Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༧ པ་སྲུང་བརྩི།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་བོད་ཀྱི་འགྲེམས་སྟོན་ཁང་ནས་དེ་རིང་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༧ པ་སྲུང་བརྩི་ཞུས་སོང་།

Tibet Museum Day 2024

དེ་ཡང་དེ་རིང་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནས་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༧ པ་སྔ་སྣུར་སྲུང་བརྩི་ཞུས་པ་དང་འབྲེལ། འགྲེམས་སྟོན་ཁང་གིས་གསར་དུ་དཔར་སྐྲུན་ཞུས་པའི་ཤེས་ཡོན་ཡོ་ཆས་གསར་པ་དབུ་འབྱེད་དང་། རྡ་སར་གནས་སྡོད་བོད་རིགས་སྒྱུ་རྩལ་བ་ཁག་གཅིག་ནས་དངོས་རིགས་འགྲེམས་སྟོན་གནང་བ། དེ་བཞིན་འདི་ལོའི་རྒྱལ་སྤྱིའི་འགྲེམས་སྟོན་གྱི་བརྗོད་གཞི་དང་འབྲེལ་བའི་གཏམ་བཤད་བཅས་གནང་སྟེ་ཉིན་མོ་དེ་ཉིད་སྲུང་བརྩི་ཞུས་སོང་ལ། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་དང་། ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་བསྟན་འཛིན་ལྷ་སྒྲོན་ལགས་དང་སྒྱུ་རྩལ་བ། དེ་བཞིན་བོད་པའི་སློབ་གྲྭ་ཁག་གི་དགེ་སློབ་བཅས་གདན་ཞུས་གནང་འདུག

སྐབས་དེར་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པའི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས། དེ་རིང་གི་ཉིན་མོ་དང་འབྲེལ་བའི་གསུང་བཤད་གནང་བའི་ནང་དུ་རྒྱལ་སྤྱིའི་འགྲེམས་སྟོན་གྱི་ཉིན་མོ་དེ་བཞིན་རྒྱལ་སྤྱིའི་འགྲེམས་སྟོན་མཐུད་ཚོགས་ནས་ཐོག་མར་ཕྱི་ལོ་ ༡༩༧༧ ལོར་སྲུང་བརྩི་གནང་འགོ་བཙུགས་ཏེ་འདི་ལོ་ཐེངས་ ༤༧ པ་ཆགས་ཀྱི་ཡོད་པ་དང་། དེའི་ཁྲོད་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དེ་བཞིན་ཕྱི་ལོ་ ༡༩༩༨ ལོར་གསར་འཛུགས་གནང་རྗེས་རྒྱ་གཞུང་གིས་ ༡༩༩༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་འགྲེམས་སྟོན་ཁང་ཆེ་གྲས་ཤིག་གསར་འཛུགས་ཀྱིས་འདས་པའི་ལོ་ ༢༠ ནང་བོད་མདོ་དབུས་ཁམས་གསུམ་དུ་དེ་འབྲེལ་འགྲེམས་སྟོན་ཁང་ཉི་ཤུ་ལྷག་གསར་འཛུགས་བྱས་པའི་བརྒྱུད་རྒྱལ་སྤྱིའི་མང་ཚོགས་ཁྲོད་བོད་དོན་ལ་འཁྱོག་བཤད་སྣ་ཚོགས་བྱས་མུས་ཡིན་པའི་ཁྲོད་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནས་ད་བར་འཛམ་གླིང་སྤྱི་དང་རྒྱལ་ཁབ་བྲེ་བྲག་པ་སོ་སོའི་ནང་བོད་ཀྱི་འདས་མ་ད་གསུམ་གྱི་དངོས་ཡོད་གནས་སྟངས་ར་སྤྲོད་ཐུབ་ཆེད་དེང་དུས་དང་འཚམ་པའི་དུས་ཐུང་འགྲེམས་སྟོན་ལ་སོགས་པའི་འགྲེམས་སྟོན་སྣ་ཚོགས་ཤིག་གོ་སྒྲིག་ཞུས་མུས་ཡིན་པ་གསུངས་སོང་།

Tibet Museum Day 2024
ScreenShot: TibetTV

མཛད་སྒོའི་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་དྲུང་ཚབ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། ད་རེས་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོའི་བརྗོད་གཞི་ནི་ཤེས་ཡོན་དང་ཉམས་ཞིབ་ཀྱི་ལྟེ་གནས་ཞེས་ཆགས་ཀྱི་ཡོད་པ་ལྟར་ང་ཚོས་འགྲེམས་སྟོན་ཐོག་ནས་དུས་ཚོད་ཐུང་ངུ་ཞིག་ནང་གོ་རྟོགས་གསར་པ་གང་བྱུང་བའི་ཐོག་དེ་འབྲེལ་ཉམས་ཞིབ་ཚད་ལྡན་གནང་དགོས་པ་དང་། ལྷག་དོན་རྒྱ་གཞུང་གིས་འདས་པའི་ལོ་ཤས་ནས་བོད་ནང་དུ་འགྲེམས་སྟོན་ཁང་སྣ་ཚོགས་གསར་འཛུགས་བརྒྱུད་བོད་དོན་ཐོག་འཁྱོག་བཤད་མང་པོ་བྱས་བཞིན་པའི་ཁྲོད་འདིར་བཙན་བྱོལ་རང་དབང་ལུང་པའི་ནང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་བོད་ཀྱི་འགྲེམས་སྟོན་ཁང་གསར་འཛུགས་ཐུབ་པ་འདི་ཆེས་གནད་འགག་ཆགས་ཀྱི་ཡོད་པས་ང་ཚོས་རང་དབང་བེད་སྤྱོད་བྱས་ནས་རྒྱལ་ཁབ་གཞན་ལ་བོད་ཀྱི་བདེན་དཔང་ལུང་རྒྱུན་ར་སྤྲོད་གནང་པ་ཙམ་མ་ཟད། དུས་འདས་པ་དང་ད་ལྟའི་གནས་སྟངས་ལ་གཞིགས་པའི་མ་འོངས་ལས་འགན་གང་འདྲ་སྒྲུབ་དགོས་མིན་ཐད་ངེས་པར་དགོངས་པ་བཞེས་དགོས་ཞེས་གསུངས་སོང་།

Tibet Museum Day 2024
ScreenShot: TibetTV

དེ་རིང་གི་དུས་ཚིགས་དང་འབྲེལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་བསྟན་འཛིན་ལྷ་སྒྲོན་ལགས་ཀྱིས་རྒྱ་ནག་ནང་འདས་པའི་ལོ་ཤས་ནས་འགྲེམས་སྟོན་ཁང་ཧ་ཅང་མང་པོ་གསར་འཛུགས་གནང་བའི་དམིགས་ཡུལ་ཇི་ཡིན་དང་། དེར་རྒྱ་གཞུང་གིས་མཐུན་གྱུར་བྱེད་ཕྱོགས། ལྷག་དོན་བོད་ཀྱི་རྒྱལ་ས་ལྷ་སར་གསར་འཛུགས་བྱས་པའི་བོད་ཀྱི་འགྲེམས་སྟོན་ཁང་གི་ངོ་བོ་བཅས་དང་འབྲེལ་ནས་གསུང་བཤད་གནང་སྐབས། དེ་སྔ་ཕྱི་ལོ་ ༡༩༨༠ ཡས་མས་སུ་རྒྱ་ནག་ནང་འགྲེམས་སྟོན་ཁང་ ༤༠༠ ལྷག་ཡོད་པ་དང་། དེ་ནས་རྒྱ་ནག་དེ་བཞིན་རྒྱལ་སྤྱིའི་འགྲེམས་སྟོན་ལྷན་ཚོགས་ཀྱི་ཚོགས་མི་ཁོངས་སུ་ཞུགས་རྗེས་ཕྱི་ལོ་ ༢༠༠༨ བར་ལོ་རེར་འགྲེམས་སྟོན་ཁང་ལྔ་བཅུ་ལྔ་གྲངས། དེ་རྗེས་ལོ་རེརེ་འགྲེམས་སྟོན་ཁང་ ༢༨༠ ལྷག་གསར་འཛུགས་ཀྱིས་རྒྱ་ནག་རྒྱལ་ཡོངས་དང་ལྷག་དོན་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་ས་ཁུལ་གཞན་ཁག་གཅིག་ཏུ་འགྲེམས་སྟོན་ཁང་ཧ་ཅང་མང་པོ་གསར་འཛུགས་རྒྱ་སྐྱེད་བྱས་པ་མ་ཟད། དེར་རྒྱ་གཞུང་གིས་འགྲོ་གྲོན་ཕོན་ཆེ་བཏང་བའི་བརྒྱུད་ཕྱིའི་མི་རིགས་ཁྲོད་རྒྱལ་ཞན་རིང་ལུགས་ཀྱི་སློབ་གསོ་ཤུགས་ཆེ་སྤྲོད་རྒྱུ་དང་ཆབས་ཅིག་བོད་གཙོས་ཤིན་ཅང་དང་ནང་སོག་ཐོག་ཆབ་སྲིད་ཀྱི་རང་དབང་ཡོད་ཚུལ་ར་སྤྲོད་བྱས་ཀྱི་ཡོད་པ་སོགས་གསུངས་ཏེ་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནས་རྒྱལ་སྤྱིའི་འགྱུར་གྲོས་ལ་གཞིགས་པའི་བོད་ཀྱི་གནས་ཚུལ་བདེན་པ་ཇི་ཡིན་ར་སྤྲོད་གང་མང་གནང་དགོས་ཞེས་གསུངས་སོང་།

Tibet Museum Day 2024
ScreenShot: TibetTV

དེ་རིང་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་དང་བསྟུན་ཕྱི་དྲིལ་འགྲེམས་སྟོན་ཁང་གི་ཕྱི་ཕྱོགས་སུ་རྡ་སར་གནས་སྡོད་བོད་རིགས་སྒྱུ་རྩལ་བ་ཁག་གཅིག་ནས་རང་ཉིད་ཀྱི་དངོས་རིགས་འགྲེམས་སྟོན་གནང་སོང་བ་དང་ཆབས་ཅིག ཉིན་རྒྱབ་ཁོང་རྣམས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་གདན་ཞུས་ཀྱིས་ཕན་ཚུན་དགོངས་ཚུལ་བརྗེ་རེས་གནང་ཡོད། 

རྩ་བའི་རྒྱལ་སྤྱིའི་འགྲེམས་སྟོན་ལྷན་ཚོགས་དེ་བཞིན་ཕྱི་ལོ་ ༡༩༤༦ ལོར་གསར་འཛུགས་གནང་ཞིང་ ༡༩༧༧ ལོར་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་དང་པོ་སྲུང་བརྩི་གནང་ཡོད་པ་དང་། འདི་ལོའི་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོའི་བརྗོད་གཞི་དེ་བཞིན་ཤེས་ཡོན་དང་ཉམས་ཞིབ་ཀྱི་ལྟེ་གནས་ཡིན་པའི་སྐོར་གོ་རྟོགས་སྤེལ་རྒྱུ་ཡིན་པ་དེ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།