Tibetan Royal Year of 2151 | Year of the Wood Dragon

རྒྱ་བལ་ནང་གི་བོད་མིའི་གཞིས་ཆགས་ཁག་ཏུ་ཁྱིམ་ཐོ་ཞིབ་བཤེར་གནང་རྒྱུ། 

Tibetan News Headlines

  • འབྲི་ཆུའི་བཞུར་རྒྱུན་དུ་ཁམས་སྡེ་དགེ་ཁུལ་གྱི་དོན་རྐྱེན་དང་འབྲེལ་ནས་གླེང་མོལ།

Saturday 02/03/2024

  • China’s dam projects in Tibet: Social and environmental impact

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་ནང་སྲིད་དང་འཕྲོད་བསྟན། ཤེས་རིག་དང་ཆོས་རིག་བཅས་ལྷན་ཁང་ཁག་བཞིས་རྒྱ་གར་དང་བལ་ཡུལ་ནང་དུ་ཡོད་པའི་བོད་མིའི་གཞིས་ཆགས་ཁག་ཏུ་ཁྱིམ་ཐོ་ཞིབ་བཤེར་གྱི་ལས་གཞི་སྤེལ་གཏན་ཁེལ་བའི་གསལ་སྒྲགས་གནང་དོན་བཞིན། དེ་འབྲེལ་བོད་མི་རྣམས་ནས་ལས་གཞི་འདིའི་ནང་མཉམ་ཞུགས་གནང་དགོས་པའི་ཞུ་སྐུལ་གནང་སོང་།

དེ་རིང་སྔ་དྲོ་གོང་འཁོད་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་བཞིའི་དྲུང་ཆེ་དང་སྐུ་ཚབ་རྣམ་པས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་ ཁྱིམ་ཐོ་ཞིབ་བཤེར་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཡོད་པ་དང་། སྐབས་དེར་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་འདས་པའི་ལོ་ངོ་ ༦༠ ནང་བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱ་གར་དང་བལ་ཡུལ་གཉིས་སུ་རྟེན་གཞི་བྱས་པའི་གཞིས་ཆགས་ཁག་དང་སློབ་གྲྭ སྨན་ཁང་བཅས་ཕྱོགས་ཡོངས་ནས་མཐུན་རྐྱེན་སྦྱོར་བཞིན་ཡོད་ཀྱང་། དེ་དག་གི་གྲངས་ཐོ་ཁ་གསལ་ཞིག་མེད་སྟབས། དེང་གི་འཛམ་གླིང་འགྱུར་འགྲོས་དང་བསྟུན་ཁྱིམ་ཐོ་ཞིབ་བཤེར་གྱི་ལས་དོན་འདི་ལྟ་བུའི་བརྒྱུད་མ་འོངས་པར་ལྷན་ཁང་ཁག་གི་ལས་འཆར་གཏན་འབེབས་གནང་རྒྱུ་སོགས་སྤྱི་ཡོངས་ནས་ཕན་ཐོགས་ཆེན་པོ་ཡོད་པར་དམིགས་ཏེ། བོད་མིའི་སྒྲིག་འཛུགས་ཀྱི་ཁྱིམ་ཐོི་ཞིབ་བཤེར་ལས་གཞི་དེ་ཉིད་སྤེལ་རྒྱུ་ཡིན་པ་གསུངས་སོང་།

འཕྲོད་བསྟེན་ལས་ཁུངས་ཀྱིས་དེ་སྔ་ཕྱི་ལོ་ ༢༠༡༧ ནས་ ༢༠༢༢ བར་ཁྱིམ་ཐོ་ཞིབ་བཤེར་ཐེངས་གཉིས་གནང་ཡོད་ཅིང་། དེའི་བརྒྱུད་དེ་འབྲེལ་ལྷན་ཁང་གི་འཆར་གཞི་ལས་དོན་ཁག་ཚགས་ཚུད་དང་དོན་ཕན་ལྡན་པ་སོགས་བྱུང་ཡོད་སྟབས། ད་རེས་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་ལྷན་ཁང་བཞི་མཉམ་རུབ་ཐོག་རྒྱ་བལ་ནང་གི་གཞིས་ཆགས་ཁག་ཏུ་ཁྱིམ་ཐོ་ཞིབ་བཤེར་གནང་རྒྱའི་ཐག་གཅོད་བྱུང་ཡོད་པ་མ་ཟད། ལས་གཞི་དེའི་ཆེད་སམ་བོ་དྷི་ཞེས་པའི་རྒྱ་གར་གྱི་ཞིབ་བཤེར་ཚོགས་པ་ཞིག་གླ་གཡར་ཞུས་ཏེ་གནང་གཏན་ཁེལ་ཡོད་པ་གསུངས་སོང་།

དེའི་སྐོར་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་སྒྲུབ་ལགས་ཀྱི་འདི་སྒར་འགྲེལ་བརྗོད་གནང་དོན་ཞིག་གོང་གི་སྒྲ་སྒམ་ནས་གསན་ཐུབ།

གསར་འགོད་ལྷན་ཚོགས་ཐོག་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་ཀྱིས་ཀྱང་། དུས་ཀྱི་དགོས་མཁོ་དང་མཐུན་པའི་ལས་གཞི་འདིའི་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་ལྷན་ཁང་ཁག་བཞི་ནས་མ་འོངས་པར་ཕུང་རྒྱང་རིང་པོའི་འཆར་གཞི་བཀོད་རྒྱུར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པ་སོགས་གསུངས་ཡོད།

རྩ་བའི་ལས་གཞི་འདིའི་ནང་གཙོ་བོ་ཕྱག་ལས་གནང་མཁན་ས་གནས་འགོ་འཛིན་ལས་ཁུངས་ཁག་ཡིན་པ་ལྟར། ཟླ་བ་འདིའི་ཚེས་ ༡༧ ནས་དབུ་འཛུགས་བརྒྱུད་རྒྱ་གར་དང་བལ་ཡུལ་ནང་ཞིབ་བཤེར་གྱི་ཕྱག་ལས་གནང་མཁན་དབུས་ས་གཉིས་ཀྱི་འབྲེལ་ཡོད་ལས་བྱེད་ཚོར་ཟབ་སྦྱོང་ཁག་བདུན་ཙམ་གནང་རྒྱུ་ཡིན་འདུག་པ་མ་ཟད། ཁ་སང་ཕྱི་ཚེས་ ༡ ཉིན་རྒྱ་གར་རྒྱལ་ཡོངས་དང་བལ་ཡུལ་བཅས་སྡེ་ཚན་བཞི་ལ་བགོས་ཏེ་ཚོགས་འདུ་རིམ་པ་ཚོགས་མུས་རེད་འདུག

གསར་འགོད་ལྷན་ཚོགས་གྲུབ་མཚམས་གསར་འགོད་པའི་བཅར་དྲིར་དང་ལེན་ཁྲོད་ནང་སྲིད་དྲུང་ཆེ་ལགས་ཀྱིས། སྤྱིར་ད་ལྟའི་འཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་སྡོད་ཁང་གི་བཀའ་ངལ་འཕྲད་མུས་ཡིན་པའི་བོད་མི་ ༢༠༠༠ ལྷག་གི་ཐོ་གཞུང་ཡོད་འབྱོར་ཡོད་པ་དང་འབྲེལ། མ་འོངས་པར་གཞིས་ཆགས་ཀྱི་ཐོབ་ཁུངས་མི་དགོས་པའི་ཐོ་གཞུང་ཡང་ལས་གཞི་དེའི་བརྒྱུད་ནས་ཁ་གསལ་ཆགས་ངེས་ཡིན་པ་སོགས་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།