Tibetan Royal Year of 2151 | Year of the Wood Dragon

ཐོས་དོན་སྒྲུབ་ལ་གཞོལ་དགོས་གལ་ཡིན་པ་རེད་ཅེས་གསུངས་སོང་།

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

དེ་རིང་ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་ས་རཱ་བོད་ཀྱི་མཐོ་སློབ་ཏུ་དྷ་ས་རིགས་ལམ་སློབ་གཉེར་ཁང་དབུ་བརྙེས་ཏེ་ལོ་ངོ་ ༥༠ དང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བ་བཅས་དུས་སྟོན་གཉིས་སྲུང་བརྩི་ཞུས་སོང་བ་དང་འབྲེལ། སྐབས་དེར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་སློབ་མ་རྣམས་ནས་མུ་མཐུད་ཐོས་དོན་སྒྲུབ་ལ་གཞོལ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་རེད་ཅེས་གསུངས་སོང་།

དེ་ཡང་དེ་རིང་གི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་འཇམ་མགོན་༸རྒྱལ་བའི་༸རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དམིགས་བསལ་སྐུ་མགྲོན་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་སྤེལ་ཚང་བློ་བཟང་སྦྱིན་པ་མཆོག དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། རིགས་སློབ་མ་ལག་གི་དགེ་ལས་སློབ་ཟུར་སློབ་ཕྲུག་བཅས་མཉམ་ཞུགས་གནང་ཡོད་པ་རེད།

སྐབས་དེར་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་འཚམས་འདྲི་དང་འབྲེལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་བཞིན་དབུ་དགེ་དམ་པ་བློ་བཟང་རྒྱ་མཚོ་མཆོག་གིས་སྐུ་ངལ་ཁྱད་དུ་བསད་དེ་དྷ་ས་རིགས་སློབ་མ་ལག་དང་བཅས་པ་གསར་བཞེངས་རྒྱུན་སྐྱོང་ལེགས་གྲུབ་ཀྱི་བཀའ་དྲིན་དེ་དག་ལ་བརྟེན་ནས་སྤྱི་ཚོགས་ནང་ཕན་ཐོགས་ཆེན་པོ་བྱུང་ཡོད་པར་བཀའ་དྲིན་དྲན་དགོས་གལ་དང་། སློབ་མ་རྣམས་ནས་གྲུབ་དོན་ཤེས་དགོས་པའི་ཐོག་ནས་སློབ་སྦྱོང་ཡག་པོ་བྱ་དགོས་པ་མ་ཟད། ང་ཚོའི་མི་ཚེ་ཆུ་ཟོས་སུ་མ་འགྲོ་བར་དོན་དང་ལྡན་པ་ཞིག་བྱ་དགོས་གལ་སོགས་ཀྱི་བཀའ་སློབ་ལམ་དོན་བཀའ་དྲིན་ཆེ་བ་སྩལ་སོང་།

རིགས་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་མཆོག་གིས། ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་གི་ཉི་མོའི་ཐོག་སྩལ་བའི་བཀའ་ཡིག་སྒྲོག་སྦྱང་དང་འབྲེལ། རིགས་ལམ་སློབ་གཉེར་ཁང་དབུ་བརྙེས་ཚུལ་གྱི་དེ་བྱུང་ལོ་རྒྱུས་ཁག་ཅིག་ངོ་སྤྲོད་དང་། ད་བར་རིགས་ལམ་མམ་མཚན་ཉིད་སློབ་གྲྭ་ནས་སློབ་མ་ ༥༠༠ ལྷག་སློབ་ཐོན་ཟིན་ཏེ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གཟེངས་སུ་ཐོན་པའི་ཕྱག་ལས་གནང་དང་གནང་མུས་ཡིན་མཁན་མི་ཉུང་བ་ཞིག་ཡོད་ཅིང་། དེ་བཞིན་ད་ལྟའི་ཆར་ས་རཱ་བོད་ཀྱི་མཐོ་སློབ་ནས་སློབ་མ་ ༥༠༠༠ ལྷག་སློབ་ཐོན་ཟིན་ཡོད་མ་ཟད། ད་བར་ལས་དོན་དེ་དག་ཚགས་ཚུད་ལེགས་གྲུབ་བྱུང་བར་དགའ་ལྡན་ཕོ་བྲང་དང་། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཆོས་རིག་ལས་ཁུངས། ཕྱི་རྒྱལ་ནང་ཡོད་པའི་སྦྱིན་བདག་སོགས་མཐུན་འགྱུར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞེས་གསུངས་སོང་།

མ་ཟད་དེ་རིང་གི་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག དེ་བཞིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གིས་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་རིགས་སློབ་མ་ལགས་གཉིས་ཀྱི་སྤྱི་ཁྱབ་འགན་འཛིན་ཟུར་པ་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་བཅས་ནས་གསུང་བཤད་གནང་ཡོད།

གཞན་ཡང་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས། ཞིང་གཤེགས་དབུ་དགེ་དམ་པ་རྗེ་བཙུན་བློ་བཟང་རྒྱ་མཚོ་མཆོག་གི་གསུང་འབུམ་དབུ་འབྱེད་དང་། རིགས་ལམ་སློབ་གཉེར་ཁང་གི་བྱས་པ་ཅན་གྱི་སློབ་ཟུར་བཞི་ལ་ཆེ་བསྟོད་འཁོར་ལོ་གསུམ་གྱི་གཟེངས་བསྟོད་སྩལ་ཡོད་པ་མ་ཟད། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་དྷ་ས་རིགས་ལམ་སློབ་གཉེར་ཁང་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་བརྙན་དེབ་སོགས་དཔེ་དེབ་ཁག་ཅིག་དབུ་འབྱེད་གནང་སོང་།  

འབྲེལ་ཡོད་གསར་གནས།

གསར་གནས།