tibetan Royal Year of 2151 | Year of the Wood Dragon

ཆབ་སྲིད་བཙོན་ཟུར་བཀྲ་ཤིས་དབང་ཕྱུག་ལགས་སུ་ཉེས་རྡུང་བཏང་བ།

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

བོད་ཀྱི་ཆབ་སྲིད་བཙོན་ཟུར་བཀྲིས་དབང་ཕྱུག་ལགས་ཀྱིས་ཉེ་ལམ་ཡུ་ཤུལ་ཁུལ་དུ་མོ་ཊ་བཀྲུ་སའི་ཚོང་ཁང་ཞིག་དབུ་འབྱེད་དང་འབྲེལ་ཏེ་ས་གནས་དཔོན་རིགས་ལས་དེབ་སྐྱེལ་ཡིག་ཆ་ཞུས་སྐབས་དེ་འབྲེལ་བཀའ་འཁྲོལ་མ་ཐོབ་པའི་བརྙན་ཐུང་ཞིག་སྤྱི་ཚོགས་དྲ་རྒྱར་འདོན་སྤེལ་གནང་སྟབས། རྒྱའི་ཉེན་རྟོག་པས་ཁོང་ཉིན་གསུམ་རིང་དོ་དམ་བཀག་ཉར་གྱིས་ཉེས་རྡུང་དྲག་པོ་བཏང་འདུག

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་གནས་ལྟ་ཞིབ་ཁང་གིས་ཁ་ཉིན་གནས་ཚུལ་སྤེལ་བར་ཉེ་ཆར་ཟླ་ ༡༠ ཚེས་ ༡༧ ཉིན་བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་དང་ཆབ་སྲིད་བཙོན་ཟུར་བཀྲིས་དབང་ཕྱུག་ལགས་ཀྱིས་སྐྱེ་དགུ་མདོའི་ཡུལ་ཤུལ་ཁུལ་དུ་རླངས་འཁོར་བཀྲུ་སའི་ཚོང་ཁང་ཞིག་དབུ་འབྱེད་གནང་བར་ཉེན་རྟོག་པས་ཚོང་ཁང་དེབ་སྐྱེལ་གྱི་ཐོ་འགོད་ལས་དོན་གཉེར་དགོས་སྐོར་བཤད་པར་བརྟེན་ཁོང་ཡུལ་ཤུལ་གཞུང་འབྲེལ་ཐོ་འགོད་ཁང་དུ་ཕྱིན་སྐབས་ཐོ་འགོད་ལས་དོན་མ་གཉེར་བའི་རྐྱེན་གྱིས་ཁོང་གིས་ལས་བྱེད་ཚོའི་བརྙན་པར་བླངས་ཏེ་སྤྱི་ཚོགས་དྲ་ལམ་དུ་སྤེལ་སྟབས་ཡུལ་ཤུལ་གྲོང་ཁྱེར་སྤྱི་བདེ་ཉེན་རྟོག་པས་ཉིན་གསུམ་རིང་བཀག་ཉར་གྱིས་འདྲི་རྩད་དང་བཅར་རྡུང་དྲག་པོ་བཏང་བར་མ་ཟད། ཁོང་གིས་ཆེད་གཉེར་གནང་བའི་རླངས་འཁོར་བཀྲུ་ས་དེ་བཙན་ཐབས་ཀྱིས་སྒོ་བརྒྱབ་ཡོད་པ་བཀོད་འདུག

དེ་བཞིན་རྒྱའི་ཉེན་རྟོག་པས་བཀྲིས་དབང་ཕྱུག་ལགས་ཀྱིས་མོ་ཊ་བཀྲུ་སའི་ཚོང་ཁང་དབུ་འབྱེད་དང་འབྲེལ་ཏེ་ས་གནས་དཔོན་རིགས་ཀྱིས་ཁོང་ལ་ཆོག་མཆན་མ་སྤྲད་པའི་བརྙན་ཐུང་སྤྱི་ཚོགས་དྲ་རྒྱར་འདོན་སྤེལ་གནང་བ་ནི་རྒྱལ་ཁབ་ལ་ནག་ཉེས་ ཆགས་ཀྱི་ཡོད་ཚུལ་བཤད་ཀྱང་བཀྲིས་དབང་ཕྱུག་ལགས་ཀྱིས་དེ་ནི་ཁོང་སྒེར་གྱི་སྨྲ་བརྗོད་རང་དབང་དང་ཐོབ་ཐང་ཡིན་པས་ནག་ཉེས་དེ་ངོས་ལེན་རྩ་བ་ཞུ་ཐབས་མེད་སྐོར་གསུངས་འདུག

བཀྲིས་དབང་ཕྱུག་ལགས་ཀྱི་གནད་དོན་ཙམ་མིན་པར་ཕྱི་ལོ་ ༢༠༠༨ ནས་བཟུང་སྟེ་རྒྱ་ཡི་བཙོན་ཁང་ནས་གློག་བཀྲོལ་ཐོབ་མཁན་བོད་མི་ཆབ་སྲིད་བཙོན་ཟུར་གཙོས་འབྲེལ་ཡོད་ནང་མི་དང་སྡེ་བ་གཅིག་པ་ཚང་མར་འཚོ་ཐབས་ཐོག་ངལ་བ་ཆེན་པོ་འཕྲད་མུས་ཁོངས་ཉེ་ཆར་གློག་བཀྲོལ་ཐོབ་པའི་ཆབ་སྲིད་བཙོན་ཟུར་ཁག་གཅིག་གི་གནས་སྟངས་ལ་མཚོན་ན། ཁོང་རྣམས་ལ་ཆབ་སྲིད་ཀྱི་ཁེ་དབང་མེད་པའི་ཁར་རང་ཉིད་ཀྱི་ས་གནས་ནས་གོང་འོག་རིམ་པར་བསྐྱོད་དགོས་ཚེ་ངེས་པར་དུ་འབྲེལ་ཡོད་ཉེན་རྟོག་ལས་ཁང་ལ་གནས་ཚུལ་ཞིབ་ཕྲ་ཡར་སྤྲོད་དགོས་པར་མ་ཟད། ཆབ་སྲིད་བཙོན་པ་དེ་ཉིད་གཙོས་འབྲེལ་ཡོད་ནང་མི་རྣམས་ནས་ཁྱིམ་ཚང་གི་འཚོ་ཐབས་སླད་ཚོང་ལས་དང་ལས་རིགས་གཞན་གང་ཡང་གཉེར་མི་ཆོག་པ་བཟོས་ཏེ་སྒེར་གྱི་ཐོབ་ཐང་ཡོངས་རྫོགས་བཙན་འཕྲོག་བྱས་པ་དང་ཐ་ན་ཆབ་སྲིད་བཙོན་པ་དེ་ཉིད་འ་ཆད་འུ་ཐུག་གིས་རང་གི་ནང་མི་དང་འབྲེལ་ཐག་བཅད་པའི་གནས་ཚུལ་རིམ་ཁག་འཐོན་བཞིན་པ་ནི་རིག་གནས་གསར་བརྗེ་སྐབས་ཀྱི་བྱེད་སྟངས་དང་གཅིག་མཚུངས་ཡིན་པས་ཧ་ཅང་གནད་འགག་ཆེན་པོ་ཞིག་ཆགས་ཡོད་ཅེས་གསུངས་ཡོད།

རྩ་བའི་སྔ་ལོར་བཀྲིས་དབང་ཕྱུག་ལགས་ལོ་ལྔའི་བཙོན་འཇུག་གནང་རྗེས་གློད་བཀྲོལ་བཏང་ནས་ཟླ་བ་དགུ་ཙམ་ཕྱིན་མཚམས་སུ་ཁོང་གིས་པོད་འཕྲིན་ཐོག་སྒོ་ཕྱེ་སྟེ་མུ་མཐུད་བོད་ཀྱི་སྐད་ཡིག་ཐོབ་ཐང་གི་ལས་འགུལ་སྤེལ་ཡོད་པའི་ཁྲོད། འདི་ལོའི་ཕྱི་ཟླ་ ༤ ནང་རྒྱ་གཞུང་གིས་བཙན་དབང་ཐོག་སྒོ་བརྒྱབ་པའི་མགོ་ལོག་ཁུལ་གྱི་སློབ་གྲྭ་ཁག་ཏུ་བསྐྱོད་དེ་ Weibo འམ་པོད་འཕྲིན་སྟེང་དེ་དག་གི་འདྲ་པར་དང་འགྲེལ་བཤད་ཐུང་ངུ་རེ་སྤེལ་ནས་དེ་ལྟར་བྱེད་དོན་ཅི་ཡིན་ནམ་ཞེས་དྲི་བ་གནང་རྗེས་ཉེན་རྟོག་པས་ཁོང་ལ་སུན་གཙེར་སྣ་ཚོགས་བཟོས་དབང་ཁོང་མགྲོན་ཁང་དྲུག་ཙམ་ནས་ཕྱིར་འབུད་བཏང་བ་དང་། ཁོང་གིས་གནད་དོན་དེའི་སྐོར་གོང་རིམ་ལ་ཞུ་གཏུག་གནང་བཞིན་པའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས་ཁོང་གི་ Weibo དྲ་ཚིག་སྒོ་བརྒྱབ་པའི་གནད་ཚུལ་བྱུང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།