དེ་རིང་ཕྱི་ལོ་ ༢༠༢༦ ཕྱི་ཟླ་ ༥ ཚེས་ ༢༠ ཉིན་ལ་དྭགས་ཁྲིག་སེ་དགོན་པའི་ཤེས་རབ་སྐྱེད་ཚལ་གླིང་༸རྒྱལ་བའི་ཕོ་བྲང་དུ་༸སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་ངག་དབང་འཇམ་དབྱངས་བྱམས་པ་བསྟན་འཛིན་མཆོག་དགུང་གྲངས་ ༨༤ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་གནང་ཡོད་པ་དང་། རིན་པོ་ཆེ་མཆོག་གིས་ཐེངས་འདིའི་དུས་ཚིགས་འདི་དང་བསྟུན་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་༸སྐུའི་ཚ་བོ་བསྟན་འཛིན་སྟག་ལྷ་མཆོག་ལ། ལོ་ངོ་སུམ་ཅུ་ལྷག་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཞབས་ཞུ་ལྷོད་མེད་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས། རྒྱ་ཆེ་ས་ནས་ཧི་མ་ལ་ཡའི་རི་རྒྱུད་བཅས་ལ་ཞབས་ཞུ་གནང་བའི་ངོས་འཛིན་དྲན་རྟེན་དུ་ཆེ་བསྟོད་གཟེངས་རྟགས་ཤིག་འབུལ་བཞེས་གནང་འདུག
དེ་ཡང་དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༢༠ ཉིན་༸སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་སྐུ་ཕྲེང་དགུ་པ་དགུང་ལོ་ ༨༤ ཕེབས་པའི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་སྐུ་མགྲོན་གྱི་གཙོ་བོ་ལ་དྭགས་གཙོ་གཞུང་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ། Ashish Kundra ཆེད་ཕེབས་ཐོག དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སྟག་ལྷ་བསྟན་འཛིན་རྣམ་དག་མཆོག་གི་སྐུ་ཟླ་ཚེ་རིང་སྒྲོལ་དཀར་ལགས་ཀྱིས་སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་གིས་དྲུང་ནས་བསྔགས་བརྗོད་ཕྱག་འཁྱེར་དང་ཆེ་བསྟོད་གཟེངས་རྟགས་དེ་བཞེས་གནང་འདུག
སྤྱིར་སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་གིས་ཆེ་བསྟོད་གཟེངས་རྟགས་དེ་ཉིད་ཐོག་མར་ཕྱི་ལོ་ ༢༠༡༦ ལོ་ནས་དབུ་འཛུགས་མཛད་པ་ཞིག་ཡིན་པ་དང་། གཟེངས་རྟགས་ཐོག་མར་དེ་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་བཞེས་མཛད་ཡོད་པ་རེད། ད་ཆ་སྐུ་ཞབས་བསྟན་འཛིན་སྟག་ལྷ་མཆོག་ནི་གཟེངས་རྟགས་དེ་བཞེས་མཁན་གང་ཟག་གཉིས་པ་དེ་ཡིན་པ་དང་དེའང་ཁོང་གིས་འདས་པའི་མི་ལོ་ ༣༠ ལྷག་ཙམ་གྱི་རིང་༸གོང་ས་མཆོག་དབུས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགསམ་ལ་ཡའི་རི་རྒྱུད་བཅས་ལ་སྲི་ཞུ་རླབས་ཆེན་བསྒྲུབས་པར་ཆེ་བསྟོད་སླད་འབུལ་བཞེས་གནང་བ་ཞིག་རེད་འདུག
གཟེངས་རྟགས་དེའི་སྐོར་འདི་གའི་གསར་འགོད་པས་ཁྲིག་སེ་དགོན་པའི་དགེ་བཤེས་ལྷ་རམས་པ་འཇམ་དབྱངས་བཀྲ་ཤིས་ལགས་སུ་བཀའ་འདྲི་ཞུས་ཡོད།

སྟག་ལྷ་བསྟན་འཛིན་རྣམ་དག་མཆོག་ནི་ཕྱི་ལོ་ ༡༩༦༥ ལོར་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ Calcutta རུ་༸སྐུའི་གཅེན་པོ་ཡབ་བློ་བཟང་བསམ་གཏན་དང་ཡུམ་རྣམ་རྒྱལ་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས་པ་དང་། གཞི་རིམ་སློབ་གྲྭ་བོད་ཁྱིམ་དུ་འགྲིམས་ཏེ་ཕྱི་ལོ་ ༡༩༨༣ ལོར་འཛིན་རིམ་བཅུ་པ་ཐོན་རྗེས་མཐོ་རིམ་སློབ་གཉེར་ Chandigarh དུ་གནང་འདུག དེ་ནས་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ St. Stephens མཐོ་སློབ་ནས་ཕྱི་ལོ་ ༡༩༨༨ ལོར་ཉེ་བའི་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན་དང་། དེའི་རྗེས་བཞུགས་སྒར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྒེར་ཡིག་ཚང་ནང་ལོ་ངོ་གཅིག་རིང་མགོན་པོ་༸གང་ཉིད་མཆོག་གི་ངག་ཐོག་བཅར་འདྲི་རྣམས་ཡིག་ཐོག་དུ་བཀོད་རྒྱུའི་ཞབས་ཞུ་བསྒྲུབས་ཡོད་པ་མ་ཟད། ཡིག་ཚགས་དེ་དག་དེབ་ཕྱིས་སུ་དེབ་གཟུགས་སུ་བཀོད་ཡོད་པ་རེད་འདུག

ཕྱི་ལོ་ ༡༩༨༩ ལོར་ཁོང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སིའི་ Georgetown མཐོ་སློབ་ནང་ Foreign Service འམ་ཕྱི་འབྲེལ་ཞབས་ཞུའི་སློབ་སྦྱོང་གནང་སྟེ། བརྒྱུད་རིམ་དེའི་ཁྲོད་ཁོང་ནས་ ICT རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནང་ཧུར་བརྩོན་དོད་པོའི་ཐོག་མཉམ་ཞུགས་ཀྱིས་མུ་མཐུད་སློབ་སྦྱོང་མ་གནང་བར་བོད་དོན་འཐབ་རྩོད་ཐོག་ཕྱག་ལས་གནང་ཡོད་པ་རེད་འདུག

སྟག་ལྷ་མཆོག་ནི་ཕྱི་ལོ་ ༡༩༩༠ ལོར་ཨ་རིའི་གཞུང་གི་མཐུན་འགྱུར་འོག་རྒྱ་བལ་གཉིས་སུ་ཡོད་པའི་བོད་མི་ ༡༠༠༠ ཨ་རིར་གནས་སྤོས་ཐད་སྐུ་ལས་བསྐྱོན་མཁན་གཙོ་བོ་གྲས་ཤིག་ཡིན་པ་དང་། ཁོང་ནས་བོད་རྒྱལ་ཁབ་དངོས་སུ་མཇལ་རྒྱུའི་འདུན་པ་ཤུགས་ཆེ་ཡོད་པ་བཞིན་ ༡༩༩༣ ལོར་གྲོགས་པོ་གཅིག་དང་ལྷན་དུ་ཡུལ་སྐོར་སྤྲོ་འཆམ་པའི་ངོ་བོའི་ཐོག་བོད་ལ་བསྐྱོད་དེ་བདུན་ཕྲག་དྲུག་ལྷག་རིང་༸རྒྱལ་བའི་ཕོ་བྲང་པོ་ཏཱ་ལ་གཙོས་པའི་སྐུ་འབུམ་སོགས་ཆོས་རིག་གི་ལྟེ་གནས་གལ་ཆེན་ཁག་གཅིག་ལ་གནས་གཟིགས་གནང་བ་མ་ཟད། ཁུལ་དེའི་མི་དམངས་དཀུས་མ་དང་ཐུག་འཕྲད་ཀྱིས་རྒྱ་གཞུང་གི་དམ་དྲག་ཡོད་པ་ལ་ལྟོས་མེད་དངོས་ཡོད་གནས་ཚུལ་རྒྱུས་ལོན་གྱིས་སླར་རྒྱ་གར་དུ་ཕྱིར་ལོག་གནང་ཡོད་པ་རེད་འདུག

ཕྱི་ལོ་ ༡༩༩༥ ལོར་ལྟག་ལྷ་མཆོག་ནས་ལྕམ་ཚེ་རིང་སྒྲོལ་དཀར་ལྷན་དུ་འཁྲུངས་ས་བསྐྱོན་པ་དང་། རིམ་པས་ཁོང་གཉིས་ལ་བསྟན་འཛིན་དགྲ་འདུལ་དང་བསྟན་འཛིན་ཆོས་དབང་བཅས་སྲས་གཉིས་འཁྲུངས་ཡོད་པ་མ་ཟད། ཁོང་གི་སྲས་རྒན་པ་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྨི་ལམ་དུ་ཁོང་གི་ཡབ་བློ་བཟང་བསམ་གཏན་མཆོག་གི་ཡང་སྲིད་ཡིན་པ་བཀའ་སྩལ་ཡོད་པ་དང་འབྲེལ། ལོ་དེ་རང་ཁོང་ལ་དགའ་ལྡན་ཕོ་བྲང་གི་བདེ་སྲུང་འགན་འཛིན་གྱི་མཛད་ཁུར་བཞེས་དགོས་པའི་ཇི་ལྟར་བཀོད་མངགས་གནང་བ་བཞིན། ཨ་རིར་འགྲོ་ལུགས་ལྟར་བདེ་སྲུང་གི་སློབ་སྦྱོང་གནང་ཡོད་པ་དང་། ཕྱི་ལོ་ ༡༩༩༦ ལོར་དངོས་སུ་དགའ་ལྡན་ཕོ་བྲང་གི་བདེ་སྲུང་འགན་འཛིན་གྱི་མཛད་ཁུར་བཞེས་ཡོད་པ་རེད། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༧ ཉིན་སྟག་ལྷ་བསྟན་འཛིན་རྣམ་དག་མཆོག་༸དགའ་ལྡན་ཕོ་བྲང་གི་དྲུང་ཆེར་བསྐོ་བཞག་གིས་ལྷན་དུ་བདེ་སྲུང་འགན་འཛིན་གྱི་ཕྱག་ལས་ཀྱང་མུ་མཐུད་ད་བར་གནང་དང་གནས་མུས་ཡིན་པ་རེད།





