Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་གྲོས་ཚོགས་གོང་འོག་དང་གཞུང་འབྲེལ་མི་སྣ་ཁག་ཅིག་བཞུགས་སྒར་དུ་འཚམས་གཟིགས།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

རྒྱ་གར་སྲིད་དོན་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་བཅུ་གཅིག་གཙོས་རྒྱ་གར་གཞུང་དང་ཧི་མཱ་ཅལ་མངའ་སྡེ་གཞུང་གི་གནད་ཡོད་མི་སྣ་ཁག་ཅིག་དང་དེ་དག་གི་སྐུ་འཁོར་ནང་མི་བཅས་ཁྱོན་མི་གྲངས་ ༤༠ ཡས་མས་ཤིག་རྒྱ་གར་ཧི་མཱ་ཅལ་མངའ་སྡེ་ནང་གཞུང་འབྲེལ་ལས་དོན་དང་སླད་ཆེད་ཕེབས་གནང་བ་དང་བསྟུན་ཁ་སང་ཕྱི་དྲོར་བཞུགས་སྒར་བོད་མིའི་སྒྲིག་འཛུགས་དང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་སོགས་ལ་འཚམས་གཟིགས་ཕེབས་སྐབས་བཀའ་སྤྱི་གཉིས་ནས་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་རེད།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུས་སྤྱི་འཐུས་རྒྱུན་ལས་དང་ཚོགས་དྲུང་ལས་ཁུངས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྣེ་ལེན་གཟབ་རྒྱས་ཞུས་ཏེ་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་བོད་མིའི་རྩ་དོན་དང་འབྲེལ་ནས་བཀའ་མོལ་གནང་བ་དང་། རྗེས་སུ་གྲོགས་ཚོགས་སུ་གདན་ཞུ་གནང་ནས་ལས་དོན་གནང་ཕྱོགས་སོགས་ཞིབ་ཕྲ་ངོ་སྤྲོད་གནང་ཡོད།

སྐབས་དེར་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཁོང་རྣམ་པས་བོད་ཀྱི་གནད་དོན་དང་འབྲེལ་ནས་༸གོང་ས་མཆོག་བཞུགས་སྒར་དུ་༸སྐུ་བཞུགས་མཛད་པ་འདིས་རྒྱ་གར་རྒྱལ་ཡོངས་ལ་བྱིན་རླབས་ཆེན་པོ་ཞིག་ཐོབ་པ་མ་ཟད་རྒྱ་གར་གྱི་མཚན་སྙན་ཡང་ཆེ་རུ་ཕྱིན་ཡོད་སྐོར་གསུངས་སོང་ཞེས་འགྲེལ་བརྗོད་དང་སྦྲགས། ལྷག་དོན་ཚོགས་གཙོའི་ངོས་ནས་གཞིས་བཞུགས་བོད་མིའི་དཀའ་ངལ་སེལ་ཐབས་དང་དང་འབྲེལ་བོད་དོན་དོན་བདེན་མཐའ་སེལ་ཐབས་དང་། བོད་མིའི་ཆོས་དང་རིག་གཞུང་། ལེགས་བྱང་། སྐད་ཡིག་སོགས་སྲུང་སྐྱོབ་གནང་བར་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད། དེས་ན་རྒྱ་གར་གཞུང་མང་གཉིས་ནི་ང་ཚོ་བོད་མིར་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན་ཞེས་ཞུས་ཡོད་པ་རེད།

ནུབ་བྷེང་གྷལ་མངའ་ཁོངས་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Shri. Sunil Kumar Mondal མཆོག་ལ་ཐེངས་འདིའི་འཚམས་གཟིགས་དང་འབྲེལ་ཏེ་གཟིགས་ཚུལ་དང་། བོད་དོན་སླད་དགོངས་པ་གང་ཞིག་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་བཞུགས་སྒར་དུ་བཅར་དོན་གཙོ་བོ་ནི་༸གོང་ས་མཆོག་དང་མཇལ་མོལ་ཞུ་རྒྱུ་དང་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་འགྲོ་ལུགས་ལ་གཟིགས་ཞིབ་ཆེད་ཡིན་པར་གསུངས་སོང་བ་དང་འབྲེལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་མཇལ་དཀའ་བའི་ཚད་མཐོའི་གནད་ཡོད་མི་སྣ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་བོད་དུ་བཙན་འཛུལ་བྱས་པ་ནས་བཟུང་སྟེ་རྒྱ་གར་གཞུང་ནི་བོད་མི་དང་མཉམ་དུ་ཡོད་པ་ལྟར་དུས་ད་ལྟ་དང་མ་འོངས་པ་ལའང་རྒྱ་གར་གཞུང་མང་གཉིས་ནི་བོད་མི་དང་ལྷན་དུ་ཡོད་ངེས་རེད་ཅེས་གསུངས་ཡོད།

རྒྱ་གར་གཞུང་འབྲེལ་གྱི་གནད་ཡོད་མི་སྣས་བོད་མིའི་སྒྲིག་འཛུགས་སུ་འཚམས་གཟིགས་གྲུབ་པའི་རྗེས་སུ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་མཇལ་ལ་ཆེད་ཕེབས་གནང་བ་དང་། དེའི་རྗེས་སུ་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་བོད་ཀྱི་ཟློས་གར་ཚོགས་ཁང་དུ་སྐུ་མགྲོན་རྣམ་པར་རིག་གཞུང་གཞས་སྣ་ཁག་གཅིག་གཟིགས་འབུལ་དང་བཅས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། ནང་སྲིད་དྲུང་ཆེ་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས། དེ་བཞིན་དྷ་ས་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལགས་བཅས་ཆེད་བཅར་ཞུས་ཡོད།

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱ་གར་གཞུང་མང་གཉིས་ནས་འདས་པའི་ལོ་ངོ་ ༦༠ ལྷག་རིང་བཙན་བྱོལ་བོད་མི་རྣམས་ལ་རྒྱབ་སྐྱོར་དང་རོགས་རམ་གཡོ་མེད་གནང་བར་བཀའ་དྲིན་རྗེས་དྲན་ཞུས་པ་དང་ཆབས་ཅིག བོད་མི་རྣམས་ཀྱིས་ཀྱང་རང་དབང་ངང་ནས་བོད་ཀྱི་ཆོས་དང་རིག་གཞུང་། ལེགས་བྱང་བཅས་པ་མི་ཉམས་རྒྱུན་འཛིན་ཞུས་ཡོད་སྐོར་བཅས་གསུངས་སོང་།

དེ་བཞིན་ཁ་ཉིན་ཕྱི་ཚེས་ ༢༥ ཉིན་ཨོ་རི་ས་མངའ་སྡེའི་ཁོངས་དང་བྷི་ཇེ་ཌི་སྲིད་དོན་ཚོགས་པ་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Muzibulla Khan ལགས་དང་། ཆ་ཏི་སི་གྷར་མངའ་སྡེའི་ཁོངས་དང་ཀོང་རེ་སི་སྲིད་དོན་ཚོགས་པ་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ K. T. S. Tulsi ལགས་རྣམ་གཉིས་སོགས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཆེད་ཕེབས་ཀྱིས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་གཙོའི་ལས་ཁུངས་སུ་སྣེ་ལེན་དང་མཇལ་འཕྲད་ཞུས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།