དེ་རིང་ནས་འགོ་འཛུགས་ཀྱིས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་༸གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་ནང་དུ། ༸གོང་ས་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་དང་། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་གཉིས་ཀྱི་གོ་སྒྲིག་འོག བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ནུས་སྟོབས་གོང་འཕེལ་གཏོང་བའི་ཐད་ཚོགས་ཆེན་འཚོག་བཞིན་འདུག
དེ་ཡང་ཉིན་གྲངས་གཉིས་རིང་གི་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་ཐོག སྐུ་མགྲོན་དུ་གཙོ་བོ་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་གིས་དབུས་པའི་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཚོགས་བཅར་བའི་ཁོངས་དགེ་བཤེས་མ་དང་། མཁན་མོ། བཙུན་མ་སོགས་ཁྱོན་མི་གྲངས་བརྒྱ་སྐོར་ཙམ་ལྷན་འཛོམས་གནང་འདུག སྐབས་དེར་༸སྐྱབས་རྗེ་ཀུན་བདེ་གླིང་རིན་པོ་ཆེ་མཆོག་གིས། བརྗོད་གཞི་དེའི་ཐད་ཚོགས་ཆེན་དེ་ལྟར་སྐོང་འཚོགས་གནང་ཐུབ་པར་ཡིད་རངས་བསྔགས་བརྗོད་དང་འབྲེལ། ༸གོང་ས་མཆོག་གིས་འཛམ་གླིང་དེའི་ནང་བུད་མེད་རྣམ་པ་ཚོས་ནུས་པ་གོང་དུ་སྟོན་དགོས་གལ་ཡིན་པ་དང་། བུད་མེད་ཀྱི་ནུས་པ་སྐྱེད་སྲིང་ཐུབ་པ་ཡིན་ན་དེ་ལ་བརྟེན་ནས་འཛམ་གླིང་ནང་འཆམ་མཐུན་ཡོང་བའི་ཐད་ཡང་ནས་ཡང་དུ་བཀའ་སློབ་ལམ་སྟོན་ཕེབས་ཀྱི་ཡོད་པ་གསལ་སྟོན་གནང་ཐོག བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ནུས་སྟོབས་གོང་སྤེལ་ཐད་དམིགས་བསལ་ནུས་པ་ཡོད་པ་དེ་བཙུན་མ་རྣམ་པ་དང་། དེའི་ནང་ནས་གཞུང་ཆེན་པོར་གཟིགས་མཁན་བཙུན་མ་རྣམས་ཡིན་པ་གསུངས་སོང་།
དེ་བཞིན་དབུ་འབྱེད་མཛད་སྒོའི་ཁྲོད་ཏཱ་ལའི་བླ་མའི་དགེ་རྩའི་དྲུང་ཆེ་འཇམ་དཔལ་ལྷུན་གྲུབ་ལགས་ཀྱིས་ཕེབས་བསུ་དང་སྦྲགས་བགྲོ་གླེང་གི་ངོ་སྤྲོད་གནང་བའི་ནང་། ཐེངས་འདིའི་ཚོགས་ཆེན་དེ་བཞིན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་གྱི་བྱམས་བརྩེ་ལོའི་སྲུང་བརྩིའི་ཆ་ཤས་སུ་བརྩི་ཆོག་པ་གསུངས་ཏེ། དེ་ཡང་མགོན་པོ་༸གང་ཉིད་མཆོག་གིས་སྤྱིར་འཛམ་བུ་གླིང་དེ་སྟེང་གི་བུད་མེད་རྣམས་ལ་བྱམས་བརྩེའི་ནུས་པ་ཤུགས་ཆེ་བ་དང་། བྱམས་བརྩའི་ནུས་སྟོབས་འདིས་འཛམ་གླིང་སྟེང་ཞི་བདེ་ཡོང་བར་ཏན་ཏན་ནུས་པ་འདོན་ཐུབ་པ་ཞིག་ཡིན་སྐོར་བཀའ་སློབ་ཡང་ཡང་གནང་བཞིན་པ་དང་། ༸གང་ཉིད་མཆོག་གིས་བུད་མེད་ནུས་སྟོབས་གོང་སྤེལ་ཐད་མཛད་འཕྲིན་མང་དག་བསྐྱངས་གནང་མཛད་ཡོད་པར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་གལ་ཆེན་གཟིགས་ནས་གོ་སྒྲིག་གནང་བ་ཞིག་ཡིན་སྐོར་སོགས་འགྲེལ་བརྗོད་གནང་སོང་།

རྩ་བའི་ཐེངས་འདིའི་ཉིན་གྲངས་གཉིས་ཀྱི་ཚོགས་ཆེན་ཐོག དགེ་བཤེས་མའི་ཕྱག་འཁྱེར་འབུལ་སྲོལ་གྱི་བྱུང་རིམ་གླེང་བ་ཞེས་དང་། ཤེས་ཡོན་གྱི་གནས་ཚད་དང་བསླབ་གཞིའི་རྩ་འཛིན་ཡར་རྒྱས་གཏོང་ཐབས། སྒྲིག་འཛུགས་ཀྱི་རྒྱབ་སྐྱོར་དང་ངོས་འཛིན། སྤྱི་ཚོགས་དང་དགོན་སྡེའི་ནང་དུ་དགེ་བཤེས་མའི་འགོ་ཁྲིད། མ་འོངས་པའི་འཆར་སྣང་། རྒྱལ་སྤྱིའི་ནང་ངོས་འཛིན་དང་མཉམ་ལས་སོགས་ཀྱི་བརྗོད་གཞིའི་ཐད་བགྲོ་གླེང་གནང་འཆར་ཡོད་འདུག་ཅིང་། ད་ཐེངས་ཀྱི་ཚོགས་ཆེན་དེར་བོད་ཀྱི་བུད་མེད་ལྷན་ཚོགས་དང་། བཙུན་མའི་ལས་འཆར་ཚོགས་པ་གཉིས་ཀྱི་རྒྱབ་སྐྱོར་གནང་ཡོད་པ་རེད་འདུག
གཤམ་ལ་དབུ་འབྱེད་མཛད་སྒོ་གྲུབ་མཚམས་འདི་གའི་གསར་འགོད་པས་གོ་སྒྲིག་ཚོགས་ཆུང་དང་། ཚོགས་བཅར་བ་ཁག་གཅིག་ལ་ཚོགས་ཆེན་དེ་འབྲེལ་བཅར་འདྲི་ཞུས་ཡོད།




