Tibetan Royal Year of 2151 | Year of the Wood Dragon

བོད་པའི་གཞས་མ་ཞིག་གིས་བོད་ནང་གི་བཅའ་སྡོད་སློབ་གྲྭའི་སྐོར་འཁྱོག་བཤད་བྱས་པར་ཆེས་སེམས་འཚབ།

Tibetan News Headlines

  • འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་བུ་ཕྲུག་ཐོག་མཉམ་བསྡུས་ཀྱི་ཉེས་ཆད་འགེལ་བཞིན་པ་མངོན་གསལ།
  • སྨར་ཁམས་རྫོང་ནང་རྒྱ་མི་དང་བོད་མི་དབར་འཁྲུག་རྩོད་ཤོར་ནས་བོད་མི་བཞི་འཛིན་བཟུང་བྱས་འདུག
  • འཇར་མ་ནིའི་སྲིད་བློན་མཆོག་གིས་རྒྱ་གཞུང་ལ་དྲང་བདེན་གྱི་ཚོང་ལས་གཉེར་དགོས་ཞེས་ཉེན་བརྡ་བཏང་འདུག
  • བལ་ཡུལ་ལྷ་མོ་ཚོགས་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་འཁྲབ་སྟོན་པ།

Tuesday 16/04/2024

  • China using ‘collective punishment’ against activists’ families: Rights group
  • 4 arrested over protest against seizure of pastureland in Tibet
  • Germany’s Scholz calls for fair competition, warns against dumping during China visit
  • Nepal Tibetan Lhamo Association and its Himalayan artists: Feature

ཉེ་ལམ་སུད་སིར་གནས་སྡོད་བོད་པའི་གཞས་མ་བདེ་ཆེན་ཤག་བདག་སྲས་ལགས་ཀྱིས་ཇི་ནི་ཝར་འཚོགས་པའི་རྒྱ་གཞུང་གི་བགྲོ་གླེང་ཞིག་གི་ཐོག རྒྱ་ནག་གིས་བོད་ནང་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭ་ཁག་ཏུ་བོད་ཡིག་ཚད་ལྡན་སློབ་ཁྲིད་བྱེད་བཞིན་ཡོད་པའི་སྐོར་འཁྱོགས་བཤད་བྱས་པའི་གནས་ཚུལ་ཐོན་པ་ལྟར། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་གནད་དོན་དེའི་ཐོག་ཚོར་བ་རྣོན་པོས་གླེང་སློང་བྱུང་བ་མ་ཟད། སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་མི་རྣམས་ཀྱིས་ཁོང་གིས་འཁྱོག་བཤད་དེ་རྒྱ་གཞུང་གི་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱེད་བཞིན་པའི་ཐད་ཆེས་སེམས་འཚབ་ཀྱི་རྣམ་པ་གསལ་འདོན་གནང་བཞིན་འདུག

དེ་ཡང་ཟླ་བ་འདིའི་ཚེས་ ༡༨ རེས་གཟའ་ཟླ་བའི་ཉིན་སུད་སའི་ཇི་ནི་ཝར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཟེར་བ་ཞིག་གིས་བོད་པའི་གཞས་མ་བདེ་ཆེན་ཤག་ལགས་གདན་ཞུས་ཀྱིས་རྒྱ་གཞུང་གིས་བོད་ནང་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭ་ཁག་གི་ལས་གཞི་སྐོར་དང་འབྲེལ་ནས་གླེང་སྟེགས་ཤིག་གོ་སྒྲིག་བྱས་ཡོད་པ་དང་། དེའི་ཐོག་གཞས་མ་བདེ་ཆེན་ཤག་ལགས་ཀྱིས་བཅའ་སྡོད་སློབ་གྲྭའི་ལས་གཞི་དེ་ལམ་ལྷོངས་དང་དོན་འཁྱོངས་ཡོང་བའི་རེ་སྨོན་དང་། དེ་སྔོན་ཁོང་བོད་ཀྱི་རྒྱལ་ས་ལྷ་སར་ཐེངས་དང་པོ་རིག་གཞུང་འཁྲབ་སྟོན་ཆེད་བསྐྱོད་སྐབས་ཚང་མས་ས་གནས་གང་སར་བོད་སྐད་བསྐྱོན་གྱི་ཡོད་པས་དགའ་ཚོར་བྱུང་ཡོད་ལུགས་བཤད་ཡོད་པ་མ་ཟད། ཁ་སང་ཕྱི་དྲོ་རྒྱ་གཞུང་གི་གཉེར་བའི་ China Daily ཞེས་རྒྱ་ནག་གི་ཉིན་རེའི་གསར་ཤོག་གི་ཡོ་རོབ་ཁུལ་གྱི་འགན་འཛིན་ Chen Weihua ཟེར་བ་ཞིག་གིས་སྤྱི་ཚོགས་དྲ་ལམ་དུ། གཞས་མ་བདེ་ཆེན་ཤག་ལགས་ཀྱིས་སུད་སི་ཇི་ནི་ཝའི་ལྷན་ཚོགས་ཐོག་བཅའ་སྡོད་སློབ་གྲྭ་དང་འབྲེལ་བའི་གཏམ་བཤད་གནང་བ་ཁག་ལུང་འདྲེན་གྱིས་བོད་ནང་གི་དངོས་ཡོད་གནས་སྟངས་ལ་འཁྱོག་བཤད་དྲིལ་བསྒྲགས་བྱས་འདུག

གནད་དོན་དེའི་ཐད་ཁ་སང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བཞི་པའི་ཐོག་སུད་སི་སྐུ་ཚབ་དོན་གཅོད་ཀྱི་རྒྱུན་གྲོན་དང་འབྲེལ་ནས་ཚོར་བ་རྣོན་པོས་གླེང་སློང་གནང་ཡོད་པ་དང་། སྐབས་དེར་སྤྱི་འཐུས་ཁག་གཅིག་གིས་སུད་སི་ནང་གནས་སྡོད་བོད་པའི་གཞས་མ་ཁོང་གིས་རྒྱ་གཞུང་ནས་གོ་སྒྲིག་ཞུས་པའི་བགྲོ་གླེང་ཞིག་གི་ཐོག་བོད་ནང་གི་བཅའ་སྡོད་སློབ་གྲྭ་ཁག་ཏུ་བོད་ཡིག་ཚད་ལྡན་སློབ་ཁྲིད་བྱེད་བཞིན་པའི་ཕན་ནུས་སོགས་ཀྱི་སྐོར་བཤད་པའི་སྐད་ཆ་དེ་རྒྱ་གཞུང་གིས་དྲིལ་བསྒྲགས་བྱས་ཏེ་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱས་ཡོད་པ་ལུང་འདྲེན་གནང་སྟེ་སྐུ་ཚབ་དོན་གཅོད་ཁང་ཁག་གིས་གཙོས་བོད་མི་རྣམས་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་ལག་ཆ་དང་གཡོ་བྱུས་འོག་མི་ཚུད་པར་ཡིད་གཟབ་དགོས་པའི་འབོད་སྐུལ་གནང་སོང་།

སྐབས་དེར་ཡོ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་གཞས་མ་བདེ་ཆེན་ཤག་ལགས་ཀྱིས་བཤད་པའི་སྐད་ཆ་དག་རྒྱ་ནག་གཞུང་འབྲེལ་གསར་ཁང་གིས་དྲིལ་བསྒྲགས་ཤུགས་ཆེ་བྱ་ཡུལ་དུ་གྱུར་ཡོད་ཀྱང་བོད་མི་ཚོས་ཁོང་གིས་དེ་ལྟར་གནང་དོན་གྱི་དགོངས་པ་ཇི་ཡིན་གྱི་གསལ་བཤད་ལ་སྒུག་ནས་གནད་དོན་འདི་གཙང་སེལ་དགོས་སྐོར་གསུངས་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་དེར་བཀའ་ལན་གནང་སྐབས་གཞས་མ་ཁོང་གིས་གསུངས་པའི་བཀའ་མོལ་དེ་སེམས་འཚབ་སྐྱེས་གཞིར་གྱུར་ཡོད་ཀྱང་དོ་བདག་ལ་གསལ་བཤད་གནང་རྒྱུའི་གོ་སྐབས་ཤིག་ཕུལ་བའི་རྗེས་དེ་ལ་གཞིགས་པའི་ལན་འདེབས་དང་ལངས་ཕྱོགས་ཤིག་འཛིན་རྒྱུ་ཡིན་པ་དང་གང་ལྟར་གཞས་མ་ཁོང་གིས་གསུངས་པའི་བཀའ་མོལ་དེ་ཏག་ཏག་གཅིག་མ་རེད་ཅེས་གསལ་བཤད་གནང་སོང་།

འོན་ཀྱང་ཁ་སང་སྤྱི་འཐུས་གྲོས་ཚོགས་དང་སྤྱི་ཚོགས་དྲ་ལམ་ཁག་ཏུ་གཞས་མ་བདེ་ཆེན་ཤག་ལགས་ཀྱི་གནད་དོན་གླེང་སློང་ཤུགས་ཆེ་བྱུང་རྗེས་ཁོང་གིས་ཕྱི་དྲོ་སྤྱི་ཚོགས་དྲ་ལམ་དུ་དེ་འབྲེལ་གསལ་བཤད་ཀྱི་བརྙན་ཐུང་ཞིག་འདོན་སྤེལ་གནང་བའི་ནང་། ཁོང་རྒྱ་ནག་གིས་གོ་སྒྲིག་ཞུས་པའི་ལས་རིམ་དེའི་ཐོག་ཕེབས་པ་ངོས་ལེན་ཞུས་པ་དང་། བོད་ནང་གི་བཅའ་སྡོད་སློབ་གྲྭ་དང་འབྲེལ་བའི་ཁོང་གི་ཞིབ་འཇུག་ནང་བོད་ནང་བོད་ཡིག་ཚད་ལྡན་སློབ་ཁྲིད་དང་བོད་པའི་སློབ་མ་རྣམས་ཀྱིས་བོད་སྐད་ཚད་ལྡན་སྤྱོད་བཞིན་པ་སོགས་བསྐྱར་ནན་གནང་བ་དང་འབྲེལ། བོད་མི་རྣམས་ནས་དེར་དགག་པ་གནང་རྒྱུ་མེད་པ་དང་། ཁོང་གིས་ད་བར་འཛམ་གླིང་ཡུལ་གྲུ་གང་སར་སྔགས་གླུ་བཏང་བའི་བརྒྱུད་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་དབར་འབྲེལ་ལམ་གྱི་ཟམ་པ་ཞིག་བསྐྲུན་པའི་རེ་བ་གནང་གི་ཡོད་བཅས་གསུངས་ཏེ་འབྲེལ་ཡོད་གནས་ཚུལ་གྱི་ནང་དོན་ཇི་ཡོད་སུད་སི་སྐུ་ཚབ་དོན་གཅོད་ལ་སྙན་སེང་ཞུ་འཆར་ཡོད་པ་གསུངས་འདུག

འདི་ག་རླུང་འཕྲིན་ཁང་ནས་སུད་སི་དོན་གཅོད་འཕྲིན་ལས་ཆོས་སྒྲོན་ལགས་སུ་འབྲེལ་བ་ཞུས་པར་ཁོང་གིས་ད་ལྟའི་འཆར་བདེ་ཆེན་ལགས་ཀྱིས་དེའི་ཐོག་འབྲེལ་བ་གནང་མེད་པ་གསུངས་སོང་།

གང་ལྟར་ཁོ་མོས་གསལ་བཤད་གནང་ཡོད་མེད་ལ་མ་ལྟོས་པར་སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་མི་རྣམས་ཀྱིས་ཁོང་ལ་སྐྱོན་བརྗོད་གནང་མཁན་མང་དག་ཅིག་བྱུང་བཞིན་པ་མ་ཟད། ཁག་གཅིག་གིས་ཁོང་ནས་བོད་ནང་གི་ད་ཡོད་ཛ་དྲག་གནས་སྟངས་ཁག་ལ་ངོས་ལེན་མི་བྱེད་པ་ཡིན་ན་བོད་གཞིས་བྱེས་གཉིས་དབར་ཟམ་པ་ཞིག་ཇི་ལྟར་སྐྲུན་ཐུབ་བམ་ཞེས་དང་། ཁོང་གིས་བཤད་པ་དེ་བདེན་པ་ཡིན་ན་བོད་ནང་བོད་མི་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེར་བསྲེགས་བཏང་དགོས་དོན་སྐོར་དྲི་བ་བཏང་འདུག་ལ། ཁག་གཅིག་གིས་རྒྱ་ནག་གཞུང་གིས་ཁོང་ལྟ་བུ་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་བོད་ལ་ཆེད་འབོད་ཀྱིས་ལམ་ནས་བོད་དོན་འཁྱོག་བཤད་བྱེད་བཅུག་གི་ཡོད་པའི་ལས་དོན་རིགས་ལ་ཡིད་གཟབ་དགོས་པའི་འགྲེལ་བརྗོད་གནང་མཁན་འདུག

སྤྱིར་བོད་ནང་གི་བཅའ་སྡོད་སློབ་གྲྭ་དང་འབྲེལ། འདས་པའི་ལོ་ཤས་རིང་བོད་ནང་གི་བཅའ་སྡོད་སློབ་གྲྭར་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་མཐོང་ཐོས་མྱོང་གསུམ་ཡོད་མཁན་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་བོད་ནང་དུ་རྒྱ་གཞུང་གིས་དབང་བསྒྱུར་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭ་ཕོན་ཆེན་ཆེད་འཛུགས་བརྒྱུད་བོད་ཕྲུག་ས་ཡ་གཅིག་ལྷག་རང་ཉིད་ཀྱི་ཕ་མ་དང་ཁ་བྲལ་བཏང་ནས་བཙན་ཤེད་ཐོག་སློབ་འཇུག་བྱེད་བཅུག་གི་ཡོད་པ་མ་ཟད།  ལྷག་པར་བོད་ཕྲུག་རྣམས་སོ་སོའི་སྐད་ཡིག་དང་རིག་གཞུང་ཐོག་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་མེད་པའི་ཛ་དྲག་གནས་སྟངས་ཆགས་ཡོད་སྐོར་སྙན་སེང་ཞུས་པ་དང་སྦྲགས། བཅའ་སྡོད་སློབ་གྲྭ་སོགས་ཀྱི་ལས་གཞི་ཁག་འཕྲལ་མར་མཚམས་འཇོག་ཡོང་ཐབས་སུ་རྒྱ་ནག་གཞུང་ལ་གནོན་ཤུགས་ཆེས་ཆེར་སྤྲོད་དགོས་པའི་ཞུ་སྐུལ་རིམ་པ་གནང་ཡོད་པ་ལྟར། རྒྱལ་སྤྱིའི་སྤྱི་ཚོགས་སུ་བཅའ་སྡོད་སློབ་གྲྭའི་སྐོར་གླེང་སློང་ཤུགས་ཆེ་གནང་གི་ཡོད་པ་དང་དེ་བཞིན་དེའི་སྐོར་ཁེ་ན་ཌ་དང་ཨ་རིའི་གྲོས་ཚོགས་གཉིས་སུ་ཉན་ཞིབ་ཀྱི་ལས་རིམ་ཁག་གཅིག་འཚོགས་ཡོད་པ་མ་ཟད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་ཚོགས་ཆུང་གི་ལས་རིམ་སོ་སོར་འཇར་མ་ནི་གཙོས་ཨ་རི་དང་དབྱིན་ཡུལ་སོགས་རྒྱལ་སྤྱིའི་རྒྱལ་ཁབ་བཅུ་གཅིག་གི་གཞུང་ཚབ་པ་ཚོས་རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་བཅའ་སྡོད་སློབ་གྲྭའི་གནས་སྟངས་ལ་ཐུགས་འཚབ་ཡོད་པའི་བཀའ་མོལ་དང་། རྒྱ་གཞུང་གི་སྐུ་ཚབ་ལ་འདྲི་རྩད་ནན་པོ་གནང་བའི་གནས་སྟངས་བྱུང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།