Tibetan Royal Year of 2151 | Year of the Wood Dragon

བོད་ནང་གི་ཛ་དྲག་གནས་སྟངས་ཐོག་སྤྱི་མོས་ཀྱིས་གྲོས་ཆོད་གཏན་འབེབས།

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

དེ་རིང་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་གཉིས་པའི་ཉིན་འཁྱོངས་རིང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་སྤྱི་འཐུས་སུམ་ཅུ་ཙམ་གྱིས་ཆ་ཤས་བཞེས་ཏེ་བགྲོ་གླེང་ལྷུག་པོ་གནང་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་སྤྱི་མོས་ཀྱིས་གྲོས་ཆོད་གཏན་འབེབས་གནང་སོང་།

གྲོས་ཆོད་ནང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞིབ་རྒྱས་ངོ་སྤྲོད་དང་སྦྲགས།བོད་ཀྱི་རྩ་དོན་ཆེད་དུ་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་མཁན་རྣམས་ལ་རྗེས་དྲན་དང་རྒྱ་གཞུང་གི་གདུག་རྩུབ་འོག་མནར་གཅོད་མྱོང་བཞིན་པའི་བོད་མི་དང་དེ་དག་གི་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་། གཞིས་བཞུགས་བོད་མི་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས་པ་དང་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གཙོས་བོད་མི་ཆབ་སྲིད་བཙོན་པ་ཡོངས་རྫོགས་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་དགོས་པ། དེ་བཞིན་བོད་ནི་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པ་དང་། ད་ལྟའི་ཆར་བོད་རྒྱའི་དཀའ་རྙོག་སེལ་བའི་ལྡེ་མིག་ལྟ་བུ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡིན་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མགོན་པོ་༸གང་ཉིད་མཆོག་གི་དགོངས་གཞི་ལྟར་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱ་གྲོས་མོལ་གནང་བར་གྲ་སྒྲིག་ཡོད་ཀྱང་། ༸གོང་ས་མཆོག་༸སྐུ་འཚོ་ཞིང་གཞེས་པའི་སྐབས་འདིར་གཡས་ཁག་གཡོན་དཀྲིས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་བར་ཐག་གཅོད་མ་བྱས་ཚེ་མ་འོངས་པར་ཛ་དྲག་གནས་ཚུལ་གང་བྱུང་ཡང་དེའི་འགན་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཡོད་པ་སོགས་དོན་ཚན་དྲུག་ཅན་ཆེད་བཀོད་གནང་འདུག  

དེ་རིང་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་བའི་ཁྲོད། སྤྱི་འཐུས་གཅིག་གིས་སྐུ་ལུས་ཞུགས་འབུལ་གནང་མཁན་གཙོས་བོད་མི་བློས་བཏང་བ་རྣམས་ཀྱི་ཆེད་སེམས་ལ་རྗེས་དྲན་ཚད་ལྡན་ཞུ་ཕྱིར་ལོ་རེར་གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོ་ཞིག་གཏན་འབེབས་གནང་དགོས་གལ་དུ་གཟིགས་ཀྱི་ཡོད་པར་གསུངས་སོང་།

དེ་བཞིན་བགྲོ་གླེང་ཁྲོད་གཞིས་ལུས་བོད་མི་རྣམས་ཀྱི་མངོན་འདོད་དང་ཞལ་ཆེམས་རྣམས་ལ་བརྩི་སྲུང་ཞུ་དགོས་པ་དང་འབྲེལ། དབུ་མ་དང་རང་བཙན་གྱི་བཞེངས་ཕྱོགས་ཐོག་ནས་བགྲོ་གླེང་གནང་མཁན་ཁག་གཅིག་བྱུང་སོང་ལ། སྤྱི་འཐུས་གཞན་ཞིག་གིས་སྲིད་སྐྱོང་མཆོག་ལ་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་འབྲེལ་ནས་གྲོས་མོལ་སོགས་ཡོང་བར་རྒྱ་ནག་ལ་ཐུགས་རེ་ཡོད་མེད་ཀྱི་བཀའ་འདྲི་ཞུས་པར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གཞུང་གི་བྱེད་སྟངས་ལ་ལྟོས་མེད་བཀའ་ཤག་གི་ངོས་ནས་དབུ་མའི་ལམ་གྱི་ཐོག་ནས་ཐབས་ཤེས་གང་ཡོད་ཚང་མ་སྤྱད་ནས་ཕྱག་ལས་གནང་བཞིན་ཡོད་པ་གསུངས་ཡོད།

དེ་བཞིན་སྤྱི་འཐུས་གཅིག་གིས་བོད་ནང་གི་བཅའ་སྡོད་སློབ་གྲྭའི་སྐོར་ལ་ཐུགས་འཚབ་ཀྱི་རྣམ་པ་བསྟན་པ་དང་སྦྲགས། དེ་འབྲེལ་བཀའ་མོལ་གནང་མཁན་བྱུང་སོང་བར་མ་ཟད། ལྷག་པར་དུ་དེ་རིང་སྲིད་སྐྱོང་མཆོག་གིས་རྒྱ་གཞུང་གིས་བོད་ནང་བོད་ཀྱི་རིག་གཞུང་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་སྤེལ་བཞིན་པ་དང་རྒྱ་གཞུང་གི་དམ་བསྒྲགས་ཤུགས་ཆེའི་ཁྲོད་བོད་མི་རྣམས་དལ་པོའི་ཐོག་ནས་འཆི་བཅུག་པའི་གནས་སྟངས་ཆགས་ཡོད་སྐོར་གསུངས་སོང་།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་དེ་སྔ་རང་ཉིད་གཞན་ཕན་ལྡན་པའི་འགོ་ཁྲིད་ཅིག་ཆགས་འདོད་ཡོད་སྐོར་བཤད་པ་ལུང་དྲན་དང་འབྲེལ། གལ་ཏེ་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཡོང་བ་འདོད་ཚེ་ད་ལྟ་གོ་སྐབས་ཆ་ཚང་ཡོད་པ་རེད་ཅེས་གསུངས་པར་མ་ཟད། དེ་རིང་གི་གྲོས་ཚོགས་ཐོག་ནས་རྒྱ་ནག་ལ་བོད་རྒྱ་འབྲེལ་མོལ་ཐད་ལྷག་བསམ་རྣམ་དག་དང་ཆོད་སེམས་བརྟན་པོ་ཡོད་པ་མ་གཏོགས་མགོ་སྐོར་བྱས་ན་འགྲིག་ཐབས་མེད་པའི་བརྡ་ལན་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།